ཡཱན་ཧོང་པེན།
པདྨ་ཆོས་སྒྲོན་གྱིས་བསྒྱུར།
གླག་རག་མོ་ནང་བཞིན་གྱི་དཔའ་རྒོད་དེའི་རང་ལུས་མེ་མཆོད་བཏང་། སྐྱ་མདོག་གི་གོན་པའི་མཆན་འོག་གཉིས་ནས་དམར་སེར་འོད་མདངས་ཀྱི་མེ་ལྕེ་དགུང་ལ་མཆེད། ཤ་རློན་པ་མེ་རུ་འབར་བའི་ན་ཟུག་ཁྲོད་ནས། དཔའ་རྒོད་གང་ཉིད་ཀྱིས་མེ་རླབས་རྡོག་པས་བརྫུས་ཤིང་ཕྱག་རྒྱས་རྣམ་པར་མཛེས་པའི་གར་གྱི་སྟངས་སྟབས་བསྒྱུར་པ་ན། དམར་པོ་མེ་དང་དེའི་དུ་ཞགས་ཀྱིས་དེ་མ་ཉིད་དུ་དཔའ་བོའི་རྟོགས་བརྗོད་ཀྱི་སྙན་རྩོམ་ཁད་ཀྱིས་དཀྲོགས་པ་ནི “བོད་རང་བཙན་གྱི་འབོད་སྒྲའོ”།
དེ་ནི་ཕྱི་ལོ་༡༩༩༨ ལོའི་ཟླ་ ༤ ནང་ལྡི་ལི་གསར་བར་བྱུང་བའི་རྣམ་པ་རེད། སྐབས་དེར་བོད་པ་ཚོས་རྒྱ་དམར་གཞུང་གི་བྱེད་བབས་ལ་ཟས་བཅད་ངོ་རྒོལ་བྱེད་ཀྱིན་ཡོད། དཔའ་བོས་སྐུ་ལུས་མེ་རུ་འབར་བ་དང་ཆབས་ཅིག་ལོ་རྒྱུས་ཀྱི་མེ་ཁ་སླར་ཡང་གསོས། ཐེངས་དེའི་ཟས་བཅད་ངོ་རྒོལ་དེ་བཞིན་ཚེ་སྲོག་གསེར་མདོག་གི་མེ་ལྕེར་མཆོད་པའི་རྒྱུ་རུ་གྱུར་བ་དང་། དཔའ་བོ་ཁོང་གི་མཚན་ལ་ཐུབ་བསྟན་དངོས་གྲུབ་ཞེས་སུ་གསོལ།
དོན་རྐྱེན་བྱུང་རྗེས། བསིལ་གྲིབ་འོག་ཏུ་བཞུགས་པའི་གྲྭ་རྒན་ཞིག་སྐད་མགོ་དམའ་མོས། ཐུབ་བསྟན་དངོས་གྲུབ་ཀྱི་བྱ་སྤྱོད་གསུང་རབ་ཀྱི་དགོངས་དོན་དང་འགལ་ཡོད་སྟབས། ཁོང་ལ་མི་ལུས་ཐོབ་རྒྱུ་ཁག་པོ་རེད་ཟེར་ནས་བསྙོན་འཛུགས་བྱས། ཅིན་ཧྲིན་པེ་ཡིས་སྐྱོན་འཛུགས་དེའི་ཁྲོད་ནས་མི་སེམས་ཀྱི་ཆེས་རྫོབ་པའི་ཕྱོགས་དེ་མཐོང་སོང་། སྐྱོན་འཛུགས་བྱེད་དོན། ཁོ་བོར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ནང་བཞིན་འཐབ་རྩོད་ཆེད་གཅེས་སྲོག་ལེགས་སྐྱེར་འབུལ་རྒྱུའི་བློ་ཁོག་མེད་པ་དེ་ཁོ་ནས་རེད།
ཐུབ་བསྟན་དངོས་གྲུབ་ལགས་ནང་བའི་ཆོས་སྒོར་ཞུགས་མྱོང་མཁན་ཞིག་ཡིན་སྟབས། སྐྱེས་བ་སྔ་ཕྱི་ཁས་ལེན་པའི་ཁར། རང་སྲོག་རང་གིས་བཅད་པའི་ཉེས་དམིགས་ཀྱིས། སྐལ་བ་དཔག་མེད་ཅིག་ལ་ཚ་དམྱལ་གྲང་དམྱལ་བཅོ་བརྒྱད་འགྲིམས་ནས་སྡིག་སྦྱོང་བྱེད་དགོས་པ་མཁྱེན་ཤག་རེད།
ཡིན་ནའང་། ཁོང་གིས་ཕྱིར་མི་བཟློག་པའི་དམ་བཅས་ཏེ་རང་ལུས་མེ་མཆོད་ལ་ཕུལ་ཅིང་། སྐྱེ་བ་ད་ཐེངས་རང་དབང་གི་འགན་འཁྲིའི་ཆེད་དུ་བཏང་། དཔའ་བོ་ཐུབ་བསྟན་དངོས་གྲུབ་གྱིས་སྐྱེ་བ་དཔག་ཏུ་མེད་པ་ཞིག་ལ་རང་སྲོག་བཅད་པའི་ཉེས་དམིགས་ཀྱིས་སྡིག་སྦྱོང་བྱ་དགོས་ཀྱང་། བོད་མི་རིགས་ཀྱིས་རང་དབང་གི་ཆེད་དུ་ཁྲག་གི་མཚོ་བསྐྱིལ་རུས་པའི་རི་བརྩིགས་པ་དེར། ཁོང་གིས་ཚེ་སྲོག་གི་འགྲོ་གྲོན་དང་རྨང་རྡོ་བཏང་ཞིང་། དེས་སྟོབས་ཀྱིས་ཁོང་བོད་མི་རིགས་ཀྱི་རང་དབང་གི་ལྷ་སྐལ་ཆགས་པ་རེད། རྣམ་པར་མཛེས་པའི་ཚེ་སྲོག་མཆོད་པར་ཕུལ་བ་ནི་ནང་པའི་ལྟ་སྤྱོད་དང་རྒྱབ་ཕྱོགས་པ་ག་ལ་ཡིན། སངས་རྒྱས་ཀྱིས་འགྲོ་བ་སེམས་ཅན་རྣམས་སྡུག་བསྔལ་གྱི་ཀློང་ནས་སྐྱོབ་པར་མཁོ་བའི་སྙིང་རྗེ་ཆེན་པོའི་འགྲེལ་བརྗོད་ཀྱང་། ཇི་སྲིད་འཁོར་བའི་སྡུག་བསྔལ་གནས་གྱུར་ན། དེ་སྲིད་སངས་རྒྱས་ཀྱིས་ཀྱང་སྲིད་པ་བཟུང་གྱུར་ནས། འགྲོ་བ་སུ་ལ་སྡུག་བསྔལ་ཡོད་ན་དེ་ཉིད་ཐར་བར་བྱེད་པའི་ཤེས་པ་དང་རྟོགས་པ་གནང་གི་ཡིན་ཞེས་གསུངས་བ་ལོས་ཡིན།
ཐུབ་བསྟན་དངོས་གྲུབ་ལགས་ཀྱི་ཞལ་ཆེམས་ནང་ “ རང་ཉིད་ལ་འདི་ལྟ་བུའི་གོ་སྐབས་ཤིག་བྱུང་བ་ནི་བསོད་ནམས་བསགས་པ་ཡིན་བསམ་པ་ལས། བློ་འགྱོད་རྩ་ནས་མེད་ ” ཞེས་གསུངས་ཡོད། དེ་ནི་ཤ་རུས་ཕྱེ་མར་འཐག་པའི་ན་ཟུག་འོག་གི་བདེ་སྐྱིད་ཡིན་ལ། དེ་ནི་ཕངས་སེམས་དང་ན་ཟུག་ཟུང་འབྲེལ་གྱི་བདེ་སྐྱིད་ཡིན། དེ་ནི་ནང་པའི་སྙིང་སྟོབས་ཀྱི་མཛེས་པའི་དྭངས་མ་དང་། བོད་མི་རིགས་ཀྱིས་རང་དབང་གི་ཆེད་དུ་དཀའ་ཐུབ་སྤྱད་པའི་སྡུག་བསྔལ་ཡིན། ཅིན་ཧྲིན་པེ་ཡིས་རང་སེམས་མེ་ཏོག་གི་ཕྲེང་བར་བསླེས་ནས་ཐུབ་བསྟན་དངོས་གྲུབ་ཀྱི་པུར་གདུང་དུ་འབུལ་ངེས་ལ། ཁོས་དཔའ་བོ་མེ་རུ་འཐུམ་པའི་དུ་ཞགས་དེ་རང་གི་བསམ་བློའི་བླ་མཁར་ལ་མཆོད་ཡོད།
