ཧི་མ་ལ་ཡའི་འཕྲུལ་སྨྱུག
སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་ལ། དཔལ་ལྡན་ཆོས་གྲགས་ཀྱིས། སྐྱེས་མ་ཐག་པའི་རིགས་པ་དེ་རིགས་འདྲེའི་རིགས་པ་སྔ་མ་སྔོན་སོང་ཡིན་ཏེ། རིག་པ་ཡིན་པའི་ཕྱིར། ཞེས་རིགས་འདྲ་སྔོན་སོང་གིས་བསྒྲུབས། ༼མིག་བརྒྱད་པས། ཚད་མ་རྣམ་འགྲེལ་ལས། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེ་མིན། །ཞེས་གསུངས་པ་ལྟར། སྐྱེས་མ་ཐག་པའི་བྱིས་པས་དབུགས་འབྱུང་རྔུབ་སོགས་རང་གི་རིགས་འདྲ་སྔོན་དུ་སོང་བ་ལ་ལྟོས་པ་མེད་པར་དབུགས་འབྱུང་རྔུབ་སོགས་དེ་དག་ལུས་འབའ་ཞིག་ལས་སྐྱེས་པ་ཡིན་ན། མི་མཐུན་པའི་རྒྱུ་ལས་སྐྱེ་བར་སོང་བས་ཧ་ཅང་ཐལ་བ་དང༌། དེའི་ཚེ་དེ་དག་རང་རང་གི་རིགས་འདྲ་སྔ་མ་ཞིག་བཞག་དགོས་ན། ཚེ་སྔ་མའི་གང་ཟག་གི་རྒྱུད་ལ་བཞག་དགོས་པའི་གནད་ཀྱིས་ཡིན། སློབ་དཔོན་དཔའ་བོས། སྔ་མའི་བློ་ལས་ཕྱི་མའི་བློ་གྲུབ་ན། །འཇིག་རྟེན་ཕ་རོལ་ཡོད་པར་དེ་ལས་མངོན། །མངལ་ན་འདུག་པའི་སྔོན་རོལ་བློ་དེ་ནི། །དེ་མ་ཐག་པའི་ཚེ་རབས་སྔ་མའི་བློ། །ཞེས་དང༌། སློབ་དཔོན་ལེགས་ལྡན་གྱིས། མངལ་གནས་སྔོན་རོལ་བློ་ལ་ནི། །མདུན་རོལ་ཁོ་ནར་འགགས་བློ་ཡོད། །ཡང་ན་བློ་ཕྱིར་དེ་འོག་བཞིན། །ཞེས་སོ།།
སྐྱེ་བ་སྔ་ཕྱིའི་རིགས་ལམ་གྱི་གནད་མདོ་ཙམ་བརྗོད་པ་ལས། རྣམ་འགྲེལ་ཚད་གྲུབ་ལེའུར་གསུངས་པའི་སྐྱེ་བ་སྔ་མ་གསརུབ་པ་དང༌། ཕྱི་མ་སྒྲུབ་པའི་ཚུལ་གཉིས་ལས། དང་པོ་ལ། རྩ་བའི་རྟགས་འགོད་པ་དང༌། དེ་ཇི་ལྟར་སྒྲུབ་ཚུལ་བཤད་པ་གཉིས་ལས། དང་པོ་ནི། སྐྱེས་མ་ཐག་པའི་སེམས་ཆོས་ཅན། ཉེར་ལེན་གྱི་རྒྱུ་སེམས་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཙམ་ཡིན་པའི་ཕྱིར། དཔེ་ད་ལྟར་གྱི་རིག་པ་བཞིན། ཞེས་པའི་འབྲས་རྟགས་སོ།།
གཉིས་པ། ཚུལ་གསུམ་རིམ་བཞིན་སྒྲུབ་པ་ལ་རྟགས་ནི། དེ་དུས་སུ་མྱོང་བའམ་ད་ལྟ་ནི་རྗེས་སུ་དཔག་པས་གྲུབ་ལ། དཔེ་ནི་ད་ལྟར་གྱི་སེམས་འདི་སེམས་སྔ་མ་ཙམ་ལས་ངེས་མི་ནུས་པ་བཞིན་ཏེ། དཔེར་ན་ཀ་བ་སྔ་མ་ལས་ཕྱི་མ་སྐྱེ་ཡང་མངོན་སུམ་གྱིས་ངེས་མི་ནུས་པ་བཞིན་ཏེ། ཁ་ནང་དུ་ལོག་ནས་བསམ་ན་ཡང་ཤེས་པ་ཞིག་སྐྱེ་བར་གྲུབ་ཀྱང༌། རྒྱུ་གང་ལས་བྱུང་བ་ཡིན་ཅི་ཡང་མི་རྟོགས་པས་སོ། །དེས་ན་ད་ལྟའི་ཤེས་པ་སྔ་མ་སྔ་མའི་ཉེར་ལེན་གྱི་རྒྱུ་བྱས་ནས་ཕྱི་མ་ཕྱི་མ་སྐྱེ་བ་ཡིན་ཏེ། ཤེས་པ་སྔ་མ་རྣམས་ཀྱི་མཐོང་ཐོས་མྱོང་བ་སོགས་རྗེས་སུ་ཡིད་ཀྱི་ཤེས་པས་དྲན་པའི་ཕྱིར། ཞེས་པའི་རྟགས་དེ་ལ་བརྟེན་དགོས་སོ། །འདིའི་རྟགས་ནི་མྱོང་བས་གྲུབ་ལ། ལྡོག་ཁྱབ་ནི་གང་ཤེས་པ་སྔ་མའི་མྱོང་བ་དེ་རྗེས་ཀྱི་ཤེས་པས་དྲན་ན། ཤེས་པ་སྔ་མ་དེས་ཕྱི་མ་བསྐྱེད་པས་ཁྱབ་སྟེ། དེ་གཉིས་ཁ་ནང་བལྟས་རྒྱུ་འབྲས་ཀྱི་རྒྱུན་གཅིག་ཡིན་དགོས་པས་སོ།།
