དཔལ་དགྱེས་པ་རྡོ་རྗེ།
ཨོཾ་སྭ་སྟི་རཏྣ་ཤྲཱི་བི་ཛ་ཡནྟུ།
གདོད་ནས་འཆི་མེད་རྡོ་རྗེ་འཆང་ཆེན་པོ།།
བདེ་ཆེན་ཀུན་ཁྱབ་གཉུག་མའི་ཡེ་ཤེས་སྐུ།།
ཚེ་མཐའ་ཡས་པའི་རྒྱལ་བ་ཞི་ཁྲོ་ཡིས།།
ཀུན་ཏུ་ཤིས་པའི་བདེན་ཚིག་གྲུབ་པར་མཛོད།།
རབ་འབྱམས་རྒྱལ་བའི་སྤྱི་གཟུགས་སྤྲུལ་པའི་སྐུ།།
བདེ་གཤེགས་མངོན་གྱུར་མཚན་དཔེས་ལང་ཚོའི་དཔྱིད།།
འཆི་མེད་རིག་འཛིན་མཚོ་སྐྱེས་རྡོ་རྗེ་ཡིས།།
སྐུ་ཚེ་བརྟན་པའི་དངོས་གྲུབ་ཐོབ་པར་ཤོག།
རྨད་བྱུང་ཐུགས་བསྐྱེད་བདུད་རྩིའི་སྤྲིན་དཀར་ལས།།
འགྲོ་ཁམས་བྱིན་རླབས་འཇོ་བའི་འདོད་དགུའི་ཆར།།
ཇི་བཞིན་སྩོལ་བའི་དངོས་གྲུབ་དཔལ་མངའ་བའི།།
བསོད་ནམས་དབྱར་གྱི་ཚེ་དཔལ་འབྱོར་འཕེལ་ཤོག།
མཁྱེན་རབ་ཡེ་ཤེས་རྡོ་རྗེ་རྣོན་པོའི་གཏེར།།
བརྩེ་ཆེན་ཐུགས་རྗེ་འབྲི་བསྟན་ཡོངས་ཀྱི་མགོན།།
ནུས་སྟོབས་དབང་ཕྱུག་འཕགས་མཆོག་རྒྱལ་བའི་སྲས།།
མཁས་གྲུབ་རིག་འཛིན་བླ་མ་ཞབས་བརྟན་གསོལ།།
རིས་མེད་ཆོས་ཚུལ་རྒྱ་མཚོར་ཐོས་བསམ་མཛད།།
བསྐྱེད་རྫོགས་རྫོགས་ཆེན་སྒོམ་པའི་སྒྲུབ་པ་མཛད།།
དཀྱིལ་འཁོར་རྒྱ་མཚོའི་བསོད་ནམས་འབྱོར་འཕེལ་བའི།།
སྒྲུབ་དཔོན་དམ་པའི་སྐུ་ཚེ་བརྟན་པར་ཤོག།
ཁྱད་པར་རྒྱལ་བསྟན་བཀའ་གཏེར་བསྟན་བཅོས་ལ།།
བཤད་སྒྲུབ་ཕྲིན་ལས་སྤེལ་བའི་འགྲོ་བའི་སྐྱབས།།
དམ་ཆོས་མདོ་སྔགས་བསྟན་པའི་ཉི་ཟླའི་དཔལ།།
དགེ་འདུན་རིན་ཆེན་སྣང་བར་ཞབས་བརྟན་ཤོག།
ཉོན་མོངས་ཚ་གདུང་སྐྱོབ་པའི་གདུགས་དཀར་བཀྲ།།
བཀྲ་ཤིས་གཡས་འཁྱིལ་དུང༌དཀར་སྒྲ་དབྱངས་ཤིས།།
ཆོས་བཞིན་སྤྱོད་པའི་དཔལ་གྱི་བེའུས་རྒྱན།།
བདེ་ལེགས་གསེར་ཉས་གཏམས་པར་ཞབས་བརྟན་ཤོག།
ལྷག་བསམ་པདྨ་དཀར་པོའི་ཐུགས་ཡོན་ཅན།།
བསྟན་པའི་རྒྱལ་མཚན་འཛིན་པའི་དགེ་བའི་བཤེས།།
འདོད་འབྱུང་བུམ་པ་བཟང་པོའི་བསོད་ནམས་མཐུས།།
ཆོས་རྒྱལ་འཁོར་ལོ་དམ་པར་ཞབས་བརྟན་ཤོག།
སྐུ་བཞིའི་དབང་ཕྱུག་བླ་མའི་དགོངས་དོན་རྣམས།།
གསང་གསུམ་རྡོ་རྗེའི་དཔལ་དུ་ཡོངས་གཏམས་པས།།
དོན་གཉིས་ལྷུན་གྲུབ་རྫོགས་སངས་རྒྱས་པའི་སྐུ།
ཚེ་གཅིག་སྨིན་གྲོལ་བདག་པོར་ཞབས་བརྟན་ཤོག།
ཅེས་པའང་འདི་ཡང་རབ་གནས་མེ་སྤྲེལ་མགོ་ཟླའི་ཚེས་པ་བཅུ་འམ་དཔལ་འབྲི་གུང་པའི་༧སྐྱབས་རྗེ་སྒྲུབ་དཔོན་བསོད་ནམས་འབྱོར་འཕེལ་རིན་པོ་ཆེའི་འཁྲུངས་སྐར་དུ་རྟེན་འབྲེལ་སྨོན་ཚིག་དགོས་པར་འབྲི་གུང་མཁན་སྤྲུལ་དུ་མས་ཡང་ཡང་སྐུལ་ངོར་འབྲི་བསྟན་རིང་ལུགས་ལ་རྒྱུ་མཚན་ཤེས་ཤིང་དད་དམ་གཙང་མའི་རིགས་པ་སྨྲ་བའི་རྟུལ་ཞུགས་ཅན་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་འམ་མཁན་ཆེན་བླ་མ་རུ་འབོད་པས་དབྱིན་ཡུལ་ཨ་ཏིའི་རི་ཁྲོད་ནས་བགྱིས་པས་རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཏུ་འཕེལ་རྒྱས་བརྟན་པའི་རྟེན་འབྲེལ་ཟབ་མོའི་རྒྱུ་རུ་གྱུར་ཅིག་གུ། །། ཤྲྰི་རཏྣ་བཛྲ་བི་ཛ་ཡནྟུ།།