དེ་སྔོན། རང་གིས་རང་ལ་དམངས་གཙོ་དོན་གཉེར་བ་དང་སྙན་ངག་པར་བཏགས་པའི་རྒྱ་མོ་ཞིག་ཡོད། མོས་ཧོབ་ཚོད་ཀྱིས། དུད་སྤྲིན་ཀློང་ལ་འཐིམ་པའི་དཔའ་བོ་ཁོང་གིས་རང་གི་ཚེ་སྲོག་གི་རིན་ཐང་ཤེས་ཀྱི་མི་འདུག་ཟེར་ནས་ཁྲེལ་དགོད་བྱས། མི་ཚེ་ཕྱེད་ཀའི་ལོ་ཟླའི་འཁོར་འགྲོས་བརྒལ་ཟིན་པའི་རྒྱ་རྒན་མ་འདིས། རང་ཉིད་ད་དུང་ན་གཞོན་ཡིན་པའི་སྣང་བ་འཁྲུལ་ནས་སྐག་རྩི་བྱུགས་ཏེ་འཇོར་སྒེག་ཏོད་ཁུལ་བྱས་ཤིང་། མོས་འཕུང་ཤ་སྐམ་པོ་དེ་རྒྱལ་སྲས་མེ་ཏོག་གཙགས་མའི་ལྭ་རིང༼རྒྱས་ཆུ་ཕཱོ་ཟེར༽གིས་དམ་པོར་དཀྲིས་པ་བཅས་ནི། ད་འོ་ན་ཚེ་སྲོག་ལ་རིན་ཐང་སྤྲོད་ཤེས་པའི་མཚོན་དོན་རེད་དམ། ཡིན་ནའང་། ལོ་ཟླའི་འཁོར་བསྐྱོད་ཀྱི་གྲངས་རྩིས་དེས་མོེར་ཡོངས་སུ་ཕམ་ཁ་སྤྲད་འདུག་པ་ནི་གླེན་པ་ལུག་གིས་ཀྱང་གསལ་བོ་མཐོང་ཐུབ་པ་ཞིག་རེད།
ཁོ་མོས་གཞོན་ཚུགས་དོད་པོའི་གཟབ་སྤྲོས་དེ་ཡིས་མོ་རང་མན་ཇུའི་སྐབས་ཀྱི་གཞུང་གཉེར་གཞང་བཙོང་མ་ཚོ་དང་མཉམ་དུ་སྦྲེལ་ཡང་། མོ་རང་ད་དུང་ལང་ཚོའི་མེ་ཏོག་འཐོར་མ་ཐག་གི་གཞང་བཙོང་མ་ཚོར་འགྲན་ཐབས་མེད་པས། མོ་ནི་ནམ་ཡང་རང་ཉིད་ལ་གདེངས་ཚོད་དང་རང་ཚུགས་མེད་པའི་ཆུ་བྱ་གག་པ་ཙམ་ལས་འདས།
ཅིན་ཧྲིན་པེ་ཡིས། གདོང་པར་སྐག་རྩི་བྱུག་ནས་བྱ་སྒོང་ནང་བཞིན་བཟོས་འདུག་པའི་བུད་མེད་དེའི་རང་བཞིན་ལ་ཞེ་མེར་ལངས་ཞོར། མོ་ནང་བཞིན་ “ཐ་ཤལ་འབག་བཙོག་གི་གནས་སྟངས་དེ་འདྲ་ཞིག་གིས། དམར་བོ་མེ་ཡི་གཤོག་པར་བཞོན་ནས་ཨ་སྔོན་དབྱིངས་སུ་འཕུར་བའི་གླད་རྒོད་དེར་འཕྱ་སྨོད་ཕོད་པར་ཡ་རེ་མཚན ”
དེང་སྐབས་རང་ཉིད་རང་དབང་གི་ཤེས་ཡོན་ཅན་ཡིན་པར་ཁས་ཆེ་མཁན་གྱི་རྒྱ་རྒན་དེ་ཚོར། དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལས་གཞན་གཅེས་ཀྱི་ཐུགས་དགོངས་ཟབ་མོས། གཅེས་བའི་ཚེ་སྲོག་སྤྱིན་པར་བཏང་སྟེ་མཚོན་པར་བྱེད་པའི་གནས་ལུགས་དེ་རྟོགས་ཐུབ་པའི་ནུས་པ་མེད་ལ། མདོར་ན། མི་རིགས་ཤིག་ལ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ནང་བཞིན་རང་ཉིད་སྐྱིད་ཉལ་བརྒྱབས་ཏེ་རུལ་སོང་བའང་མ་ཚོར་བར་མ་བསྡད་པར། རང་གི་ཚེ་སྲོག་གིས་ལོ་རྒྱུས་ལ་རྗེས་དཔག་གི་རིན་ཐང་སྤྲོད་ཤེས་མཁན་ཡིན་ན་ཡང་འདྲ། སྲོག་གཏའ་མར་བཞག་ནས་རང་དབང་གི་སྙན་ངག་འབྲི་མཁན་མེད་པ་ཡིན་ན། མི་རིགས་གང་དེའི་རང་དབང་གི་ལས་སྐལ་མངོན་དུ་བསྒྱུར་ག་ལ་ཐུབ།
རྒྱ་ནག་གི་རང་དབང་རིང་ལུགས་ཀྱི་ཤེས་ཡོན་པར་ཁས་ཆེ་མཁན་རེ་འགས། ཝ་ལྟར་གཡོ་སྒྱུ་ཆེ་བའི་ངན་གཤིས་ལ“ཞི་བདེ་”དང་“དཔྱོད་ཤེས་”ཀྱི་མིང་ཚིག་གིས་མཛེས་རྒྱན་སྤྲོས་ཏེ། དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་སྲོག་གི་རིན་ཐང་བཞག་ཤེས་ཀྱིན་མི་འདུག་ཟེར་ནས་འཕྱ་སྨོད་བྱེད་པ་ནི། ནག་ཁུང་ནང་གི་བྱི་ལའི་བློ་ཁོག་ཙམ་ལས་མེད་པའི་མི་ངན་འདི་ཚོར་ཅི་འདྲའི་ཡིད་སྐྱོ་ཞིང་བློ་ཕམ་དགོས་པ་ཞིག་རེད།
ཐུབ་བསྟན་དངོས་གྲུབ་ཀྱིས་ཞལ་རས་སྣུམ་ཚིག་ཚིག་བྱེད་ཀྱིན་པའི་གྲྭ་བ་རྣམས་ལ་སེམས་འགུལ་ཐེབས་བཅུག་སོང་ལ། ཟུངས་ཁྲག་གྲང་མོ་ཆགས་བསྡད་ཡོད་པའི་རྒྱ་ནག་གི་རང་དབང་རིང་ལུགས་པ་ཡིན་ཟེར་མཁན་ཚོར་ཡང་སེམས་འགུལ་ཐེབས་སུ་བཅུག་ཡོད་ཚོད། དེ་བས་ཀྱང་ཁྲོ་ཆུ་འཁོལ་མའི་ཟུངས་ཁྲག་ཅན་གྱི་བོད་པ་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག
བཞུགས་སྒར་རྡ་སར་དཔའ་བོ་ཐུབ་བསྟན་དངོས་གྲུབ་དུར་འཇུག་བྱེད་སྐབས། ཟང་ཟིང་མི་ཚོགས་ཀྱི་སྙིང་རླུང་སྟོད་ལ་འཚངས་བཅུག་པ་དང་། གནམ་ས་གཉིས་ཀའི་དབར་མཚམས་གདུང་འབོད་དང་ངུ་ངག་གིས་སྦྲེལ། ནམ་རྒྱུན་སེམས་པ་རྡོ་ལས་མཁྲེགས་པའི་བོད་པ་མང་པོ་ཞིག་གི་དྲན་པ་འཐོར་བ་དག་ལས། མིང་མི་ཤེས་པའི་ཕོ་གཞོན་ཞིག་གིས། རྩེ་གྲི་བཏོན་ནས་རང་གི་སྙིང་ཁར་“ བོད་རང་བཙན ” ཞེས་པའི་ཡིག་འབྲི་འདི་ཚོ་བྲིས།
ཅིན་ཧྲིན་པེ་ཁོ་རང་ཉིད་ལ་མཚོན་ན། ཆེས་བློ་ཕམ་པ་ཞིག་ནི། ཐུབ་བསྟན་དངོས་གྲུབ་དུ་ཞགས་ཁྲོད་ནས་བདེ་བར་གཤེགས་པའི་རྣམ་པ་དངོས་སུ་མ་མཐོང་བ་དང་། ཁོང་དུར་སར་སྐྱེལ་མ་བྱེད་པའི་སྐལ་བའང་མ་ལྡན་པ་དེ་རེད། འོན་ཀྱང་། སེམས་ནས་འཕྱུར་བའི་དུ་ཞགས་དེས་ཅིན་ཧྲིན་པེ་ཡིས་རང་གི་མིག་རྩ་གློ་བུར་དུ་དམར་པོ་ཆགས་པ་ཚོར། བྲང་ཁར་གྲི་ཤན་བྱས་པའི་སྒྲ་ཞིག་གིས་ཁོ་བོ་མཚན་དཀྱིལ་ནས་གཉིད་ལས་དཀྲོགས། དེ་ནི་མིང་མི་ཤེས་པའི་ཕོ་གཞོན་དེས་“ བོད་རང་བཙན ” སྙིང་ཁར་གྲི་གཤགས་བྱས་ནས་བྲིས་པའི་ཧྲག་སྒྲ་ལས་གཞན་ཅི།
གནས་ལུགས་གཞན་མི་དགོས། བྲང་གཞུང་རྩེ་གྲིས་གཤགས་པའི་ཧྲག་སྒྲ་དེ་ཉིད། ཅིན་ཧྲིན་པེ་ཡིས་མགོ་ཐོག་ཉི་མ་སེར་པོ་ཀན་ཡང་མིག་ཆུ་འཆོར་པའི་རྒྱུ་རུ་འགྱུར་བཅུག་རྒྱུའི་དམ་བཅས་པ་ཡིན།
