ཨེ་མ་ཧོ།
ན་མོ་གུ་རུ་ཨེ་མ་ཧོ།།
༼༡༽
སྤྲོས་བྲལ་ཆོས་སྐུའི་ངོ་བོ་ལས།།
ལྷུན་གྲུབ་ལོངས་སྐུའི་རང་བཞིན་གསལ།།
ཐུགས་རྗེ་སྤྲུལ་སྐུའི་འགྲོ་དོན་ཅན།།
དྲིན་ཆེན་རྩ་བའི་བླ་མ་མཇལ།།
༼༢༽
དད་གུས་དམ་ཚིག་སྙིང་ལ་འ྄ཆང་།།
ཀ་དག་ལྷུན་གྲུབ་རིག་རྩལ་སྐྱོང་།།
བསྟན་འགྲོའི་དོན་ཆེན་སྒྲུབ་པའི་མགོན།།
མཁན་པོ་དྲི་མེད་ཟླ་བ་མཇལ།།
༼༣༽
གློ་བུར་དག་པའི་ཞིང་དུ་བཤེགས།།
རྟེན་འབྲེལ་དུས་སུ་སྨིན་པའི་ཚེ།།
སླར་ཡང་ཡང་སྲིད་འཁྲུལ་བྲལ་བ།།
ཨོ་རྒྱན་ཡེ་ཤེས་རྡོ་རྗེ་མཇལ།།
༼༤༽
ཤར་ནུབ་གསོ་རིག་སྲོལ་བཟང་ལ།།
ཚུལ་བཞིན་སྤྱོད་པའི་ཕན་བདེའི་གར།།
ཅི་དགར་སྨན་པའི་ཕྲིན་ལས་ཅན།།
དགེ་རྒན་ཀུན་བཟང་ཆོས་སྒྲོན་མཇལ།།
༼༥༽
སྲིད་གསུམ་རྣམ་པར་རྒྱལ་བའི་དཔལ།།
ཕ་མེས་རྒྱུད་པའི་དབོན་སྤྲུལ་རིགས།།
དབྲ་ཆེན་བསེ་ཁྱུང་འབྲེལ་བའི་གཉེན།།
ཕུ་ནུ་སྤུན་ཟླ་ཕལ་ཆེར་མཇལ།།
༼༦༽
ཨེ་ཝཾ་རིག་པའི་ཆོས་སྨན་ཁང་།།
གནས་ལྔ་བརྩོན་པའི་སློབ་བུ་རིགས།།
བྱམས་དང་སྙིང་རྗེའི་བདག་ཉིད་ཅན།།
གངས་྄ཕྲུག་སྐལ་བཟང་སློབ་བུ་མཇལ།།
༼༧༽
ཡིད་བཞིན་ནོར་བུའི་སྐུ་ཚ་དངོས།།
སྐད་གཉིས་སྨྲ་བའི་རིག་པ་འཛིན།།
བཀའ་ཆོས་གཉེར་བའི་ཆོས་བདག་མཆོག།
ལྕགས་ཁུང་བླ་མ་ཚེ་དབང་མཇལ།།
༼༨༽
སྦས་ཡུལ་བཞུགས་པའི་མཛའ་ན་མོ།།
བདེ་ཆེན་ཡེ་ཤེས་བསྐྱེད་པའི་གྲོགས།།
རྨི་ལམ་ཞིང་གི་གཏེར་ཡུམ་མཆོག།
མཁའ་འགྲོ་ཚེ་རིང་དཔལ་སྒྲོན་མཇལ།།
༼༩༽
ཕན་བདེ་སྒྲུབ་པའི་གསོ་ཐབས་པ།།
ལུགས་གཉིས་མ྄ཁྱེན་པའི་སྙིང་རྗེ་ཅན།།
ནུབ་྄ཕྱོགས་གངས་རིའི་ཞིང་འབྲོག་བདག།
སྙིང་གྲོགས་མགོན་པོ་ཡབ་ཡུམ་མཇལ།།
༼༡༠༽
གནས་གསུམ་མཁའ་འགྲོ་ཚེ་ཡི་བདག།
ལྷ་ལྕམ་མནྡ་ར་ཝ་ཉིད།།
བསམ་བཞིན་སྤྲུལ་པའི་ཟློས་གར་པ།།
རིག་འཛིན་དབྱངས་ཅན་ལྷ་མོ་མཇལ།།
༼༡༡༽
སྣང་སྲིད་དག་པའི་སྣང་བ་ཡིས།།
འཛམ་གླིང་སྐྱོབ་པའི་ཕ་མ་དངོས།།
ཆོས་རིགས་སྨྲ་བའི་དེད་དཔོན་མཆོག།
ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་མཇལ།།
༼༡༢༽
སྔ་འགྱུར་བསྟན་པའི་སྲོག་ཤིང་ཆེ།།
ལུགས་གཉིས་དཔལ་ལ་བྱང་ཆུབ་པ།།
