༸དཔལ་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་བཅུ་གཅིག་པ་དེ། ཕྱི་ལོ་ ༢༠༡༢ ཟླ་༡༢ ཚེས་ ༣༠ ནས་དབུ་དབུ་འཛུགས་ཀྱིས་ཉིན་གྲངས་བདུན་གྱི་རིང་གནས་མཆོག་རྡོ་རྗེ་གདན་དུ་སྐོང་འཚོགས་གནང་བཞིན་ཡོད་འདུག
དེ་ཡང་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༠ ཉིན་ནས་དབུ་འཛུགས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་དཔལ་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་བཅུ་གཅིག་པ་འཚོགས་ཡོད་པ་དང་། སྨོན་ལམ་ཆེན་མོར་ཆོས་ལུགས་རིས་མེད་ཀྱི་བླ་སྤྲུལ་མཁན་གསུམ་བཅས་ཁྱོན་བླ་གྲྭ་ ༡༠༠༠ ལྷག་ཞལ་འཛོམས་བྱུང་ཡོད་པ་དང་། ཉིན་བཞི་བའི་སྨོན་ལམ་གྱི་ཚོགས་མགོན་དུ་བཀའ་བརྒྱུད་བསྟན་པའི་གསལ་བྱེད་ཆེན་པོ་ ༸དཔལ་རྒྱལ་བ་ ༸ཀརྨ་པ་མཆོག་ཆིབས་སྒྱུར་བསྐྱངས་ཡོད་འདུག
སྨོན་ལམ་འདི་ལྟ་བུ་ཞིག་འཚོགས་དགོས་པའི་དམིགས་ཡུལ་སྐོར་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་གསལ་བསྒྲགས་སྤེལ་དོན། འཛམ་གླིང་ཡོངས་ལ་དུས་མིན་གྱི་ནད་རིམས་འཁྲུགས་རྩོད་ཉེ་བར་ཞི་བ་དང་། ལྷག་པར་དུ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ས་ལམ་ལེགས་པར་བགྲོད་ནུས་པ་དང་། ཡངས་པའི་འཇིག་རྟེན་འདིར་འཕྲལ་ཕུགས་གཏན་བདེའི་ལམ་བཟང་ཉེ་བར་སྟོན་པའི་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་ལྷ་མིའི་རྣམ་འདྲེན་ ༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང་། ༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་དབང་གི་རྡོ་རྗེ་མཆོག་དང་། ཇོ་ནང་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་ ༸ཀུན་དགའ་ངག་དབང་འཇིགས་མེད་འཕྲིན་ལས་རྣམ་རྒྱལ་མཆོག་གི་གཙོས། རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། མཛད་འཕྲིན་རྒྱས་པ་དང་། ལྷག་པར་དུ་ཇོ་ནང་བསྟན་པའི་མངའ་བདག་ ༸སྐྱབས་མགོན་ ༸ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་ཡང་སྤྲུལ་ཉི་གཞོན་མགྱོགས་མྱུར་ཤར་བའི་ཆེད་དུ་ཡིན་ཚུལ་སོགས་བཀོད་འདུག
དཔལ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཞེས་པ་འདི་ནི། བལ་ཡུལ་ཇོ་ནང་དགོན་པའི་འགན་འཛིན་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་ཕྱི་ལོ་ ༢༠༠༠ ལོར་ཐོག་མར་གསར་འཛུགས་མཛད་པ་ཞིག་ཡིན་ལ། ད་བར་དུ་ཐེངས་བཅུ་གཅིག་ཚོགས་ཡོད་འདུག