བོད་ཀྱི་གཞོན་ནུས་ཟས་བཅད་ངོ་རྒོལ་སྐབས་ཐུབ་བསྟན་དངོས་གྲུབ་གྱི་སྐུ་སྲོག་ཤོར་བའི་རྐྱེན་གྱིས་ཡིན་ནམ། ཅིན་ཧྲིན་པེ་རྡ་སར་རྟེན་གཞི་བྱས་པའི་གཞོན་ནུའི་དབུས་ཡིག་ཚང་ལ་བཅར་སྐབས། གཟབ་ལྷིང་གི་ཚོར་ཤུགས་དྲག་པོ་བྱུང་། གཞོན་ལྷན་གྱི་ཡན་ལག་འཛམ་གླིང་གར་སར་ཡོད་པ་དང་། ཚོགས་པ་དེ་ནི་བོད་རྒྱལ་ཁབ་སླར་གསོའི་ལྟ་གྲུབ་འཛིན་མཁན་གྲས་རེད། ཅིན་ཧྲིན་པེ་ཡི་བསམ་ཚུལ་ལའང་། རྒྱལ་ཁབ་སླར་གསོ་བྱ་རྒྱུ་དེ་བོད་ཀྱི་ལོ་རྒྱུས་ཀྱི་ལས་སྐལ་དང་མཐུན་པ་ཞིག་རེད། ༼རྒྱལ་ཁབ་སླར་གསོའི་༽འདུ་ཤེས་ནང་རང་བཙན་ནམ་སྒེར་ཚུགས་ཀྱི་གནས་ལུགས་འདུས་ཡོད་ལ།༼ རང་བཙན་གྱི་འདུ་ཤེས་༽ཁོ་ནའི་ནང་བོད་ཀྱི་རྒྱལ་ཁབ་སླར་གསོ་དགོས་པའི་ལོ་རྒྱུས་ཀྱི་འོས་འགན་དང་དངོས་ཡོད་ཀྱི་ལས་སྐལ་འདུ་མི་ཐུབ་པ་དེ་ཡིན། ཇི་ལྟར་བཤད་ཀྱང་རུང་། གཞོན་ལྷན་གྱི་ལངས་ཕྱོགས་དེ་བཞིན་༸གོང་ས་མཆོག་གི་བཞེངས་ཕྱོགས་ལམ་དབུ་མ་དང་མི་མཐུན་པ་མངོན་གསལ་དོད་པོ་ཡིན། ལམ་དབུ་མ་ལབ་ན་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གི་རང་སྐྱོང་དགོས་འདུན་ལ་ཟེར།
གཞོན་ལྷན་གྱི་ཡིག་ཚང་གི་ཁང་མིག་དེ་ཚོ་ཆུང་ཆུང་རྐྱང་རེད། གུ་དོག་པའི་ཡིག་ཚང་དེའི་ནང་ཅིན་ཧྲིན་པེ་དོ་སྣང་ཤོར་ས་ནི་བརྩིགས་ངོས་ན་དཔར་རིས་ཆེན་པོ་གཉིས་འདུག་པ་དེའོ། གཅིག་ནི་གནམ་སྔོན་པོའི་འོག་ན་སྤྲིན་དཀར་གྱི་འདབ་མས་གཡོག་པའི་ཕོ་བྲང་པོ་ཏཱ་ལ་དང་། ཅིག་ཤེས་དེ་༸གོང་ས་ཏཱ་ལའི་བླ་མའི་སྐུ་སྟོད་ཀྱི་འདྲ་དཔར་གཉིས་པོ་རེད། ཕོ་བྲང་པོ་ཏཱ་ལ་ནི་བོད་ཀྱི་མཚོན་དོན་ཡིན་པ་དང་། ༸གོང་ས་མཆོག་ནི་བོད་ཀྱི་བསམ་བློའི་མཚོན་དོན་རེད། དཔར་འདི་གཉིས་ཀྱི་ཤུགས་བསྟན་གྱིས་ཀྱང་། བོད་ཀྱི་མདུན་ལམ་གནད་དོན་ཐོག་གཞོན་ལྷན་དང་༸གོང་ས་ཏཱ་ལའི་བླ་མ་དབར་གྱི་དགོངས་ཚུལ་མཐུན་མིན་ཐད་འགྲེལ་བརྗོད་མང་པོ་རྒྱག་མི་དགོས་པ་ཞིག་རེད། དགོངས་ཚུལ་མཐུན་མིན་ནི་དེ་རང་གི་ཁྱབ་ཁུངས་སུ་བཞག་ཆོག་ལ། དགོངས་ཚུལ་མཐུན་རུང་མ་མཐུན་རུང་། ༸གོང་ས་ཏཱ་ལའི་བླ་མ་ནི་བོད་མི་ཡོངས་ཀྱི་གུས་བཀུར་ཞུ་ས་ཞིག་དང་། བོད་ཀྱི་གཞོན་ནུ་ཚོགས་པའི་སེམས་ཤུགས་ཀྱི་མཚོན་དོན་རེད།
ཅིན་ཧྲིན་པེ་དང་གཞོན་ནུའི་ཚོགས་གཙོ་གཉིས་མཇལ་འཕྲད་གནང་ས་དེ། ཚོགས་གཙོའི་ཡིག་ཚང་ཡིན། སྐབས་དེའི་ཚོགས་གཙོ་ཚེ་དབང་རིག་འཛིན་ཡིན་པ་དང་། མི་དེར་རྣ་གཤོག་ཆེ་བའི་ཁྱད་ཆོས་ལྡན་ཁར། ཁོང་གི་མིག་ཟུང་ནི་ཆུ་ཡི་སྒང་བ་ཆེན་པོ་གཉིས་གནམ་ནས་ས་ལ་ཟེགས་པ་ནང་བཞིན་འོད་ཆེམ་ཆེམ་ཡོད་ཁར། མིག་རིལ་གཉིས་པོ་ཁྲག་གི་ན་བུན་འཐུག་པོས་བདུམ་ཡོད་སྟབས། རྣམ་པ་དེ་ནི་སྐུ་མདོག་དམར་ནག་ཅན་གྱི་སྲུང་མ་གང་ཞིག་དྲག་པོར་བཞེངས་པའི་སྐུ་ཞིག་དང་མཚུངས། ཉིན་མོ་དེར་ཚ་བ་ཆེ་དྲགས་ནས་ཕྱིའི་སྒེའུ་ཁུང་གི་ཤེལ་སྒོ་ཡན་ཆད་ཞུས་གྲབས་བྱེད་པ་དང་། ཡིག་ཚང་གུ་དོག་པོ་དེའི་ནང་ཡིག་ཆས་ཁེངས་འདུག་པ་ནི་ཚ་བས་སྒང་ལ་ཚ་བ་རེད། ཡིན་ནའང་། ཚེ་དབང་རིག་འཛིན་གྱིས་ནུབ་ལྭ་སྐྱ་མདོག་ཆ་འགྲིག་དེའི་འོག སྐེ་དཀྲིས་གསར་རྐྱང་ཞིག་གིས་མགུལ་དམ་པོར་བཅིངས་འདུག་མོད། ཁོང་ནི་དྲག་པོར་བཞེངས་པའི་ཤིང་སྐུ་ཞིག་ཡིན་སྟབས། ཚ་བ་འཚིགས་ཀྱིན་མེད་ལ། རྔུལ་ཆུ་དེ་བས་ཀྱང་མི་ཐོན།
སྐད་ཆ་བཤད་སྐབས། ཚེ་དབང་རིག་འཛིན་གྱིས་ཅིན་ཧྲིན་པེ་ཡི་གདོང་པར་ཐད་གར་བལྟ་རྒྱུར་འཛེམ་སོན་བྱེད། དེའི་རྒྱུ་མཚན་ཅིན་ཧྲིན་པེ་ཡིས་གསལ་བོ་རྟོགས་ཐུབ། ད་ནི་ཚེ་དབང་གིས་སྲོལ་བརྫུས་བྱེད་པ་དང་། ཡན་ན་འཚེར་སྣང་སྐྱེས་པ་གང་ཡང་མ་ཡིན་པར། ཁོང་གིས་རྒྱ་མི་ཅིན་ཧྲིན་པེ་ལ་རང་ཉིད་ཀྱི་མིག་ནང་རྒྱ་མིར་ཡིད་ཆེས་མེད་པ་དང་སྙིང་སུན་ཡོད་པའི་རྣམ་པ་དེ་ཤེས་སུ་མི་འཇུག་རྒྱུའི་ཆེད་དུ་རེད། བོད་མི་རིགས་ནི་མ་གཞི་ནས་སེམས་ཚོར་འགེབས་སྲུང་ཤེས་མཁན་ཞིག་མིན་པ་གང་ཞིག་ལ། ཚེ་དབང་རིག་འཛིན་གྱིས་མགྲོན་པོ་ཅིན་ཧྲིན་པེ་ལ་གུས་མེད་བྱེད་རྩིས་ཀྱང་མེད་སྟབས། ཁོང་གིས་མིག་ནང་ཐད་གར་བལྟ་མི་དགོས་པ་གདམས་གསེས་བྱེད་པ་ཞིག་ལོས་ཡིན། དེ་འདྲ་ཡིན་སྟབས། ཅིན་གྱིས་ཀྱང་གསལ་བོ་རྟོགས་སོང་བ་ནི། ཁོང་རྒྱ་མིར་མི་དགའ་བ་ནི། ལོ་ངོ་ཁྲི་ཕྲག་གི་ཆར་རླུང་གིས་ཀྱང་དག་ཐབས་མེད་པའི་ཁྲག་གི་བཙའ་ནང་བཞིན། ཚེ་དབང་རིག་འཛིན་གྱི་སེམས་ཀྱི་གཏིང་ལ་ཟུག་འདུག
