མུན་ནག་གི་ཁྲོད་དུ།
མེ་སྟག་ཕྲན་བུ་ཞིག་ལ་ཡང་ཆེས་བླ་ན་མེད་པའི་རིན་ཐང་ལྡན།
ཡིན་ན་ཡང་།
མེ་སྟག་དེ་ཅི་ཞིག་གིས་སྦར་བ་ཤེས་པའི་ཤེས་རབ་དེ་ལ་ཡང་ཆེས་བླ་ན་མེད་པའི་རིན་ཐང་ལྡན།
མེ་སྟག་ལ་ལ་སའི་གོ་ལ་འདིར་མེད་དུ་མི་རིང་བའི་སྔོ་ལྗང་གི་ཤིང་སྡོང་མེ་ལ་བསྲེགས་པ་ལས་བྱུང་བ་དང་།
ལ་ལ་ནི་མིའི་དཀའ་སྡུག་གི་རྔུལ་ཆུས་བསྐྲུན་པའི་ཞག་སྒྲོན་ལས་བྱུང་བ་རེད།
ལ་ལ་ནི་སེམས་ཅན་གྱི་གཅེས་པའི་ཚེ་སྲོག་བཅད་པའི་ལུས་ཀྱི་ཚིལ་བུ་ལས་བྱུང་བ་རེད།
དེའི་ཕྱིར།
མུན་པ་ཕྲན་བུ་སེལ་བའི་འོད་སྣང་ཙམ་གྱིས་སེམས་པ་ཡོངས་སུ་ཚིམས་ཏེ།
མེ་སྟག་དེ་ཚོའི་འབྱུང་ཁུངས་ལ་བརྟག་པའི་ཤེས་རབ་དེ་རྨོངས་པའི་མུན་ཁོང་དུ་མ་ལུས་པ་ཞིག་གནང་རོགས།