ཆོས་བརྒྱད་བདུད་ལས་རྣམ་རྒྱལ་བ།།
རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་མཇལ།།
༼༡༣༽
ཉམ་ཐག་སྐྱོབ་པའི་དགེ་བའི་བཤེས།།
རིས་མེད་བསྟན་པ་དད་གུས་ཅན།།
ཕྱོགས་མེད་འགྲོ་དོན་སྐྱོང་བའི་མགོན།།
རྒྱ་བླ་ཧད་ཐོལ་ཆོས་རྒྱལ་མཇལ།།
༼༡༤༽
སྒྲུབ་བརྒྱུད་གངས་ཀྱི་རི་བོ་ལ།།
གཡུ་རལ་མཛེས་པའི་སེངྒེ་མཆོག།།
མི་ལ་རས་པའི་རྟུལ་ཞུགས་ཅན།།
ཨ་ཇོ་འཇམ་དཔལ་བཟང་པོ་མཇལ།།
༼༡༥༽
ངེས་འབྱུང་བཅོས་མིན་ཐུགས་ལ་གཏམས།
བྱང་ཆུབ་སེམས་ལ་མངའ་དབང་འབྱོར།།
གསང་ཆེན་བསྟན་པའི་རྒྱུད་འཛིན་བ།།
རྣལ་འབྱོར་ཆོས་ཉིད་རྡོ་རྗེ་མཇལ།།
༼༡༦༽
གཏེར་གསར་གཅོད་པའི་ཚོམ་བུ་བཀོད།།
རས་པ་ཚོགས་པའི་དཀྱིལ་འཁོར་གཤམས།།
བདེ་དྲོད་ཁྲོམ་ཐོག་ཁྱབ་གདལ་འཁན།།
གདུང་སྲས་དགའ་རབ་རྡོ་རྗེ་མཇལ།།
༼༡༧༽
ལམ་རིམ་ཆོས་ལ་ཉམས་བཞེས་མཛད།།
སྔགས་རིམ་བསྟན་པའི་རྩ་བ་བརྟན།།
མདོ་སྔགས་རིས་མེད་ཉམས་རྟོགས་ཅན།།
གཞན་ཕན་སྤྲུལ་སྐུ་རིན་ཆེན་མཇལ།།
༼༡༨༽
དུས་གསུམ་རྒྱལ་བའི་རང་གཟུགས་མཆོག།
བསམ་བཞིན་འགྲོ་ཁམས་འདྲེན་མཁས་པ།།
གཏེར་གསར་རྒྱུད་པའི་ཤིང་རྟ་བ།།
བདུད་འཇོམས་པདྨ་གེ་སར་མཇལ།།
༼༡༩༽
དོལ་པོའི་གད་དཀར་རི་བོ་རུ།།
མཁས་གྲུབ་རྒྱུད་པའི་སྲོལ་བཟང་འཛིན།
ཡབ་མེས་ཆོས་སྐྱོང་མགོན་པོའི་སྲས།།
ཡང་སྤྲུལ་རིག་འཛིན་མཆོག་གྲུབ་མཇལ།།
༼༢༠༽
གངས་རིའི་མགོན་པོའི་རྣམ་རོལ་བ།།
འཛམ་གླིང་ཞི་བདེའི་ལམ་སྟོན་ནས།།
གནའ་དེང་འཁོར་འདས་ཆོས་དཔོན་རྗེ།།
སྐྱབས་མགོན་རྒྱལ་བའི་དབང་པོ་མཇལ།།
༼༢༡༽
གཅིག་ཤེས་ཀུན་གྲོལ་གདམས་པ་མཆོག།
རང་བཞིན་རྫོགས་པ་ཆེན་པོ་ཡི།།
གནས་ལུགས་རྟོགས་པའི་གྲུབ་ཐོབ་པ།།
གཏེར་ཆེན་འབྲུག་སྒྲ་རྡོ་རྗེ་མཇལ།།
༼༢༢༽
གླིང་པ་བརྒྱད་ཀྱི་ཡ་གྱལ་བ།།
འཁོར་འདས་རོ་མཉམ་རང་ཤར་པ།།
རྟེན་འབྲེལ་གནད་ལ་དབང་འབྱོར་པའི།།
ཧཱུཾ་ཏྲཾ་རཏྣ་གླིང་པ་མཇལ།།
༼༢༣༽
བཅུ་ཕྲག་རིག་པར་བྱང་ཆུབ་པས།།
ཀུན་གཟིགས་ཞྭ་ལྷམ་རབ་འབྱམས་ཞེས།།
མདོ་དབུས་ཁམས་སུ་ཡོངས་གྲགས་པའི།།
འགྱུར་མེད་ཆོས་ཀྱི་སེངྒེ་མཇལ།།
༼༢༤༽
སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ།།