ཚེ་དབང་རིག་འཛིན་གྱིས་ཁ་གསལ་ཞིང་འདོམ་བདེ་བོའི་ངང་རང་གི་ཞེ་འདོད་བརྗོད། ཁོང་གིས་བསམ་པར། གལ་ཆེས་ཤོས་དེ་གཞོན་ལྷན་ལ་རྒྱལ་ཁབ་བསྐྱར་གསོའི་འདུ་ཤེས་བརྟན་པོ་ཞིག་བསྐྲུན་དགོས་ཤིང་། འདུ་ཤེས་ག་འདྲ་ཞིག་ཡིན་ན་ལས་སྐལ་ཡང་དེ་འདྲ་རང་ཡིན། དེའི་རྗེས་སུ་གོ་སྐབས་ལ་རེ་སྒུག་བྱེད་དགོས་ཤིང་། མི་རིགས་སུ་འདྲ་ཞིག་ཡིན་ཡང་། རྒྱལ་ཁབ་བསྐྱར་གསོ་བྱེད་སྐབས་དེར་ལོ་རྒྱུས་ཀྱི་གོ་སྐབས་ངེས་ཅན་ཞིག་འཕྲད་དགོས་ཟེར། ཚེ་དབང་རིག་འཛིན་གྱི་སྐད་ཆ་ཁ་གསལ་བར་ལྟོས་ན་ཁོང་མི་དྲང་མོ་ཞིག་རེད་ལ། ཁོང་གི་སྐད་ཆ་འདོམ་བདེ་པར་ལྟོས་ན་མི་འདིའང་ད་དུང་རྒྱ་ནག་ལ་རྒྱུས་ལོན་ཉུང་དྲགས་པ་ཤེས་ཐུབ། ཁོང་ནི་བཙན་བྱོལ་བོད་མིའི་མི་ཐོག་གཉིས་པ་ཡིན་པ་དང་། ཨ་རི་ནས་འཚར་ལོངས་བྱུང་ཞིང་། བོད་ལའང་འགྲོ་མྱོང་མི་འདུག མ་ཟད་ཁོང་ནི་རྒྱ་ནག་གི་སྒེར་གཅོད་གཞུང་ལ་གདོང་དང་གདོང་གཏུགས་ནས་ཡོང་བའི་མཉམ་མྱོང་ཅན་ཞིག་དེ་བས་ཀྱང་མ་རེད། ཡིན་ནའང་། བོད་རྒྱལ་ཁབ་བསྐྱར་གསོ་བྱ་རྒྱུའི་གནས་ལུགས་འཇོག་སྐབས། ཚེ་དབང་རིག་འཛིན་གྱི་སྐད་ཆ་གཅིག་གིས། ཅིན་ཧྲིན་པེ་ཡིས་ཨ་རི་ནས་སྐྱེས་པའི་བོད་པ་འདི་ཚོས་རྒྱ་ནག་མི་ཤེས་པ་གསལ་བོ་ཡིན་མོད། ཁོ་ཚོས་བོད་མི་རིགས་ཀྱི་སེམས་ཁམས་ལ་གཏིང་རྒྱུས་ལོན་འདུག
ཁོང་གིས་ “རྒྱ་དམར་གཞུང་གིས་བོད་བཙན་བཟུང་བྱས་ནས་ལོ་ངོ་དྲུག་ཅུ་ཕྱིན་པའི་རིང་གི་དམར་གསོད་དང་། གཉའ་གནོན། ཆོས་དང་རིག་གཞུང་རྩ་གཏོར་བྱས་པ་བཅས་ནི། བོད་རྒྱལ་ཁབ་བསྐྱར་གསོ་དགོས་པའི་རྒྱུ་མཚན་ཡིན་ལ། བོད་མིའི་བོད་རང་བཙན་གྱི་ཆེད་དུ་ཁྲག་བཞུར་བ་ཧ་ཅང་མང་____ ཁྲག་ནི་___ རང་བཙན་དགོས་པའི་་རྒྱུ་མཚན་ཡིན” ཞེས་བརྗོད།
ཚེ་དབང་གིས་བོད་རྒྱལ་ཁབ་བསྐྱར་གསོའི་དགོངས་ཚུལ་གསུངས་བ་དེས། ཅིན་ཧྲིན་པེ་ཡི་འདུ་ཤེས་ཁྲག་ཞགས་ཀྱི་བཙའ་བརྒྱབས་པའི་ལྕགས་ཀྱི་ཡོལ་བ་ཞིག་གིས་བཏུམས་པ་དང་། ཡོལ་བ་དེའི་ངོས་སུ་རི་མོ་སྣ་ཚོགས་བྲིས་འདུག་པའི་ནང་། མེ་ཏོག་གི་ཨ་མ་རྨོ་རྨོ་ནི་ཤིང་གི་ཡལ་ག་སྐམ་པོ་ཞིག་དང་འདྲ་ལ། དུས་རབས་ཕྱེད་ཀ་འདིའི་ནང་བོད་ཀྱི་གྱེན་ལོག་དང་བྲོས་ཤོར་བ་ཚོའི་རུས་གོང་གི་བརྩིགས་པའི་མ་ཎི་རྡེའུ་འབུམ། དུས་རབས་གོང་མའི་ནང་བོད་ཀྱི་ཞི་རྒོལ་ཆེན་མོའི་ནང་། ཁམས་ཕྱོགས་ཀྱི་གྱེན་ལོག་པ་ཁག་ཅིག་གཉན་ཆེན་ཐང་ལྷའི་རི་གཤམ་ནས་དམག་ཕམ་པས་ན། རྩྭ་ཐང་ཧྲིལ་བོ་ཁོང་ཚོའི་རུས་གོང་གིས་ཁེབས་པ་དང་། བྱང་གནམ་མཚོ་ཕྱུག་མོ་ཁྲག་གིས་བསྒྱིངས། རེད་དེ། ཆུ་མོའི་རླབས་ངོགས་སུ་གཡོ་བའི་ཁྲག་གི་ཝུ་བ་ཉི་འོད་ཀྱིས་མེ་རི་སྦར་བཅུག་པ་ནང་བཞིན། རང་དབང་གི་མི་ཞིག་བྱེད་འདོད་མཁན་ཚོ་སྟེ། རྩལ་དྲུག་ལུས་སུ་རྫོགས་པའི་ཁམས་པའི་ཕོ་གསར་ཁྱུ་ཞིག་གིས། རྒྱ་མི་གུང་ཁྲན་ལ་མགོ་མ་བསྒུར་བར། སྐྱེས་འབྲས་མཚར་བའི་རང་གི་མཛའ་ན་མོ་རྗེས་ལ་ཁྲིད་ནས་བོད་བྱང་ཐང་གི་མི་མེད་ལུང་སྟོང་འགྲིམས། ཅུང་མ་འགོར་བར་ཁོ་ཚོའི་ཁ་ངོ་ཉི་མས་འཚིག་ནས་ནག་པོ་སོ་བ་ནང་བཞིན་ཞིག་དང་། ཐ་ན་བྱང་རླུང་རྩུབ་མོའི་ཁ་རྩ་ནས་ཁོ་ཚོའི་ནང་ཁྲོད་ཀྱི་ཁྲག་དང་རུས་གོང་ཚང་མ་དམར་སྨུག་ཆགས། དུས་རབས་ཕྱེད་ཀ་འདིའི་ནང་། རང་དབང་རྩོད་ལེན་བྱེད་མཁན་གྱི་དཔའ་རྒོད་མང་བོ་ཞིག་བོད་ཡུལ་སྟོད་སྨད་གང་སར་ཁྱབ་པའི་བཙོན་གྱི་ལྕགས་རར་བཅུག་ཡོད་ལ། ཐ་ན་བཙུན་པའི་ངུར་སྨུག་གི་མནབས་བཟའ་ཡན་ཆད་མནར་གཅོད་འོག་སེམས་ཚོར་དྲག་པོའི་མེ་རུ་སྦར། སྙན་ངག་པ་ཡི་མིག་ནི་ཐོ་རངས་སྐར་ཆེན་བཞིན་གསལ་བོ་ཡིན་སྟབས། མུན་ཁྲོད་དུ་བོར་བརླག་ཕྱིན་པ་རྣམས་འདི་ལྟར་བཙལ་ནས་རྙེད ༌༌༌༌༌༌༌༌༌༌༌
“ ལོས་ཀྱང་ཡིན། རྒྱལ་ཁབ་བསྐྱར་གསོ་བྱ་རྒྱུ་དེ་ཚོར་བ་གཏིང་ཟབ་མོ་ཞིག་རེད། དེར་ད་བར་ཁྲག་དང་མིག་ཆུ། རུས་གོང་གི་ཟབ་ས་བཅས་ནས་དཀའ་སྡུག་གི་མཆོད་པ་ག་ཚོད་ཅིག་ཕུལ་ཚར་བ་རེད། ལོ་རྒྱུས་ཀྱིས་མཚམས་མཚམས་ལ་དཔྱོད་ཤེས་ཀྱི་བཀོལ་པ་དང་དུ་ལེན་པ་དང་། ཕུགས་བསམ་གྱི་ལམ་ཁར་འགྲོ་ཐུབ་མོད། ཡང་སྐབས་ལན་རེར་བརྩེ་བས་ཚོར་ཤུགས་སློང་སྟེ།
དྲག་རླུང་ཐོལ་གྱིས་ལྡིང་བ་བཞིན_ _____ བརྩེ་བའི་ཚོར་ཤུགས་ཁྲག་དང་མིག་ཆུ་ལས་བྱུང་བ་ཡིན་སྟབས།