སྨོན་ལམ་འཚོགས་ཡུན་ནི་ཉིན་བདུན་ཡིན་པ་དང་། སྨོན་ལམ་སྐབས་ཇོ་ནང་བའི་ཆོས་བརྒྱུད་འཛིན་མཁན་གྱི་བླ་སྤྲུལ་མཁན་གསུམ་གྱི་གཙོས་རིས་མེད་དགེ་འདུན་པ་ཆིག་སྟོང་ཡས་མས་ནས། ལྔ་སྟོང་གི་བར་ལ་བསྙེན་བཀུར་གནང་བཞིན་ཡོད་པ་དང་། སྐབས་དེའི་ཞལ་འདོན་ལ། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་དང༌། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྙིང་བོ། དཔལ་ཇོ་ནང་བའི་ལུགས་ཀྱི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྔོན་འགྲོ། བླ་མ་མཆོད་པ། སྒྲོལ་མའི་མཎྜལ་ཆོ་ག་ཚོགས་གཉིས་སྙིང་བོ་སོགས་དང༌། དངོས་གཞིར། འཇམ་དཔལ་མཚན་བརྗོད་དང་། བཟང་སྤྱོད་སྨོན་ལམ། མཇུག་ཏུ་རིས་མེད་བསྟན་རྒྱས་སྨོན་ལམ་དང་། ཐུན་མོང་མ་ཡིན་པའི་དཔལ་ཇོ་ནང་བའི་སྨོན་ལམ་རྒྱལ་བ་རྒྱ་མཚོ་དང་དུས་འཁོར་སྨོན་ལམ། ༧གོང་ས་ལྷ་མིའི་རྣམ་འདྲེན་ ༧རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་གསུང་བྱིན་རླབས་ཅན་ཇོ་ནང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་འདོན་བཞིན་ཡོད་འདུག
གནས་ཚུལ་མཁོ་གཏོང་བ་ཚངས་དབྱངས་རྒྱ་མཚོ།
དཔལ་རྒྱལ་བ་ཇོ་ནང་པའི་སྨོན་ལམ་ཆེན་མོ་ཚོགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།
རྒྱལ་བ་ཇོ་ནང་པས་འཛམ་གླིང་ཞི་བདེའི་ཆེད་དུ་སྨོན་ལམ་གནང་བར་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ!
ཇི་ལྟར་སྨོན་ལམ་བཏབ་པ་བཞིན། དེ་དེ་བཞིན་དུ་འགྲུབ་པའི་སྨོན་ལམ་ཞུ།
དཔལ་རྒྱལ་བ་ཇོ་ནང་བའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་སྐབས་བཅུ་གཅིག་པ་ཚོགས་པར་བཀའ་དྲིན་ཆེ་ཞུ།
སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ནང་ཚན་དཔལ་རྒྱལ་བ་ཇོ་ནང་པའི་འགྲོ་ཕན་སྨོན་ལམ་ཆེན་མོ་ཐེངས་བཅུ་གཅིག་པ་ཚོགས་བཞིན་པར་སྒོ་གསུམ་གུས་པ་ཆེན་པོས་ཡི་རངས་དང་བཅས་བསྔགས་བརྗོད་ཀྱི་མེ་ཏོག་ཕུལ་རྒྱུ་ཡིན།
ཇོ་ནང་པའི་བསྟན་པ་རྒྱས་པ་དང་། སྟོན་པ་ཚད་མ་འབྱུང་བའི་རྟེན་འབྲེལ་ཞུ།
དཔལ་རྒྱལ་བ་ཇོ་ནང་པ་ལ་རེ་བ་ཆེ་ཙམ་ཡོད་ཀྱང་མགོ་རང་ལ་ཡོད་བཞིན་ལྕེ་ཁྱི་ལ་བཙལ་བས་ཇོ་བསྟན་ནང་རལ་ལས་ཅི་མི་འདུག་གོ །
ད་ཡང་ཇོ་ནང་ལའང་སྟོན་པ་ཚད་མ་མེད་པ་དང་། ཁ་ཆག་སྣ་རལ་ཡིན་ཚུལ་བཤད་ཡོང་གི་འདུག
དཔལ་རྒྱལ་བ་ཇོ་ནང་གི་བསྟན་པ་རྒྱས་གྱུར་ཅིག
དཔལ་རྒྱལ་བ་ཇོ་ནང་པའི་སྨོན་ལམ་ཆེན་མོ་ཚོགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དེ་ཡིན།།
༸དཔལ་ཇོ་ནང་པ་མཁྱེན། །