ལྡོག་ཁྱབ་ནི། གང་ཤེས་པ་སྔ་མ་དེས་ཕྱི་མ་ཕྱི་མ་བསྐྱེད་ན། རྗེས་ཀྱི་ཤེས་པ་སྔ་མའི་མྱོང་བ་དེ་མི་དྲན་པས་ཁྱབ་སྟེ། རྒྱུན་གཅིག་ཏུ་འབྲེལ་བ་མེད་པ་ཡིན་པའི་ཕྱིར། གལ་ཏེ་དེ་ལྟའི་འབྲེལ་བ་མེད་ཀྱང་དྲན་ན། ཐམས་ཅད་ཀྱང་དམས་ཅད་དྲན་པ་སོགས་ཧ་ཅང་ཐལ་ལོ། །དེས་ན་གཉིད་ཐུག་གི་སྐབས་དང༌། བརྒྱལ་ནས་ཉིན་དུ་མར་སོགས་བ་སོགས་ཀྱང༌། ཚུར་སད་པའི་ཚེ་སྔར་གྱི་མྱོང་བ་དང་བློ་ལ་ཡོད་པའི་ཆོས་ཀྱི་ཚིག་དོན་སོགས་གསལ་པོར་དྲན་པ་ཡང༌། དེའི་བར་ཞིག་ན་ཤེས་པ་ཞིག་ཡོད་པ་ཅི་ཡང་དངོས་སུ་མི་རྟོགས་མོད། རྗེས་ཀྱི་གཏན་ཚིག་འདི་ལ་བརྟེན་ན་ཤེས་པའི་རྒྱུན་བར་མ་ཆད་དུ་ཡོད་པ་འོས་མེད་ཀྱི་རིགས་པས་གྲུབ་སྟེ། གཞན་དུ་སྔར་གྱི་ཤེས་རྒྱུན་མ་ཡིན་པའི་བློ་གསར་པ་ཞིག་ཡིན་ན། སྔར་གྱི་བློའི་ཆོས་དེ་རྣམས་ཚང་བར་ཡོད་ཅིང༌། དེ་ལྟར་དྲན་པའི་རྒྱུ་མཚན་གང་ཡང་མེད་པས་སོ།།
ད་ནི་རྩ་བའི་རྟགས་ཀྱི་རྗེས་ཁྱབ་ནི། གང་རིག་པ་ཙམ་ཡིན་ན། ཉེར་ལེན་གྱི་རྒྱུ་སེམས་སྔ་མ་སྔོན་དུ་སོང་བས་ཁྱབ་སྟེ། ཉེར་ལེན་གྱི་རྒྱའི་གོ་དོན་ནི། འབྲས་བུ་དེ་ལ་རྒྱུན་ཡོད་ན། རྒྱུ་དེའི་རིགས་རྒྱུན་དུ་གྱུར་པ་ཞིག་ཡིན་དགོས་པ་གང་ཞིག བེམ་པོའི་རྒྱུན་ཤེས་འགྱུར་བ་མི་སྲིད་པའི་ཕྱིར་ཏེ། དཔེར་ན། འབྱུང་བཞི་ཕན་ཚུན་ཉེར་ལེན་གྱི་རྒྱུ་འབྲས་མི་འགྱུར་བ་བཞིན་ནོ།། རྟགས་འདིའི་རྗེས་ཁྱབ་རྒྱས་པར་སྒྲུབ་ཚུལ་ནི། ལྡོག་ཁྱབ་བསྟན་པས་ཤུགས་ལ་གྲུབ་པ་སྟེ། སྐྱེས་སེམས་སྐད་ཅིག་དང་པོ་དེ་རྒྱུ་རྐྱེན་ལས་སྐྱེ་དགོས་པ་གང་ཞིག སེམས་མིན་པའི་བེམ་པོ་སོགས་ཆོས་གཞན་ལས་མི་སྐྱེ་བར་སྒྲུབ་པའི་རིགས་པ་བཀོད་ནས་གསུངས་ཡོད་ལ། དེ་ཡང་ཐོག་མར་སྔ་རྒོལ་གྱི་འདོད་པ་ངོས་བཟུང་བ་དང༌། དེ་ཇི་ལྟར་དགག་ཚུལ་མདོར་བསྡུས་ཏེ་བསྟན་ནས་བཤད་པ་ལ། དང་པོ། འདིའི་སྔ་རྒོལ་ནི་མུ་སྟེགས་རྒྱང་འཕེན་པ་ཡིན་ལ། དེའི་འདོད་པ་ནི། ལུས་དང་སེམས་གཉིས་མེ་སྒྲོན་མེ་དང་འོད་ལྟར་ལུས་ཀྱི་འབྲས་བུའམ། ཆང་དང་མྱོས་པ་ལྟར་ལུས་ཀྱི་ཡོན་ཏན་ནམ། རྩིག་པ་དང་རི་མོ་ལྟར་རང་བཞིན་གྱི་ཚུལ་གྱིས་བརྟེན་པར་འདོད་ལ། དེ་དག་གང་ལྟར་ཡང་ད་ལྟའི་སྐབས་སུ་སེམས་དེ་ལུས་དེའི་རང་བཞིན་ནམ། ཡོན་ཏན་ནམ་ཁྱད་ཆོས་ལྟ་བུ་ཞིག་ཡིན་པ་ལས། སེམས་སྔ་མའི ་རྒྱུན་ལས་ཕྱི་མ་སྐྱེ་བ་ནི་མི་འདོད་ལ། ལུས་ཀྱི་འབྱུང་བཞི་ཡང་རྟག་པར་འདོད་དོ།།
དེ་དག་དགག་པ་ལ། རྣམ་འགྲེལ་ཚད་མ་གྲུབ་པ་ལས། མ་ཡིན་རྟེན་ནི་བཀག་ཕྱིར་རོ། །ཞེས་པ་ནས། དེ་འདྲའི་སྒྲུབ་བྱེད་ལྷག་ལྡན་འདོད། །ཅེས་པའི་བར་གྱིས་བསྟན་ལ། དེ་ལས། གལ་ཏེ་ལུས་ལས་ཅིག་ཅར་བློ། །སྐྱེས་ཤིང་ཕྱིས་ནི་རང་རིགས་ལས། །ངེས་ན། ཞེས་ཐོག་མར་སེམས་དེ་འབྱུང་བཞི་ལས་སྐྱེས་ཤིང། དེ་ནས་སེམས་ལས་སེམས་སྐྱེ་བར་འདོད་པ་ནི། རྒྱང་འཕེན་པ་རང་གི་འདོད་པ་ཡིན་ཏེ། འཇམ་མགོན་མི་ཕམ་རིན་པོ་ཆེའི་སྐབས་དེའི་འགྲེལ་ཆེན་དེ་ཉིད་ལས། ཕ་རོལ་པོས་ཀྱང་དེ་ལྟར་རིགས་པར་ཤེས་ནས་ཞེས་དང༌། ཁྱོད་དང་མཚུངས་པར་ཁས་བླང་ཆོག་གོ་སྙམ་ན་ཞེས་སོགས་ཀྱིས་གསལ་བོར་ཤེས་ནུས་སོ། །དེ་འགོག་པའི་སྐབས་ཀྱི་རྩ་བའི་མཇུག་དེར། ལུས་ཀྱི་ནུས་པ་ནི། །ཅི་ཡི་ཕྱིར་ན་ལྡོག་པ་ཡིན། །ཞེས་པ་སྟེ། དང་པོ་ལུས་ལས་སྐྱེ་བ་ཡིན་ན། ལུས་ཀྱི་བློ་སྐྱེད་པའི་ནུས་པ་ནི་ཅི་ཡི་ཕྱིར་ན་ལྡོག་པ་ཡིན་ཏེ། སྔར་དང་ཁྱད་མེད་པའི་ཕྱིར་ཞེས། འཇམ་མགོན་མི་ཕམ་རིན་པོ་ཆེའི་འགྲེལ་ཆེན་ལས་གསུངས་ལ། གཞན་བོད་འགྲེལ་ཕལ་ཆེར་གྱིས་འབྱུང་བཞི་རྟག་པ་ཡིན་པའི་ཕྱིར་ཞེས་བཀོན་པས། འགྲེལ་ཆེན་གྱི་དགོངས་པ་ཡང་དེ་ལྟར་དུ་གནས་ལས་འོས་མི་འདུག་སྙམ་མོ། །