༌༌༌༌༌༌༌༌༌མི་རིགས་ཤིག་གིས་ཁྲག་དང་མིག་ཆུ། རུས་གོང་སོགས་ཀྱི་དཀའ་སྡུག་གི་འགྲོ་གྲོན་བཏང་ཚར་ཡང་། ད་དུང་རྒྱལ་ཁབ་བསྐྱར་གསོ་བྱ་རྒྱུའི་འདུ་ཤེས་མེད་ཚེ། མི་རིགས་དེ་ལ་བྱང་ཐང་གི་རྩྭ་ལྡུམ་དང་སར་སུར་རྒྱུ་བའི་རླུང་བུ་ཡན་ཆད་ཀྱིས་འཕྱ་དམོད་བྱེད་ངེས་ཡིན། མདོར་ན་བོད་ཀྱི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་བསམ་བློ་ནི་དམར་པོ་ཁྲག་གི་ཁྲུས་གསོལ་ལ་རོལ་རྗེས་དལ་གྱིས་མཁའ་ལ་འཕགས་པའི་ཉི་གཞོན་དང་འདྲ་ལ༌༌༌༌” ཅིན་ཧྲིན་པེ་ཡིས་ཚོགས་གཙོ་ཚེ་དབང་རིགས་འཛིན་ལ་ཐོན་མཇལ་བྱེད་ཁར། ཁྲག་གི་ན་བུན་གྱིས་བདུམ་པའི་མིག་ནང་ལ་ཞིབ་ལྟ་ཞིག་བྱས་རྗེས། དེ་ལྟར་བསམ་བློ་འཁོར་ཞོར་སྒོར་ཕྱིར་ཐོན།
བོད་ན་སྤྲིན་དཀར་གྱི་ཚོམ་བུ་ཇི་བཞིན་མཛེས་མ་ཁྱུ་དང་ཁྱུ་བྱས་ཡོད་ལ། བོད་མོའི་ཁྲེལ་གཞུང་ནི་རྣོ་ལྕགས་བཞུ་སྦྱངས་བྱས་པའི་ཚེམས་ཕྲེང་ནང་བཞིན་ཤིན་དུ་བརྟན། བུ་མོ་དེ་ཚོར་མཁྲེགས་རྡོ་ཡང་འཇམ་པོ་སྤྲིན་ལྟར་བསེད་པའི་མཐུ་ནུས་ལྡན་ལ། བུ་མོ་དེ་ཚོར་རླུང་ནག་འཚུབ་མའང་མེ་ཏོག་གི་འདབ་མའི་ཁུག་ནས་འཇགས་པར་བྱེད་པའི་བཟི་ཁ་མངའ། དེ་ལས་ཀྱང་དམིགས་བསལ་ཞིག་ནི། བོད་ཀྱི་མཛེས་མ་ལ་ས་སྟེང་བུ་མོའི་ནང་གི་བརླ་རིང་སྐེད་མེད་མ་ཞེས་ཡོངས་སུ་བསྔགས་པར་བྱེད། དེའི་སྟབས་ཀྱིས། ཅིན་ཧྲིན་པེ་ཐེངས་འདིེར་མཛེས་མའི་ཞིང་བཀོད་ལ་གནས་འཇལ་དུ་འགྲོ་གི་ཡོད་སྙམ་པའི་སྣང་བ་སྐྱེས་ཞོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཡིག་ཚང་ལ་བཅར། ཁོ་བོ་འཁྲུལ་སྣང་ལས་སངས་པའི་བློ་ཕམ་ཞིག་ནི། བུད་མེད་ཚོགས་གཙོ་སྒྲོལ་དཀར་ལྷ་མོའི་གཟུགས་པོ་ཆུང་བ་ལ། དེའི་ཁར་ཡག་མོ་སྒོ་ཡང་མི་འདུག དེ་ལྟ་མོད། མོ་ལ་མོ་རང་ཚོད་ཀྱི་གཡའ་དག་པའི་མིག་ཟུང་གཉིས་པོར་མི་སེམས་འགུལ་པའི་ཁྱད་ནུས་ལྡན་ལ། མིག་མདངས་དེའང་བོད་པ་གཅིག་པུར་མ་གཏོགས་མེད། རྒྱུ་མཚན། གཡའ་དྭངས་བའི་འོད་མདངས་དེའི་ནང་ན་ཁ་བའི་ལྔོངས་ཉམས་འགྱུར་ལྡན་ཡོད་པས་ཡིན།
བུད་མེད་ཚོགས་གཙོས་བཀའ་མོལ་གནང་སྐབས། གོམ་འཇགས་ལ་སོང་བའི་ལག་པ་ཐུང་ཐུང་དེ་གཉིས་ཡང་ཡང་ཕྱག་རྒྱ་བཅའ། དེ་ནི་ཚེར་མགོའི་བྱེའུ་ཆུང་ཞིག་གིས་གཤོག་ལེབ་བརྒྱག་བཞིན་པ་དང་འདྲ།
མོས་སེམས་ཐག་ཆོད་པོའི་ངང་ཅིན་ཧྲིན་པེ་ལ་བརྗོད་རྒྱུར ______༧ གོང་ས་ཏཱ་ལའི་བླ་མ་དང་ཧུའུ་ཅིན་ཐོ་གཉིས་དངོས་སུ་ཞལ་མཇལ་བྱུང་ཚེ། ༧གོང་ས་མཆོག་གི་གཟི་བྱིན་དང་ཁྱད་གཤིས་ཀྱིས་ཧུའུ་ཅིན་ཐོར་སེམས་འགུལ་ཐེབས་རྒྱུ་ཉག་གཅིག་ཡིན་སྟབས། བོད་རྒྱའི་དཀའ་རྙོག་ཀྱང་མཇལ་འཕྲད་དེ་བརྒྱུད་ནས་སེལ་འགྲོ་ངེས་རེད་ཟེར། ཨོ་ཧོ་ཧོ་༌༌༌༌༌ཚོགས་གཙོ་མོའང་རྒྱ་གཞུང་ལ་ཆ་རྒྱུས་ཉག་ཅིག་མེད་པ་གསལ་བོ་རེད། ཧུའུ་ཅིན་ཐོ་ཁོ་རང་ནས་བརྩིས་པའི་དེང་གི་རྒྱ་དཔོན་དེ་ཚོ། ཉུག་རུམ་པ་ནང་བཞིན་གྱི་དཔོན་རའི་ངན་གཤིས་བརྒྱུད་དེ་དབང་ཆའི་སྒང་སླེབས་པ་རྐྱང་ཡིན། དཔོན་རའི་མི་གཤིས་ནི་མགོ་བདེ་དྲན་འཁྲུལ་དང་ཁ་ཡག་ངོ་དགའ་འཁྲབ་མཁན་ཤ་སྟག་ཡིན། ངོ་ལྐོག་རྒྱབ་མདུན་མི་མཚུངས་བའི་མི་ངན་འདི་དག དབང་ཆའི་བྲན་དུ་ཚུད་པ་དང་། ཁེ་ཕན་ཁོ་ནའི་བསླུ་བྲིད་འོག་གནས་པས་ན། ཁོ་ཚོར་བདེན་པ་དང་སྤྱོད་ཡོན་གྱིས་བློ་འགུལ་ཐེབས་མི་སྲིད། ཆ་བཞག་ན། ༸གོང་ས་མཆོག་གི་ཁྱད་འཕགས་མི་གཞིས་གྲང་མོ་རྡོ་ལའང་སེམས་འགུལ་ཐེབས་སུ་འཇུག་ཐུབ་ཀྱང་། རུལ་སུངས་སུ་གྱུར་ཟིན་པའི་རྒྱ་དམར་གཞུང་གི་དཔོན་ངན་ཚོའི་སེམས་རྒྱུད་ནམ་ཡང་འདུལ་མི་ཐུབ།
བུད་མེད་ཚོགས་གཙོ་འདི་གྲོས་ཚོགས་ཀྱི་འཐུས་མི་ཞིག་ཀྱང་ཡིན་མོད། མོའི་བློ་རྒྱ་ཆུང་ཆུང་དེའི་ནང་རྒྱ་ནག་སྐོར་གྱི་ཤེས་རྟོགས་ཅི་གང་མེད་པ་གསལ་བོ་རེད། ཅིན་ཧྲིན་པེ་ཁོ་མོར་གུས་ཞབས་མེད་པ་མིན་ཡང་། གྲོས་ཚོགས་འཐུས་མི་ཞིག་གིས་རྒྱ་དམར་གཞུང་ལ་བཟུང་བའི་རྣམ་དག་གི་རྨི་ལམ་སྒུམ་སྟངས་དེ་དང་། བོད་གཞུང་གི་ཁ་གཏད་དུ་གྱུར་བའི་ངོ་ལྐོག་རྒྱབ་མདུན་མི་མཚུངས་ཤིང་། ཚུལ་འཆོས་དང་གཡོ་སྒྱུ་ཁོ་ནས་འཛམ་གླིང་ཟ་གི་ཡིན་ཟེར་པའི་རྒྱ་དམར་དྲག་གཞུང་གི་ལག་ནས། ཁྱེད་ཅག་གི་བོད་ཀྱི་ཆབ་སྲིད་ཁེ་དབང་སྲུང་སྐྱོབ་བྱེད་སའི་ས་ཁོད་ཅིག་གང་ན་ཡོད།