ལུགས་གཉིས་ཕྱུག་པའི་བསྟན་པ་འཛིན།།
གསུམ་ལྡན་རྡོ་རྗེ་འཆང་ལ་དབང་།།
སོག་སྤྲུལ་བསྟན་འཛིན་རྡོ་རྗེ་མཇལ།།
༼༢༥༽
གནང་དེང་རིག་པའི་འབུམ་རམས་པ།།
ཁྱད་པར་འོད་གསལ་སྙིང་ཐིག་གི།
བསྟན་པ་སྲོག་ལས་གཅེས་པར་སྐྱོང་།།
དབྱིན་སྤྲུལ་དཔལ་ལྡན་རྒྱ་མཚོ་མཇལ།།
༼༢༦༽
འཁོར་བའི་ཆོས་ལ་ཞེན་པ་ལོག།
མྱང་འདས་བསྟན་པའི་རྩ་བ་བརྟན།།
དཀའ་སྤྱད་བཟོད་པའི་ཐུགས་དམ་ཅན།།
སྐྱེན་སྤྲུལ་འཇམ་དབྱངས་གྲགས་པ་མཇལ།།
༼༢༧༽
དཀའ་སྤྱད་དམ་པ་ཆོས་ལ་མཛད།།
འཆད་རྩོད་རྩོམ་པར་མི་ཚེ་བསྐྱལ།།
དགེ་ལེགས་བྱེ་བའི་འབྱུང་གནས་ཆེ།།
དཀར་མཛེས་ཆོས་ཀྱི་རྒྱལ་མཚན་མཇལ།།
༼༢༨༽
གསང་ཆེན་སྔགས་འཆང་རིག་པ་འཛིན།།
བཀའ་གཏེར་ཆོས་འབྱུང་བསྟན་པ་སྐྱོང་།།
བཤད་སྒྲུབ་ཕྲིན་ལས་ཚུལ་བཞིན་སྤེལ།།
སློབ་དཔོན་སྣ་ཚོགས་གཟུགས་ཅན་མཇལ།།
༼༢༩༽
ཚན་རིག་དཔལ་འབྱོར་རིགས་པར་ལྡན།།
རྡོ་རྗེ་ཕུར་པའི་བཀའ་བབས་པ།།
སྦས་པའི་རྟུལ་ཞུགས་སྤྱོད་པ་ཅན།།
རྒྱལ་སྲས་དཔལ་ལྡན་དབང་ཕྱུག་མཇལ།།
༼༣༠༽
མི་ཚེ་དམ་པའི་ཆོས་ཀྱིས་འཚོ།།
བྱམས་དང་སྙིང་རྗེའི་རང་གཟུགས་ཅན།།
དམ་པའི་ཡོན་ཏན་ཀུན་ལྡན་པ།།
དྲིན་ཆེན་ཨོ་རྒྱན་སྒྲོལ་མ་མཇལ།།
༼༣༡༽
ང་ལ་སངས་རྒྱས་དངོས་སུ་མཐོང་།།
ཁོང་ལ་འཁོར་འདས་ཡོན་ཏན་ཕྱུག།
ཚེ་རབས་འབྲེལ་བའི་སློབ་མའི་མཆོག།
འཇར་མན་དཔལ་ལྡན་མཁས་གྲུབ་མཇལ།།
༼༣༢༽
སྒྲུབ་བརྒྱུད་གོང་མའི་བསྟན་པ་འཛིན།།
སྦྱོར་དྲུག་གནད་ཀྱི་མན་ངག་སྐྱོང་།།
ཕྱག་རྒྱ་ཆེན་པོའི་ཕྲིན་ལས་སྤེལ།།
སྐྱབས་མགོན་རྒྱབ་ར་རིན་ཆེན་མཇལ།།
སྐད་རིགས་གཙང་མའི་བརྒྱུད་པ་འཛིན།།
ཆོས་རིགས་སྨྲ་བའི་སྤྱོད་པ་ཅན།།
དད་གུས་དག་སྣང་རབ་ལྡན་པའི།།
སྐལ་བཟང་སྐྱེས་བུ་དུ་མ་མཇལ།།
སྤྲེལ་ལོ་ནང་གི་མཇལ་སྐོར་བ།།
མཁན་ཆེན་དཔལ་དགྱེས་རྡོ་རྗེ་ཡི།།
ལས་སྨོན་བཟང་པོ་དག་སྣང་རིགས།།
གང་དྲན་མེ་ལོང་གཟུགས་བཞིན་བཀོད།།
ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་རྒྱལ་ཟླའི་དབང་ཕྱོགས་རྒྱལ་བ་དང་པོར་དབྱིན་ཡུལ་ཛྙཱ་ན་གུ་རུའི་ལྷ་ཁང་དུ་ཤྲཱིས་བགྱིས་པར་དགེའོ།། །།