དེ་ལྟར་གཞུང་འདིའི་སྔ་རྒོལ་རྒྱང་འཕེན་པ་དག་གིས་ཤེས་པ་དེ་འབྱུང་བཞི་ལས་སྐྱེས་པ་དང༌། དེ་ཡང་ལུས་ཀྱི་འབྱུང་བཞི་ལ་ཐད་ཀར་བརྟེན་པས་ཁྱབ་ལ། དེ་ལྟར་མ་ཡིན་པའི་འབྱུང་བཞི་ལས་ཤེས་པ་སྐྱེད་ཚུལ་ཞིག་གཏན་ནས་མེད་པར་འདོད་ཚེ། དེ་ལྟའི་འདོད་པ་འགོག་པ་ལ། སེམས་དེ་ཉིད་རྒྱུ་མེད་ལས་སྐྱེས་པ་ནི་མི་འཐད་ཅིང༌། རྒྱུ་གཞན་བེམ་པོ་རྟག་པ་ལས་ཀྱང་མི་སྐྱེ་བར་གྲུབ་པས། ཕ་རོལ་པོའི་རྒྱུད་ལ་སྐྱེས་མ་ཐག་པའི་ཤེས་པ་དེ། སེམས་སྔ་མ་ལས་སྐྱེད་དགོས་པར་ཁས་བླང་གི་དབང་གིས་འོས་མེད་ཀྱི་རིགས་པས་གྲུབ་པ་ཡིན་པས། གོང་གི་རྩ་བའི་རྟགས་ཀྱི་རྗེས་ཁྱབ་རྒོལ་བ་དེའི་ངོར་གྲུབ་པ་ཡིན་ནོ། །དེ་ལས་གཞན་དུ་གཞུང་འདིར་འབྱུང་བཞི་ལས་སེམས་སྐྱེད་ན། འབྱུང་བ་ཐམས་ཅད་ལས་སེམས་སྐྱེད་པར་ཐལ་བ་དང༌། ཤི་བའི་ལུས་ལས་ཀྱང་སེམས་སྐྱེད་པར་ཐལ་བ་དང༌། གཞན་ཡང་གོང་དུ་བསྟན་པ་བཞིན་ཐོག་མར་འབྱུང་བ་ལས་སྐྱེད་ན། རྗེས་སུའང་དེ་ལས་སྐྱེད་པར་ཐལ་བ་སོགས་འབྱུང་བཞི་ཙམ་ལས་གཞན་མི་དགོས་པ་དང༌། འབྱུང་བ་རྟག་པར་ཁས་བླངས་པ་སོགས་ཀྱི་གནད་ཀྱིས་མིན་ཚེ། འབྱུང་བཞི་དྭངས་མ་ཁྱད་པར་བ་དང༌། དེ་ཡང་མི་རྟག་པར་འདོད་ཅིང༌། ཐོག་མར་འབྱུང་བའི་དྭངས་མ་ལས་སྐྱེས་ཤིང༌། དེ་ནས་རང་གི་རིགས་རྒྱུན་ལས་སྐྱེད་པར་འདོད་པ་ལྟ་བུར་ཁས་བླངས་ཚེ། གོང་གི་རྟགས་རྣམས་ཀྱིས་ཁྱབ་པ་ཇི་ལྟར་སྒྲུབ་བློ་དང་ལྡན་པ་དག་གིས་ཞིབ་ཏུ་བསམ་པར་བྱ་དགོས་ཏེ། རང་ཅག་གི་ལུགས་འདི་ཕྱི་དོན་ཡོད་གཞིར་གཞག་ཚེ། ཕར་བལྟས་ན་ཤ་དང་རུས་པའི་ཕུང་པོ་ཙམ་མ་ཡིན་པར། རྩ་ཐིག་རླུང་གསུམ་གྱི་བཀོད་པ་དང༌། དེ་ཡང་ཕྲ་རགས་ཀྱི་རྣམ་གྲངས་མང་དུ་འཆད་རྒྱུ་ཡོད་ཡིན་ན། ཐོག་མར་ལུས་འདི་ཇི་ལྟར་སྐྱེ་ཚུལ། མཐར་གང་ལ་གནོད་ནས་འཆི་བར་གྱུར་པའི་ཚུལ་དག་ཕལ་པའི་བློས་ཤེས་པར་དཀའ་བས་སོ། །དེས་ན་རྒྱང་འཕེན་པ་དག་གིས་ཀྱང་ཚུར་མཐོང་གི་དཔྱད་པ་འདི་ཙམ་གྱིས་སེམས་ཀྱི་རྒྱུན་ཁས་ལེན་ཚུལ་ཞིག་ཡིན་ལ། དགག་པའང་དེ་ལ་ལྟོས་ནས་དགག་པའི་ཚུལ་ཙམ་དུ་བཟུང་ན་འཐད་པར་སེམས་སོ། །དེ་ལྟར་མ་ཡིན་པར་རིགས་པའི་འགྲོ་ཚུལ་གཞན་རེ་ཡོད་ན་སྙིང་ནས་ཡི་རང་བའི་གནས་སུ་གྱུར་མོད། ཁོ་བོས་གཞུང་འདི་དག་གི་དོན་ལ་ཞིབ་ཏུ་དཔྱད་ཁུལ་བགྱིས་ཀྱང༌། དེ་ཙམ་ལས་རྟོགས་པར་མ་གྱུར་ཏོ། །འོ་ན་དེ་ལྟའི་འབྱུང་བཞི་ཁྱད་པར་བ་སོགས་ཐོག་མའི་སེམས་ཀྱི་རྒྱུར་ཁས་ལེན་ཅིང༌། དེ་ནས་རིགས་འདྲའི་སེམས་ཕྱི་མ་སྐྱེས་ནས་མ་ཐར་རྒྱུན་ཆད་པར་འདོད་པ་ལྟ་བུ་སོགས་འགོག་བྱེད་གང་ཡིན་སྙམ་ན། འདི་དག་གི་དོན་འཇམ་མགོན་བླ་མ་རིན་པོ་ཆེའི་རྣམ་འགྲེལ་འགྲེལ་ཆེན་གྱི་འཁོར་བའི་ཕྱི་མཐའ་སྒྲུབ་པའི་སྐབས་སུ་གསུངས་པའི་གནད་དོན་མདོ་ཙམ་འོག་ཏུ་འགོད་པར་བྱ་བ་ཡིན་པས་འདིར་མི་སྨྲའོ།།