ཅིན་ཧྲིན་པེ་ཡི་བསམ་བློ་གློ་བུར་བ་འདིའི་ངོས་ནས་བལྟས་ན། མོའི་བསལ་ཚུལ་དེར་བཀུར་འོས་བའི་ཆའང་མཆིས་པ་ནི། གལ་སྲིད་མིའི་རིགས་ཀྱི་ཆབ་སྲིད་ལས་འགུལ་བ་ཐམས་ཅད་བུད་མེད་ཚོགས་གཙོ་འདི་ཇི་བཞིན། དྭངས་གཙང་གི་བྱིས་བློ་ཅན་ཤ་སྟག་ཡིན་ཚེ། ཆབ་སྲིད་ཅེས་པ་འདིའང་ཆེས་དྭངས་གཙང་གི་ཁྱབ་ཁོངས་ཤིག་ཡིན་ངེས་མོད། དེ་འདྲ་ཞིག་ག་ལ་ཡིན། ད་འོ་ན། ཆབ་སྲིད་ནི། མིའི་རིགས་ཀྱི་སྤྱི་བའི་བྱ་བཞག་གི་ཁྱབ་ཁོངས་ཤིག་ཡིན་སྟབས། དེ་ཉིད་ཅིས་ཀྱང་ལྷད་མེད་ཀྱི་རང་བཞིན་ཞིག་བཟོ་དགོས་པ་མ་ཡིན་ནམ། དྭངས་གཙང་ལྷད་མེད་ཀྱི་ཆབ་སྲིད་ནི་མིའི་རིགས་ཀྱིས་སྤྱི་ཚོགས་ཀྱི་ཕུགས་བསམ་ལ་བཅིངས་བའི་རེ་བའི་བྱེ་བྲག་ཅིག་མ་ཡིན་ནམ།
བུད་མེད་ཚོགས་གཙོས་ཅིན་ཧྲིན་པེ་ལ་ཚིག་ཐག་ཆོད་པར་བཤད་རྒྱུར། བུད་མེད་ཚོགས་པ་དང་གཞོན་ལྷན་གཉིས་མི་མཚུངས། བུད་མེད་ཚོགས་པས་༧གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་པ་ལས། བོད་རང་གཙང་མི་རྩོད། ཆེས་མཐོའི་རང་སྲིད་རང་སྐྱོང་འཐོབ་པར་བྱེད་རྒྱུ་ནི་ང་ཚོའི་འཐབ་རྩོད་ཀྱི་དམིགས་གཞི་ཡིན་ཟེར།
དེ་དང་ཆབས་ཅིག ཅིན་ཧྲིན་པེ་ཡིས་མོར་དྲི་བ་འདི་ལྟར་འདོན། “ ཨི་སི་རལ་ལ་མཚོན་ན་རྒྱལ་ཁབ་ཤོར་ནས་ལོ་གཅིག་སྟོང་ལྷག་ཕྱིན་ཡང་། མཐར་རང་བཙན་ཐོབ་པ་རེད། ཁོང་ཚོས་ལོ་ངོ་སྟོང་གི་རང་ལ་རྒྱལ་ཁབ་ཤོར་བའི་དཀའ་སྡུག་མྱངས་རྗེས། རྒྱལ་ཁབ་མེད་པ་ཡིན་ན། མི་རིགས་ཀྱི་ལས་དབང་ལ་ཆབ་སྲིད་ཐོག་ཆགས་ས་བརྟེན་ས་མེད་པ་ངོ་འཕྲོད་པ་རེད། ལོ་རྒྱུས་ནང་གཟི་འོད་འབར་བའི་ཐུ་བྷོད་རྒྱལ་རབས་འཇིག་པར་བརྟེན། དེ་རིང་བོད་མི་རིགས་ཚད་འདིར་སླེབས་པ་རེད། ཐ་ན་བོད་ཀྱི་རིག་གནས་ཀྱང་རྩ་སྟོང་འགྲོ་རྒྱུའི་ཉེན་ཁར་ཐུག་འདུག་ན། གནས་སྟངས་འདིའི་བདེན་དོན་གསོན་པོ་ཞིག་གསལ་བཤད་ཐུབ་པ་ནི____ ____རང་ཉིད་ཀྱི་རྒྱལ་ཁབ་ཡོད་ན་མི་རིགས་གང་དེར་གསར་དར་གྱི་གོ་སྐབས་ཡོད་པ་དང་། རྒྱལ་ཁབ་མེད་ཚེ། མི་རིགས་དེའི་འཚོ་གནས་ཀྱི་རིན་ཐང་བརླག་འགྲོ་བ་གསལ་བོ་རེད། ཁྱོད་ལྟར་ན། དངོས་གནས་བོད་རང་བཙན་ནམ། བོད་རྒྱལ་ཁབ་བསྐྱར་གསོ་བྱུང་ན་བསམ་པ་ཞིག་མི་འདུག་གམ? ” ཞེས་དྲིས་པར།
དུས་ཚོད་ཀྱི་འཁོར་བསྐྱོད་གློ་བུར་དུ་འགགས་སོང་བ་དང་། སྐད་ཅིག་མ་དེའི་ཁྲོད་ནས་ཤ་གསེང་གི་རུས་པ་ཕྱིར་མངོན། བུད་མེད་ཚོགས་གཙོ་འུ་ཐུག་པའི་ཁར། སེམས་སྐྱོ་བས་ངང་། ཅིན་ཧྲིན་པེ་ལ་གདོང་ཕྱོགས་པའི་རྣམ་པ་ནི་ཁྲག་འཛར་འཛར་གྱི་གཤེན་གྲི་ཞིག་མོ་རང་གི་མགོར་བཙུགས་པ་འདྲ་བོ་རེད། འཁྱུག་ཙམ་རྗེས་སུ། མོའི་མིག་མཐར་མཆི་མས་ཁེངས་བ་དང་། མཆི་མ་དེ་ལས་ཅིན་ཧྲིན་པེ་ཡིས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་ལུས་སྟེང་ནས་མཆེད་པའི་མེ་ལྕེའང་མཐོང་།
“ཁྱོད་ཀྱི་དྲི་བ་དེའི་ངའི་སྙིང་རླུང་སྟོད་ལ་འཚང་བཅུག་སོང་། མིག་མཐའ་མཆི་མ་འཁོར་བཅུག་སོང་༌༌༌༌༌༌༌༌” སེམས་པ་གཡོ་འཁྱོམས་རྒྱག་ཞོར། མོས་ལན་བཏབས་པ་འདི་ལྟར “ ནང་བའི་རྗེས་འཇུག་པ་ཞིག་ཡིན་སྟབས་ཁ་དན་ཚིག་ལ་གནས་རྒྱུ་གལ་ཆེན་པོ་རེད། ངས་ཁྱོད་ལ་གསལ་བོ་བརྗོད་ཟིན། ང་ཚོ་༸གོང་ས་མཆོག་གི་དགོངས་གཞི་ལམ་དབུ་མར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། སོང་ཙང་ཁ་གཅིག་ལྕེ་གཉིས་ཀྱི་སྐད་ཆ་ནམ་ཡང་མི་བཤད། བཤད་ཀྱང་མི་རུང་ ” ཟེར།
འཁྱུག་ཙམ་དེའི་རིང་། ཅིན་ཧྲིན་པེ་ཡིས་ད་གིན་བུད་མེད་ཚོགས་གཙོར་དྲིས་པའི་སྐད་ཆ་དེ་ཚོ་ལྗིད་དྲགས་པ་གཞི་ནས་ཤེས། དེ་དང་ཆབས་ཅིག བུད་མེད་དེའི་གུས་བཀུར་གྱི་རྣམ་པའང་ཁོང་གི་སེམས་ལ་ལོས་ཀྱང་བབས། ཀུན་སྤྱོད་འཆལ་འཆོལ་དུ་གྱུར་བའི་དུས་སྐབས་འདིར། བུད་མེད་ཚོགས་གཙོར་མཚོན་ན་རང་གི་ཁས་བླངས་པའི་དམ་བཅའི་ཐོག་བློ་གཅིག་སེམས་གཅིག་གིས་འགྲོ་གི་ཡིན་ཟེར་བ་དེས། ཅིན་ཧྲིན་པེ་ལ་སེམས་འགུལ་ཐེབས་སུ་བཅུག མོ་རང་གིས་བསམ་ཚུལ་བེད་སྤྱོད་བཏང་བ་དང་། རྣམ་དཔྱོད་ཅན་གྱི་མི་ཞིག་གི་བྱེད་སྟངས་ལྟར་ “ སེམས་ནས་ཁྲག་ཐོན་ཀྱང་རུང་། མིག་ནས་མཆི་མ་ཐོན་ན་འདྲ། རང་གི་དམ་བཅའི་ཐོག་བརྟན་པོར་གནས་ཤིང་། ཀུན་སྤྱོད་དེའི་འབྱུང་ཁུངས་བོད་ཀྱི་ཤེས་རིག་གི་ལོ་རྒྱུས་ཡིན་ལ། མོའི་རང་ཉིད་དང་༸གོང་ས་ཏཱ་ལའི་བླ་མའི་དབར་གྱི་དད་པ་དམ་ཚིག་བརྗོད་པ་ལས། བོད་རྒྱལ་ཁབ་བསྐྱར་གསོའི་ཐད་རང་གི་ལྟ་ཚུལ་གསལ་འདོན་བྱས་མེད་མོད།