ད་ནི་སྐྱེ་བ་ཕྱི་མ་སྒྲུབ་པ་ལ་རྩ་བའི་རྟགས་ནི། སྐྱེས་བུ་ཐ་མལ་བའི་འཆི་སེམས་སྐད་ཅིག་ཐ་མ་ཆོས་ཅན། ཕྱི་མའི་སེམས་སྐྱེ་ངེས་ཡིན་ཏེ། རྒྱུ་ཚོགས་ཚང་ཞིང་གེགས་མེད་པ་ཡིན་པའི་ཕྱིར། དཔེར་ན་ད་ལྟའི་ཤེས་པ་བཞིན་ཞེས་པ་སྟེ། འདིའི་ཁྱབ་པ་ནི་སྒྲུབ་སླ་ལ། རྟགས་ལ་རྒྱུ་ནི་སྲེད་བཅས་ཀྱི་སེམས་སྔ་མ་ཡིན་ཞིང༌། དེ་ལ་གེགས་བདག་མེད་པར་རྟོགས་པ་མེད་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་མཐུན་དཔེ་སྒྲུབ་པའི་སྐབས་སུ་བཤད་པ་བཞིན། ད་ལྟའི་སེམས་ཕྱི་མ་དག་གི་ཉེར་ལེན་གྱི་རྒྱུ་དེ། སེམ་སྔ་མ་ཁོ་ན་ཡིན་པར་གྲུབ་མོད། དཔེར་ན་མེ་ལོང་ནང་གི་གཟུགས་བརྙན་དེའི་ཉེར་ལེན་གྱི་རྒྱུ་དེ་མེ་ལོང་མ་ཡིན་ཀྱང༌། གཟུགས་ཀྱི་སྐད་ཅིག་རེ་རེ་བཞིན་རྐྱེན་མེ་ལོང་ལ་ལྟོས་དགོས་ཤིང༌། མེ་ལོང་ཆགས་ན་གཟུགས་བརྙན་མེད་པར་འགྱུར་བ་བཞིན་ཏེ། སེམས་དེ་ཡང་རིགས་འདྲ་སྔ་མས་ཕྱི་མ་བསྐྱེད་པ་ལ། རྐྱེན་ལུས་དང་དབུགས་སོགས་ལ་ལྟོས་དགོས་ཤིང༌། མཐར་ལུས་ལ་སྐྱོན་ཆེན་པོ་བྱུང་ཚེ། སེམས་ཀྱང་རྒྱུན་ཆད་པ་ཞིག་ཡིན་ནམ་སྙམ་ན། དེ་ལ་འདི་ལྟར་སྣོད་ཀྱི་ནང་དུ་ཡོད་པའི་ཆུ་དང་མེ་ལོང་ནང་གི་གཟུགས་བརྙན་ཡང་མི་གསལ་བ་དང༌། མེ་ལོང་གཡོ་ན་གཟུགས་བརྙན་ཡང་གཡོ་བ་དང༌། མེ་ལོང་རྡུལ་གྱིས་གོས་ན་གཟུགས་བརྙན་ཡང་མི་གསལ་བ་དང༌། མེ་ལོང་ཆག་གྲུམས་བྱུང་ཚེ་གཟུགས་བརྙན་ཀྱི་དུ་མར་འགྱུར་བ་བཞིན་དུ། སྣོད་ཚ་བར་གྱུར་ན་ཆུ་ཡང་ཚ་བ་དང༌། དེ་བཞིན་དུ་སྣོད་འགུལ་ཚེ་ཆུ་ཡང་གཡོ་བ་དང༌། སྣོད་ཀྱི་དབྱིབས་ཇི་འདྲ་བར་ཆུའི་དབྱིབས་དེ་འདྲ་བ་སོགས་སུ་སྣང་བ་ཡིན་པས་སོ། །དེ་དག་ནི་ཆུའི་ཁྱད་པར་ལ་ཕན་པའི་བྱ་བ་བྱས་པ་ལས་ངོ་བོ་ལ་ཕན་བཏགས་པ་མིན་སྙམ་ན། དེ་ལྟར་ན་གཟུགས་བརྙན་ལའང་གསལ་མི་གསལ་གསོགས་ཁྱད་པར་ཡིན་པར་མཚུངས་སོ། །
དེ་ལྟར་ལུས་སེམས་གཉིས་ཀྱང་ད་ལྟའི་སྐབས་སུ་ཕོ་མོའི་ལུས་ཀྱི་ཆགས་དབྱིབས་སོ་སོའི་དབང་གིས་ནང་སེམས་ལའང་སྤོབས་པ་ཆེ་ཆུང༌། ཤེས་རབ་གསལ་མི་གསལ་སོགས་དང༌། ལུས་ཀྱི་གནད་ཆེ་ཤོས་མགོའི་རྩ་སོགས་ལ་སྣད་སོང་མ་སོང་གིས་སྐྱེས་བུ་འདྲ་འདྲ་གཉིས་ལའང་དྲན་པ་གསལ་མི་གསལ། ཤེས་པ་རྣལ་དུ་གནས་མི་གནས། གཞན་ཡང་རྒན་གཞོན་གྱི་ལུས་སོ་སོའི་དབང་གིས་སེམས་སྟོབས་ཆེ་ཆུང་སོགས་སྣ་ཚོགས་སུ་འབྱུང་ལ། འདི་ཡང་འགའ་རེ་ནི་ལུས་དེས་རང་སྟོབས་ཀྱིས་བསྐྱེད་པ་མ་ཡིན་ཡང༌། ལུས་ལ་གཟུང་དོན་བྱས་པའི་དབང་གིས་བྱུང་བ་ཡང་ཡོད་དེ། དཔེར་ན་བུ་ཤི་བའི་གཏམ་ཐོས་ཚེ། མའི་སེམསབརྒྱལ་བར་གྱུར་བ་ལྟ་བུ་ཡིན་ཡང༌། འགའ་རེ་ནི་རྟེན་ལུས་དེས་ཕན་པའི་རྐྱེན་བྱས་པའང་ཡོད་དེ། དཔེར་ན་ལུས་ཐམས་ཅད་གཟུང་དོན་ཕྱས་པ་མཉམ་ཡང༌། མཛུབ་མོ་ཞིག་བཅད་པ་ལས་རྩའི་གནད་འགའ་རེ་གཏར་བསྲེགས་བྱས་ན། དྲན་པ་དང་བློ་གསལ་བ་ལ་གནོད་པ་བཞིན་ནོ། །དེས་ན་མེ་ལོང་ནང་གི་གཟུགས་བརྙན་དང་སྣོད་ཀྱི་ནང་གི་ཆུ་གཉིས་རྟེན་དེ་དང་དེའི་འབྲས་བུ་རང་གི་ངོ་བོ་ཙམ་སྐྱེད་པ་ལ་ཕན་འདོགས་པའི་རྐྱེན་བྱས་མ་བྱས་ནི། སྔར་དང་རྗེས་སུ་ཚོགས་པ་གྱེས་ནས་སོ་སོར་གནས་ཚེ། ཆུས་རང་གི་རྡུལ་ཕྲན་ཕྱི་མ་རྣམས་བསྐྱེད་ནས་གནས་ཤིང༌། གཟུགས་བརྙན་ནི་མེ་ལོང་མེད་ཚེ། དེ་མ་ཐག་མེད་པར་གྱུར་པ་ལས་དེ་གཉིས་ལྷན་དུ་གནས་ཚེ། རྒྱུ་མཚན་གཞན་འཚོལ་མི་ནུས་པ་འདྲའོ། །
དེ་བཞིན་དུ་ལུགས་སེམས་གཉིས་ཀྱང་ད་ལྟའི་དུས་ན་དཔེ་དེ་དག་དང་ཤིན་ཏུ་མཚུངས་ལ། སྔར་དང་ཕྱིས་སུ་ལུས་སེམས་ཀྱི་ཚོགས་པ་གྱེས་ཚེ། ཇི་ལྟར་གྱུར་རང་ཅག་ལ་ཉམས་མྱོང་མེད་པས་མི་རྟོགས་སོ། །འོན་ཀྱང་སྔོན་གྱི་སྐྱེས་ཆེན་དག་གིས་གདམས་ངག་ཟབ་མོ་ཉམས་སུ་བླངས་པའི་གྲུབ་པའི་འབྲས་བུ་ལ་འཕོ་བ་གྲོང་འཇུག་ལ་བརྟེན་ནས་ཤེས་པ་ལུས་གསར་པ་གཞན་འཇུག་པ་དང༌། ལུས་ཤུལ་དུ་བཞག་ནས་སེམས་སྤྲུལ་སྒྱུར་བྱས་ནས་གཞན་དུ་འགྲོ་བ་ཡོད་པ་སོགས་སེམས་འདིའི་རང་གི་རིགས་འདྲ་ཕྱི་མ་ཙམ་བསྐྱེད་པ་ལ། ད་ལྟའི་ལུས་འདི་ཁོ་ན་ལ་ལྟོས་མི་དགོས་པའི་འབྲས་རྟགས་ཡང་དག་ཡིན་ནོ།།
གལ་ཏེ་དེ་ལྟར་ལུས་ལ་ལྟོས་མེད་དུ་སེམས་རང་གི་རིགས་རྒྱུན་ཕྱི་མ་ཙམ་སྐྱེད་པ་དངོས་སྟོབས་ཀྱིས་མ་གྲུབ་ཚེ། ཚད་མ་རྣམ་འགྲེལ་གྱི་གཞུང་དེ་ཉིད་ལས། སྐྱེ་བ་ཕྱི་མ་ཡོད་ངེས་ཡིན་པར་རྒྱང་འཕེན་པའི་ངོར་རིགས་པས་སྒྲུབ་མི་ནུས་སམ་སྙམ་ན་མིན་ཏེ། རྣམ་འགྲེལ་ལས། ཚེ་འདི་ཉིད་ཀྱི་སྐྱེད་མཆེད་ལྔ། །ལུས་གཞན་སྐྱེ་བའི་རྒྱུ་ཉིད་ཡིན། །ཞེས་པ་སྟེ། དཔེར་ན་འཆི་ཁའི་ལུས་ཐ་མ་དེས་ཉེར་ལེན་གྱི་རྒྱུ་བྱས། ལུས་ལ་སྲེད་པའི་སེམས་ཀྱི་རྐྱེན་བྱས་ནས་སེམས་ཀྱི་རྟེན་བར་དོའི་ལུས་དེ་གྲུབ་ནས། ལུས་སེམས་ཚོགས་པའི་སྐྱེ་བ་ཕྱི་མར་འགྲུབ་པར་འགྱུར་བས་སོ། །འོ་ན་འཆི་ཁའི་སེམས་དེས་ལུས་ཕྱི་མ་ཞིག་སྐྱེ་ངེས་ཡིན་པའི་རྒྱུ་མཚན་གང་ཞེ་ན། འཇམ་མགོན་བླ་མ་རིན་པོ་ཆེའི་རྣམ་འགྲེལ་འགྲེལ་ཆེན་གྱི་སྐབས་འདིར། དེ་ལྟར་བསྟན་པ་དེ་ཙམ་གྱིས་དབང་པོ་སོགས་རིགས་འདྲ་སྔོན་སོང་གྲུབ་པ་ཡིན་ལ། དོན་དུ་ན་སེམས་ཀྱི་བག་ཆགས་སད་པ་ཙམ་ལས་ལུས་སུ་སྣང་བར་ཤེས་པར་བྱ་སྟེ། སྔ་མའི་ལུས་སུ་སྣང་བའི་བག་ཆགས་སད་པའི་སྐྱེ་མཆེད་ལྔ་པོ་འདིས་ཉེར་ལེན་བྱས། ཡིད་བློ་ལུས་ལ་དྲེད་པ་དང་བཅས་པས་ལྷན་ཅིག་བྱེད་རྐྱེན་བྱས་ནས་སླར་ཡང་ལུས་སེམས་བར་མ་ཆད་པར་སྣང་སྟེ། རྨི་ལམ་གྱི་ལུས་བཞིན་ནོ། །ཞེས་གསུངས་པ་སྟེ། དབང་པོ་དང་བཅས་པའི་ལུས་འདིའི་རྒྱུ་རྐྱེན་ནི་གནད་གཏུགས་ན་སེམས་ཀྱི་བག་ཆགས་དང་རྐྱེན་སྲེད་པ་གཉིས་ཡིན་ལ། ལུས་ནི་དེ་ལས་བྱུང་བའི་རྨི་ལམ་གྱི་ལུས་ལྟ་བུ་ཞིག་ཡིན་ཞིང༌། དེས་ན་འཆི་ཁའི་སྐབས་སུ་ཡང་རྒྱུ་དེ་གཉིས་ཡོད་པས། རྒྱུ་ཚོགས་ཚང་ཞིང་གེགས་མེད་པས་སྐྱེ་བ་ཕྱི་མ་སྐྱེད་ངེས་ཡིན་ནོ། །དེ་ལྟར་འཆི་ཁའི་སེམས་ལས་ཕྱི་མའི་ཤེས་པ་ཞིག་སྐྱེ་བ་ཡོད་པར་གྲུབ་ཚེ། སྐྱེ་བ་སྔ་མ་ཡང་གྲུབ་སྟེ། སེམས་གཅིག་གི་ཐོག་མའི་ཉེར་ལེན་གྱི་རྒྱུ་དེ་སེམས་ཡིན་ན། སེམས་ཀུན་གྱི་ཐོག་མའི་ཉེར་ལེན་གྱི་རྒྱུ་འདྲ་བ་ཡིན་དགོས་ཏེ། རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་ལ་ཐོག་མའི་ཉེར་ལེན་གྱི་རྒྱུའི་རིགས་བརྗེ་བ་གཏན་ནས་མི་སྲིད་པས་སོ། །འོ་ན