ཡིན་ནའང་། མོ་རང་ཚུད་པའི་བོད་པ་ཞིག་ཡིན་ཕྱིན། སེམས་ཀྱི་ཟབ་ས་ནས་བོད་རང་བཙན་གྱི་རེ་འབོད་ནམ་ཡང་འཇགས་མི་སྲིད་པ་ངས་ནི་གསལ་བོ་མཐོང་སོང་། མོས་ཁ་མ་གསལ་ནའང་། སེམས་ནང་བོད་རྒྱལ་ཁབ་བསྐྱར་གསོ་བྱ་རྒྱུའི་འདུན་པ་ཟབ་ལ། དེ་ནི་རབ་དཀར་ཁ་བའི་ངོས་སུ་ཁྲག་གི་ཐིགས་པ་ཟགས་པ་ནང་བཞིན་མིག་ལ་ལྷུང་ཡོང་གི་འདུག ”
༼ བསྒྱུར་མཁན་གྱི་མཆནཿ གོང་འཁོད་ཀྱི་ཚན་བཤུས་འདི་དང་། དེ་སྔོན་ཁ་བརྡ་སྟེང་བཀོད་ཟིན་པའི་ཀླུ་མཁར་བྱམས་ཀྱི་སྐོར་བཅས་ནི་དེབ་འདིའི་ཚན་པ་ལྔ་བ << བོད་རྒྱལ་ཁབ་བསྐྱར་གསོ། ཧ་ཅང་མང་བའི་ཁྲག་དང་མིག་ཆུ། རུས་གོང་བཅས་ཀྱི་དཀའ་སྡུག་གི་ཟབ་ས་ནས་ཕུལ་བའི་མཆོད་པ>>ཞེས་པའི་ལས་ཚན་ཡིན་པ་དང་ལས་ཚན་ལྔ་བ་ཆ་ཚང་རྫོགས་སོང་། བསྒྱུར་མཁན་གྱིས་སྐབས་ཐོག་གི་བརྗོད་གཞིར་དམིགས་ནས་ཁ་བྱང་བརྗེ་པ་དང་། ཚན་པ་འདིའི་གོང་འོག་ཡང་བརྗེ་ཡོད་སྟབས། ཚན་པ་འདི་ཆ་ཚང་ཀློག་མཁན་ཚོས་དང་པོ་ལས་ཚན་འདི་ཀློག་རྒྱུ་དང་། དེ་རྗེས་ཀླུ་མཁར་བྱམས་ཀྱི་ལས་ཚན་ལ་མཐུད་རྒྱུ་མ་བརྗེད་རོགས། ༽
ལེའུ་ལྔ་བ་ཁ་ཚང་ཀློག་འདུན་ཡོད་མཁན་ཚོས་དེ་གཉིས་ལྷན་སྦྱར་གྱིས་ཀློག་ན་བོད་རྒྱལ་ཁབ་བསྐྱར་གསོ་ཞེས་པའི་སྔར་རྒྱ་ཡིག་ནང་གླེང་མཁན་བྱུང་མྱོང་མེད་པའི་བརྗོད་དོན་གསར་བ་འདིར་གོ་བ་ཇེ་ཟབ་ཏུ་འགྲོ་སྲིད། )
དཔའ་བོ་ཡ།
རེ་འབོད་ཀྱིས་རི་ལུང་བསྐོང་།
རེ་ལྟོས་ཆེ་བའི་རང་ལ་མི་སེམས་པའི་དཔའ་བོ།
དམར་མོ་མེ་ཡིས་ཚིག་ཚིག་གིས་འབར་ཡང་དཔའ་བོ་གད་རྒྱང་མ་ཉམས་པ།
གསོལ་འདེབས་དང་རེ་བའི་ལ་རྒྱའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་སོ།
ཚེ་སྲོག་གི་མཆོད་མེ་གངས་ལྗོངས་ཀྱི་བདེན་དཔུང་དུ་ཕུལ་བའི་སྙིང་སྟོབས་ལྡན་པའི་དཔའ་བོ།
སྙན་ཚིག་དང་བསྟོད་པའི་བརྗོད་ཡུལ་ལས་འདས་པའི་ལ་རྒྱ་ཅན།
དཔའ་བོ་ཡ།
རྡ་ས་ན་གངས་ལྗོངས་དཔའ་བོའི་རྡོ་རིང་།
མཐོངཐོས་ཡོད་ཚད་ཀྱིས་བསྔོ་སྨོན་འདེབས་ས།
ན་གཞོན་ཚོས་སེམས་ཤུགས།
བྱིས་པ་ཚོས་དྲན་རྟེན།
རྒན་པས་་སྨོན་ཡུལ།
ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པར་ལ་རྒྱའི་རྡོ་རིང་།
རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་ཞབས་བརྟན་ཡང་དག །
མི་རིགས་གཞན་ལས་ཁྱད་འཕགས་ཀྱི་ལ་རྒྱའི་རྡོ་རིང་། །
ཚེ་སྲོག་གི་མཆོད་སྡོང་།
ང་ནི་རྒྱ་བལ་དུ་ལྷ་ཁང་མཆོད་རྟེན་ཁྲི་ཁྲི་འབུམ་འབུམ་ལས་ཁྱོད་ཀྱི་དཔའ་བོ་རྡོ་རིང་འདི་ལ་་དད།
རྡ་ས་རུ་ལ་རྒྱའི་དྲོད་ཁོལ་ཅུང་ཟད་ཡོད་པ་ནི་༧གོང་ས་མཆོག་དང་ཁྱོད་ཀྱི་རྡོ་རིང་འདི་རེད་ཡ།
གནས་ལུགས་དང་རྒྱུ་མཚན་ལྡན་པའི་སྐད་ཆ་དང་ཁ་བརྡ་ཡིན།
ད་དུང་་་་་་་་་་་
པདྨ་ཆོས་སྒྲོན་ལགས།
ངས་ཁྱོད་ཀྱི་སྒྱུར་རྩོམ་འདི་ཅུང་ཞིབ་ཚགས་ཀྱིས་བཀླགས་པ་ཡིན། ཧ་ཅང་བཀླགས་སྤྲོ་བོ་བྱུང་། ཁྱོད་ཀྱིས་རྩོམ་ཡིག་འདི་ཡང་དཔེ་དེབ་ཏུ་སྐྲུན་རྩིས་ཡོད་པས་ད་དུང་ཞུ་དག་རེ་བྱ་ཐུབ་ན་ཧ་ཅང་བཟང་གི དཔེར་ན་རྩོམ་ཡིག་འདིར་གཞོན་ནུ་ལྷན་ཚོགས་ཀྱི་ཚོག་གཙོ་ཞིབ་འབྲི་བྱེད་སྐབས།(མིག་རིལ་གཉིས་པོ་ཁྲག་གི་ན་བུན་འཐུག་པོས་བདུམ་ཡོད་སྟབས།)ཞེས་པའི་(བདུམ་)འདིའི་དོན་ཤེས་མ་སོང་། དག་ཡིག་ལས་ཀྱང་རྙེད་མ་སོང་། ཡང་རྒ་རྒན་མ་ཞིག་གི་གདོང་ལ་སྐག་ཚོས་བྱུགས་པ་སོགས་བཤད་སྐབས་དེར། (འཇོར་སྒེག་ཏོད་ཁུ་)འཇོ་སྒེག་དང་(ཏོད་ཁུ་)དེ་(དོད་ཁུལ་)ཞེས་པ་ཡིན་ནམ་སྙམ། (ཐད་གར(ཐད་ཀར)གལ་ཆེས་ཤོས་(ཆེ་ཤོས་)(འགྲོ་མྱོང་མི་འདུག)(སོང་མྱོང་མི་འདུག )( ཁྲག་གི་ཝུ་བ་ཉི་འོད་ཀྱིས་མེ་རི་སྦར་བཅུག་)(མེ་རི་ཞེས་པ་འདི་མིང་ཚིག་ཡིན་ན་ཀློག་མི་བདེ་ལ་དོན་གོ་ལེན་དཀའ་བ་ངས་ཚོར། རི་ཡིག་འདི་ཕྲད་ཡིན་ན་མེ་རུ་སྦར་ཞེས་པ་ཡིན་ནམ་སྙམ། འོག་ཏུ་”མེ་རུ་སྦར་”ཞེས་བྲིས་འདུག་ན་”མེ་རུ་”ཡིན་ས་རེད།)
(ཁྲག་གི་ན་བུན་གྱིས་བདུམ་པའི)ད་ངས་བསམ་ན་(བདུམ་)འདི་ཕལ་ཆེར་”བཏུམ་”མིན་འགྲོ ཧ་ཧ་ཧ།
(སྒོར་ཕྱིར་ཐོན།)”སྒོ་ཕྱིར་ཐོན”།
ད་དུང་མིང་གཞི་གཅིག་ལ་དབྱངས་ཉིས་བརྩེགས་ཤོར་འདུག་སའང་ཡོད་པས་བསྐྱར་ཞིབ་རེ་གནང་རོགས་ཞུ། གཞན་ཁྱོད་ཀྱི་སྒྱུར་རྩལ་ལའང་ཡིད་ཤོར་ནས་ཡོད། ངོ་མ་ཕན་པའི་ལས་ཀ་རང་རེད་འདུག ད་དུང་བུད་མེད་ལྷན་ཚོགས་ཀྱི་ཚོག་གཙོ་ཞིབ་འབྲི་བྱས་པའི་ཚིག་དེ་ཚོར་ང་ཧ་ཅང་དགའ་སོང་།