་རྒྱང་འཕེན་པའི་ངོར་སྣང་བ་སེམས་སུ་གྲུབ་པའི་རིགས་པ་སྔོན་དུ་ནས་སྐྱེ་བ་ཕྱི་མ་སྒྲུབ་དགོས་སོ་སྙམ་ན་མིན་ཏེ། རྒྱང་འཕེན་པའི་ངོར་གོང་གི་གཞུང་ལས་བསྟན་པའི་རིགས་པ་དག་གིས་སྐྱེ་སྔ་མ་ཡོད་པར་བསྒྲུབས་ཟིན་ཚེ། ལུས་ཀྱི་སྐྱེད་མཆེད་དག་གིས་ཀྱང་རྐྱེན་དང་འབྲེལ་ཚེ། ཕྱི་མའི་རིགས་འདྲ་སྐྱེད་པར་བསྒྲུབ་སླ་བས་སོ། །དེ་ཡང་དཔེར་ན། དོན་དུ་མེ་སྣང་བག་ཆགས་ཀྱི་སྙིང་པོ་ལས་དུ་བ་སྐྱེ་བར་སྣང་བ་ཡིན་ཀྱང༌། ཐ་སྙད་ཀྱི་སྣང་ཚུལ་གཞིར་བཞག་ཚེ། ཕྱི་དོན་མེ་ལས་དུ་བ་སྐྱེ་བར་སྒྲུབ་པ་བཞིན་ནོ། །དེས་ན་འཇམ་མགོན་བླ་མ་རིན་པོ་ཆེའི་གསུང་དྲང་མ་ཐག་པ་དེ་ལས། དེ་ལྟར་བསྟན་པ་འདི་ཙམ་གྱིས་དབང་པོ་སོགས་རིགས་དྲ་སྔོན་སོང་གྲུབ་པ་ཡིན་ལ། དོན་དུ་ཞེས་སོགས་ཀྱི་གསུང་གི་གནད་འདི་རྣམས་དོན་འདི་རིགས་ལ་དཔྱོད་པར་འདོད་པ་དག་ལ། འཆི་ཁ་མ་ལ་སྲོག་བསྩལ་བ་ལྟ་བུའི་མན་ངག་སྣང་བ་མ་ཡིན་ནམ། །ཞེས་སོ།།༽
རིང་དྲག་ནས་ཀློག་ཡས་ཀྱི་དུས་ཚོད་བྱུང་མ་སོང༌། རྗེས་སུ་ལྟ་མཆོག་པ་ཞུ་ཡི་ཡིན།
ད་རེས་གུག་རྟགས་མེད་པ་བྱས་འདུག ག་ལེར་ཀློག་ཡ་གི་ཐབས་ཤེས་བྱ་གི་ཡིན།
འགོ་ནས་ཅུང་ཟད་བཀླགས་ནས། འདི་མཐོང་བྱུང་། ་་་་་་ ཉེར་ལེན་གྱི་རྒྱའི་གོ་དོན་ནི། འབྲས་བུ་དེ་ལ་རྒྱུན་ཡོད་ན། རྒྱུ་དེའི་རིགས་རྒྱུན་དུ་གྱུར་པ་ཞིག་ཡིན་དགོས་པ་གང་ཞིག ་་་་ཟེར་བ་ནི་མི་འཐད་དེ། དེའི་ཉེར་ལེན་ཡིན་ན་། དེའི་རྫས་རྒྱུན་ཡིན་པས་ཁྱབ་ཀྱང་། དེའི་རིགས་རྒྱུན་ཡིན་པས་ཁྱབ་པ་མེད་དོ། །
“སྐྱེས་མ་ཐག་པའི་རིགས་པ་དེ་རིགས་འདྲེའི་རིགས་པ་སྔ་མ་སྔོན་སོང་ཡིན་ཏེ། རིག་པ་ཡིན་པའི་ཕྱིར།” འདི་འདྲ་བའི་སྟེང་འོག་དག་ཆ་མི་མཐུན་པ་འབྲི་བ་ལས། རང་གིས་བྲིས་པའི་རྗེས་སུ་ཡི་གེ་དག་མ་དག་ལ་དཔྱད་པ་བྱ་དགོས། སྐབས་འགར་ཞུས་དག་ལན་མང་བྱས་ཀྱང་། མ་དག་པ་འབྱུང་བ་ངས་ཉམས་མྱོང་ལས་ཤེས། སྔར་བོད་དུ་ཞུས་དག་ལེགས་པར་མཛད་མཁན་ཀུན་གྱིས་ཡི་གེ་དག་ལ་སྦྱོར་ཀློག་བྱས་ཏེ། ཞུས་དག་གཏོང་། ཞེས་ཁུ་ན་བླ་མ་རིན་པོ་ཆེའི་ཞལ་སྔ་ནས་གྲོང་ཁྱེར་གསལ་ལྡན་དུ་ཐོས་སོ།།
ཀརྡོ་གཉེར་ཕྱག་པ་ལེགས།
“དེའི་ཉེར་ལེན་ཡིན་ན་། དེའི་རྫས་རྒྱུན་ཡིན་པས་ཁྱབ་ཀྱང་། དེའི་རིགས་རྒྱུན་ཡིན་པས་ཁྱབ་པ་མེད་དོ། །”ཞེས་པར་
རྫས་རྒྱུན་དང་རིགས་རྒྱུན་གྱི་ཁྱད་པར་ངས་དངོས་གནས་མི་ཤེས། འདི་ལ་ཞིབ་གསལ་ཞིག་གསུང་གྲོགས་མཛོད།
བེའུ་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། སྐྱེས་ཙམ་ཉིད་ནས་ནུ་མ་ནུ་ཤེས་པའི་ཕྱིར། ཟེར་བ་ནི་ཁག་པོ་རེད། དེ་ཡིན་ན་བེའུ་ཡིན་ན་སྔར་ཀྱང་བེའུ་ཡི་ལུས་སུ་སྐྱེས་པ་ཡིན་དགོས་སམ།
„ཚད་མ་རྣམ་འགྲེལ་ལས། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི།„ འབྱུང་རྐུབ་དབང་པོ་„ཧ་ཧ་ཚིག་འདི་་་་་་་་་། འདི་འདྲ་ཡི་གེ་ཁ་ཤས་གྱུར་འགྲོ་བ་སུའི་སྐྱོན་རེད། ཁ་རྡ་ཚང་ཐབས་ཤེས་དེ་འདྲ་aཨེ་ཡོད།
རྫས་རྒྱུན་དང་རིགས་རྒྱུན་གྱི་ཁྱད་པར་རོབ་ཙམ་བཤད་ཁུལ་བྱས་ན།
དཔེར་ན། གསེར་རྡོག་རྡོག་དེ། བུམ་པ་བཟོས་ཟིན་དུས། རྡོག་གི་རིགས་རྒྱུན་ཉམས་ནས་བུམ་པའི་རིགས་རྒྱུན་གྱི་ངོ་བོར་འགོ་ཚུགས་པ་རེད། ཡང་བུམ་པ་དེ། གསེར་སྐུ་བཟོས་པ་ཡིན་ན། བུམ་པའི་རིགས་རྒྱུན་མེ་པར་ཆགས་ནས། གསེར་སྐུའི་རིགས་རྒྱུན་གསར་དུ་གྲུབ་པ་རེད། འོནད་ཀྱང་། གསར་རྡོག་རྡོག་གི་རྫས་གསེར་ཡིན་པ། གསེར་བུམ་གྱི་རྫས་གསེར་ཡིན་པ་དང་། གསེར་སྐུའི་རྫས་གསེར་ཡིན་པའི་རྫས་རྒྱུན་དེ་དུས་སྔ་ཕྱི་ཙམ་མ་གཏོགས་གསེར་རང་ཡིན་པ་ལ་འགྱུར་བ་མེད་པ་ལྟར།
ལུས་སེམས་གཉིས་ཀྱི་རྫས་རྒྱུན་དང་རིགས་རྒྱུན་གཉིས་སྐྱེ་བ་སྔ་ཕྱི་མུ་མཐུད་ནས་འགྲོ་དུས་རྫས་རྒྱུན་ནི་ཆོས་ཉིད་ཀྱིས་གྲུབ་པ་ལྟ་བུ་དང་། རིགས་རྒྱུན་ལ་ལས་ནུས་པ་མཐུ་ཅན་གྱིས་གསར་དུ་བཅོས་ནས། མི་ལུས་ནས་དུད་འགྲོ་དང་། དུད་འགྲོ་ནས་མི་ལུས་སུ་གྲུབ་པ་མིན་ནམ་སྙམ་པས་དཔྱད་པར་མཛོད་ཅིག
གསེར་བུམ་གྱི་རྫས་རྒྱུན་དང་རིགས་རྒྱུན་སོ་སོར་ཡོད་པ་ཡིན་ན་ཡང་། སྤྱིར་རིགས་རྒྱུན་ཡིན་ན། རྫས་རྒྱུན་མིན་པས་མ་ཁྱབ་སྟེ། གསེར་གྱི་གོང་བུ་དང་། བུམ་པའི་དབྱིབས་ནས་གསེར་སྐུའི་བྱད་གཟུགས་སུ་གྲུབ་པ་དེ་ཡང་དབྱིབས་ཀྱི་རྫས་རྒྱུན་ལབ་ཆོག་སྙམ་ཡང་། དེ་ལྟར་ཐ་སྙད་ཡོད་མེད་གསལ་པོ་མི་དྲན།
རྒྱུ་འབྲས་ཀྱི་དབང་དུ་བྱས་ན། ཉེར་ལེན་དེ། གཙོ་བོ་རྫས་རྒྱུན་དང་། ལྷན་ཅིག་བྱེད་རྐྱེན་དེ་གཙོ་བོ་རིགས་རྒྱུན་གྱི་གྲུབ་པའི་རྒྱུ་བྱེད་པར་མངོན་ནོ། །
གསེར་གྱི་རིགས་རྒྱུན་དེ་གསེར་རྒྱན་དུ་ཡོད་པ་དང་གསེར་བུམ་པར་ཡོད་པ་ཐམས་ཅད་དུ། ཡོད་དགོས་ཏེ། གསེར་ལ་བཟོས་པའི་དངོས་པོ་ཞིག་ཡིན་ན། འདི་གསེར་གྱི་རིགས་ཡིན། ཞེས་འཇིག་རྟེན་ན། ཐམས་ཅད་ཀྱིས་སྨྲ་བའི་ཕྱིར།
སྐྱེ་བ་གཞན་དུ་མཚམས་སྦྱོར་བའི་རྒྱུ་སྲེད་པ་སྤང་བའི་དགྲ་བཅོམ་པའི་རྫས་རིགས་དང་། བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་བའི་རྫས་རིགས། སངས་རྒྱས་ནས་སླར་སྤྲུལ་བའི་སྐུར་བཞེངས་དུས་ཀྱི་རྫས་རིགས་རྒྱུན་ཇི་ལྟར་འཇོག
ངས་སྔོན་ཝཱ་ཎར་རྒུན་འབྲུམ་གྱི་སྡོང་བུ་ཞིག་བཙུགས་པ་ན། ཡལ་ག་དག་ན་དཀྲི་བྱེད་ཀྱི་སྐུད་པ་ལྟ་བུ་ཡོད་པ་དག་གིས་དཀྲི་བྱའི་ཤིང་ལྟ་བུ་འཚོལ། ཤིང་ལྟ་བུ་དཀྲི་བྱ་རྙེད་པ་ན་དེ་ལ་དཀྲིས་ཏེ། སྡོང་བུ་ཡར་འདྲེན་ཐབས་བྱེད། ཤིང་སོགས་དཀྲི་བྱ་མ་རྙེད་ན། སྡོང་བུ་ན་སྐུད་པ་ལྟ་བུ་ཡོད་དེ་དག་བར་སྣང་ལ་འགུལ་བཞིན་དཀྲི་བྱ་འཚོ་ལ་བ་མཐོང་ངོ་།།
དགྲ་བཅོམ་པ་ནི། འཁོར་བ་པའི་རིགས་རྒྱུན་ཆད་པ་ལས། གང་ཟག་གི་རྫས་རྒྱུན་ཆད་མེད། དེ་བཞིན་དུ་བྱང་སེམས་སྲིད་པ་མཐའ་མ་པ་སངས་རྒྱས་དུས། དེའི་བྱང་སེམས་དང་། སེམས་ཅན་གྱི་རིགས་རྒྱུན་ཆད་པ་ལས་གང་ཟག་གི་རྫས་རྒྱུན་ལ་མཐའ་མེད་པར་འདོད།
གང་ཟག་གི་རྫས་རྒྱུན་རྫས་རྒྱུན་གསུངས་ན་གང་ཟག་རྫས་སུ་གྲུབ་པར་འདོད་པ་ཡིན་ནམ། ཡང་ན་རྫས་རྒྱུན་ཡོད་ན་རྫས་གྲུབ་ཡིན་པས་མ་ཁྱབ་ཟེར་རམ། ད་ནི་ངས་ཀྱང་ཚད་མའི་རིགས་པ་ཤེས་གྲབས་བྱེད་ཀྱི་འདུག་ད་ཧ་ཧ་ཧ་