འདི་ལྟ་བུའི་ཡི་གེའི་ལས་བྱས་པར་བཀའ་དྲིན་ཆེ་ཞུ་འདོད་བྱུང་།
གཅན་བཟོད་རྒྱམ་གྱིས་ཐུགས་སྣང་དང་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ།
པདྨ་ཆོས་སྒྲོན་ལགས། ཧ་ཅང་བཟང་གི་འདི་ལ་ལྟ་འདོད་ཀྱི་འདུན་པ་སྔར་ལས་འཕྱུར་སོང་། འདི་ཡི་དེབ་དེ་ནམ་ཞིག་ལ་ཀུན་གྱིས་མིག་ལམ་ལ་མངོན་ཐུབ་བམ།
སྤྱི་དོན་དུ་རང་ལ་འཚེ་བའི་དཔའ་བོ་བྱེས་པ་དངོས་གྲུབ་ལགས་དང་། གཞིས་པ་གྲྭ་ཕུན་ཚོགས་ལགས་གཉིས་ནི། ཤིན་ཏུ་ནས་བརྗེད་དཀའ་བའི་བོད་རིགས་གཉིས་ལགས། དེ་གཉིས་མེད་པར་སོང་བ་ལ་མྱ་ངན་གུས་འདུད་ཞུ།
ཐོག་མར་པདྨ་ཆོས་སྒྲོན་ལ་ཐུགས་རྗེ་ཆེ།
ལེའུ་འདིའི་ནང་དུ་སློབ་དཔོན་ཆེན་མོ་ཡཱན་ཧོང་པེན་གྱིས་བོད་མི་ཚོར་དྲན་བསྐུལ་གནང་ཡོད་པ་ནི། ༼བོད་རྒྱལ་ཁབ་བསྐྱར་གསོ༽ཞེས་པ་འདི་ཡིན་ཞིང་། རྒྱ་ཡིག་ནང་སྔར་སུས་ཀྱང་འབྲི་མ་མྱོང་བ་ཞིག་ཡིན་པར་མ་ཟད། ངས་ཁོང་ལ་ཆེད་དུ་འདིའི་ཐད་སྐད་ཆ་འདྲི་མྱོང་།
ཁོང་གིས་གསུང་དོན། ༼སྔར་རྒྱལ་ཁབ་ཡོད་མཁན་ཞིག་གིས་རྒྱལ་ཁབ་བསྐྱར་གསོ་ཞེས་མི་བརྗོད་པར་རང་བཙན་ཞེས་བརྗོད་ན་གོ་ནོར་ཐེབས་ཉེན་ཤིན་ཏུ་ཆེ། རང་བཙན་ནི་སྔར་མེད་པ་ཞིག་གསར་དུ་འཛུགས་ཀྱི་ཡིན་ཟེར་གྱི་ཡོད་པས། ལྷག་པར་དུ་རྒྱ་ནག་པའི་ངོས་ནས་དང་ལེན་བྱེད་མི་སྲིད། ཡིན་ནའང་། རྒྱལ་ཁབ་བསྐྱར་གསོ་ཞེས་བརྗོད་ན་ཉུང་མཐར་སྐད་ཆ་དེ་བཤད་དོན་ལ་བརྩད་གཅོད་བྱེད་ངེས་ཡིན། དེ་ལྟར་ཕན་ཚུན་གཉིས་ཀར་དོན་དག་མང་པོ་ཞིག་ངོ་འཕྲོད་ཀྱི་ཡོད།༽ དེ་བས། ད་ལྟ་ཚང་མས་ལོ་རྒྱུས་རང་བཞིན་གྱི་གནད་འགག་ཆགས་པའི་བཤད་སྟངས་འདི་གཉིས་ཐད་བགྲོ་གླེང་བྱེད་འོས་པ་ཞིག་ཡིན།
རྩོམ་འདི་ལྟ་བུ་བསྒྱུར་ཐུབ་ན་ང་ཚོར་དེ་རང་གིས་འགྲུག་འདུག བོད་དོན་ལས་འགུལ་ཟེར་ན་འདི་རང་རེད། བུ་མོ་ཁྱོས་སློབ་སྦྱོང་བྱས་པ་དོན་ལྡན་བྱུང་འདུག རྒྱ་ཤིས་ཤེས་ཡོན་པ་འདི་འདྲ་ཡོད་ན་རྡ་སར་མང་ཞིག་ཡོང་ཐུབ་ན་ཡག་པོ་འདུག རྩོམ་འདི་འདྲའི་རིགས་ཀྱིས་བོད་ཀྱི་འཐབ་རྩོལ་ཙམ་མ་ཟད། བོད་ཡིག་ཐོག་ནས་རྩོམ་འབྲི་མཁན་ཚོར་ཡང་ཕན་ཐོག་ཡོང་བ་འདུག མུ་མཐུད་བསྒྱུར་རོགས་གནོང་། ཁ་བྲོ་བཀྲིས།
གངས་རིའི་དཔའ་བོ་ལགས། ཁྱེད་ཀྱི་ཟུབ་མེད་བདེན་དཔང་གི་ལོ་རྒྱུས་མཐོང་ཚེ། ཤེས་རིག་གི་ནར་མ་སོན་པའི་གངས་ཕྲུག་ཁོ་བོས་ཁྱེད་ཉིད་ཧ་ཅང་དྲན། འོན་ཏང་ངས་བྱེད་ཐུབ་པ་དང་བྱེད་འོས་པ་ནི་མི་ཡུལ་ས་མཐའ་འདི་ནས་ཁྱེད་ཉིད་ཚེ་རབས་ཀུན་ཏུ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པའི་གསོལ་འདེབས་སྨོན་ལམ་ཡང་ཡང་ཞུ་རྒྱུ་དེ་རེད།།
པདྨ་ཆོས་སྒྲོན་ལགས་ཀྱིས་བསྒྱུར་རྩོམ་འདི་འདྲ་སྤེལ་བ་ཧ་ཅང་དགའ་བོ་བྱུང་ལ་སེམས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། སྐུ་ཉིད་བོད་རིགས་བུད་མེད་ཚོས་མིག་དཔེ་བལྟ་ས་དང་དཔེ་མཚོན་རང་བཞིན་གྱི་བུད་མེད་ཅིག་ཏུ་མཐོང་སོང་། འོན་ཀྱང་ད་ལྟའི་གནས་སྐབས་སུ་ཉིད་ཀྱིས་སྐུ་གཟུགས་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེ། གནས་སྐབས་རིང་ལུས་སེམས་གཉིས་ཀ་ལྷོད་སྡོད་བྱེད་རྒྱུ་གུས་མོས་རེ་བ་ཡིན། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལས་དོན་བྱེད་རྒྱུ་མང་པོ་རྗེས་ལ་ལྷག་ཡོད། སྐུ་གཟུགས་འདི་ཧ་ཅང་གནད་འགག་ཡིན། དེའི་ཕྱིར་རེ་ཞིག་ལྷོད་སྡོད་བྱེད་རོགས་ཞེས་འབོད་སྐུལ་བྱེད་འདོད་བྱུང་། བདེ་མོ།
རྩོམ་ཡིག་ཡག་པོ་ཞིག་བསྒྱུར་འདུག་བཀའ་དྲིན་ཆེ།
ལོ་ལེགས་སོ། དེ་དེ་བཞིན་ནོ། རྒྱལ་ཁབ་སྐྱར་གསོ་ཟེར་བའི་ཚིག་འདི་ལེགས་པོར་མཐོང་། ཚིག་བཞི་ལོག་ལོག་མ་འདིའི་ནང་། འབྱུང་འགྱུར་གྱི་ཕུགས་འདུན་དང་འདས་པའི་གནས་སྟངས་ཉིས་ཆ་གསལ་འདུག
མི་རིགས་ཤིག་ལ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ནང་བཞིན་རང་ཉིད་སྐྱིད་ཉལ་བརྒྱབས་ཏེ་རུལ་སོང་བའང་མ་ཚོར་བར་མ་བསྡད་པར། རང་གི་ཚེ་སྲོག་གིས་ལོ་རྒྱུས་ལ་རྗེས་དཔག་གི་རིན་ཐང་སྤྲོད་ཤེས་མཁན་ཡིན་ན་ཡང་འདྲ། སྲོག་གཏའ་མར་བཞག་ནས་རང་དབང་གི་སྙན་ངག་འབྲི་མཁན་མེད་པ་ཡིན་ན། མི་རིགས་གང་དེའི་རང་དབང་གི་ལས་སྐལ་མངོན་དུ་བསྒྱུར་ག་ལ་ཐུབ། འདི་ནི་ཤིན་ཏུ་བདེན་པར་འདོད། ང་ཚོ་ལ་སྐྱིད་ཉལ་བརྒྱབས་ཏེ་རུལ་སོང་བའང་མ་ཚོར་བ་འདི་འདྲ་མང་པོ་རེད།