དུད་འགྲོའི་ཤེས་པའི་རིགས་རྒྱུན། མིའི་ཤེས་པའི་རིགས་རྒྱུན། ལྷའི་ཤེས་པའི་རིགས་རྒྱུན་། འཁོར་བ་པའི་ཤེས་པའི་རིགས་རྒྱུན་ལ་ཐོག་མཐའ་ཡོད། སངས་རྒྱས་ཀྱི་ཤེས་པའི་རིགས་རྒྱུན་ལ་ཐོག་མ་ཡོད་ཀྱང་མཐའ་མ་མེད། ཤེས་པའི་རྫས་རྒྱུན་ལ་ཐོག་མ་དང་མཐའ་མ་གཉིས་ཀ་མེད།
ཤེས་པའི་རྫས་རྒྱུན་ལ་ཐོག་མཐའ་མེད་པ་ལྟར། ཤེས་པའི་རིགས་རྒྱུན་ལ་ཡང་ཐོག་མཐའ་མེད།
ཀརྡོ་ལགས།
རིག་པ་རྣལ་དུ་ཕབ་ནས་བཤད་ན་ཡག་པོ་འདུག་ཁྱེད་ལ་དྲི་བ་ཞིག་ཡོད་སེམས་ཅན་གྱི་སྐྱེ་བ་ལ་ཐོག་མ་ཡོད་དམ་མེད་ལན་ཞིག་ངེས་པར་དུ་གནང་རོགས་ཞུ་ཡག་དང་། དུད་འགྲོའི་ཤེས་པའི་རིགས་རྒྱུན་ལ་ཐོག་མ་མེད་ཅེས་བརྗོད་ན་སྐྱོན་ཅི་ཡོད།
དངོས་པོ་གང་དང་གང་གི་རིགས་རྒྱུན་དང་རྫས་རྒྱུན་འགལ་ལམ་ཡང་ན་ཁྱད་པར་གཞན་ཞིག་ཡོད་།
རྫས་དང་རིགས་ཞེས་པ་དེ་དངོས་གནས་གོ་རྒྱུ་ཧ་ལས་པའི་ཆེན་པོ་ཡོད། རྫས་རང་ལ་མཁས་པ་མཚན་རིག་པ། རིགས་རང་ལ་མཁས་པ་ནང་རིག་པ་ཞེས་བརྗོད་ན་འཐུས་སོ།།
དྷི་ལྷ་ལྡན་གྱིས། བོར་སོང་བའི་མདའ་སྨྱུག ཅེས་ལས།
ཉིས་སྟོང་བརྒྱད་ཡས་མས་ཤིག་ནས་བོད་ཀྱི་རྩོམ་སྟེག་གི་མདའ་སྨྱུག་བོར་སོང་ ཞིང་། ཁོ་ནི་སྤྱི་ཚོགས་དང་རྩོམ་སྟེག་ནས་བོར་བ་ཙམ་དུ་མ་ཟད། ཁྱིམ་ཚང་དང་གཉེན་ཉེ་ཡོད་ཚད་ཀྱིས་ཀྱང་བོར་སོང་བ་རེད་ཅེས་སུ་ཐོས། མི་ཞིག་འདི་ལྟར་བོར་འགྲོ་བ་དཔེ་མི་སྲིད་པ་ཞིག་ཡིན་སྲིད་ནའང་། ཕྱོགས་གཅིག་ནས་བོད་ལ་མཚོན་ན་མི་བུ་དང་དཔའ་རྒོད་རེ་རེ་ནི་བོར་དང་འབོར་བཞིན་ འདུག་སྟེ། ཁོ་ཚོ་གང་ཞིག་ཏུ་སོང་བའམ། སུ་ཞིག་གིས་འཁྲིད་སོང་བ་སུས་ཀྱང་ཤེས་གིན་མེད།
ཁོ་གལ་ཏེ་དེ་ལྟར་བོར་སོང་བ་བདེན་པ་ཡིན་པའི་དབང་དུ་ན་བདག་ལ་འདི་འདྲའི་ རྣམ་པར་རྟོག་པ་འགའ་མཆིས་ཏེ། ཁོ་ཁོར་ཡུག་ཅིག་གིས་ཁྱུར་མིད་བཏང་བའམ། ཡང་ན་ནང་མི་ཞིག་གིས་དམར་གསོད་བཏང་བའམ། ཡང་ན་ཁོས་ཁྱིམ་གཞིས་ཆུང་ཆུང་རེ་བཅོས་ནས་ས་མཐའ་ཞིག་ཏུ་སྦས་ཤིང་སྐུང་བའམ། དེ་མིན་ན་ཁོ་ཆུང་དུས་སྐྱེད་བསྲིངས་པའི་བག་ཆགས་སླར་སད་དེ་དབེན་པའི་རི་ལ་ བྱིན་པ་དེ་བཞི་གང་རུང་ཞིག་ལས་འགྲོ་ས་གཏན་ནས་ཡོད་མི་སྲིད།
སྐབས་འདིར་བདག་གིས་ཞུ་འདོད་པ་ནི《མདའ་སྨྱུག་འཚོལ་བ》ཞེས་པའི་དེབ་ཅིག་གམ། ཡང་ན་དེ་ལྟའི་ས་ཁོང་གཞན་ཞིག་འཚོལ་བར་འདོད་དེ། འདི་ནས་མདའ་སྨྱུག་གི་བསམ་བློ་དང་མདའ་སྨྱུག་གི་བཞུད་ལམ་འཚོལ་ཆོག་ལ། མདའ་སྨྱུག་གི་ཚེ་སྲོག་དང་མདའ་སྨྱུག་གི་ཁོར་ཡུག་འཚོལ་ཆོག ལྷག་པར་དུ་མདའ་སྨྱུག་སྟེ་མདའ་སྨྱུག་རང་ཉིད་འཚོལ་དགོས་པ་སྟེ། བོད་ཀྱི་མི་རབས་གསར་བའི་ངོས་ནས་གླེང་ཆོག་ཆོག་གི་མི་བུ་འདི་ཉིད་གློ་བུར་དུ་ གང་ལ་ཆས་སོང་ཞིང་། ཁོའི་ཚེ་སྲོག་གི་མར་མེ་ཆུང་ཆུང་དེ་ད་དུང་འཇིག་རྟེན་འདིར་གནས་ཡོད་མེད་དེ་ འཚོལ་འདོད་པ་ཡིནཔས། མདའ་སྨྱུག་དགྲ་རུ་བརྩི་ཞིང་མདའ་སྨྱུག་གདོན་དུ་བགྲང་མཁན་དག་ཕུད་ཤུལ་གྱི་མི་ བུ་དག་གི་སྐད་ཆ་དང་ལྟ་བ་ལ་བདག་གིས་
སྒུག་དེ་བསྡད་ངེས།
ད་དུང་མདའ་སྨྱུག་དང་འདྲ་བའི་མི་བུ་ཆེ་འགའ་གླེང་རྒྱུ་མཆིས་ཏེ། ང་དང་གནང་ནས་འུ་ཚོས་དལ་གྱིས་གླེང་ཆོག་ཅིང་། ཕྱོགས་གཅིག་ནས་ཁོ་ཚོ་ད་ལྟ་འཚོ་ཞིང་གཞིས་པ་ལགས་པས་དེ་ཙམ་བྲེལ་ལངས་དོན་མི་ འདུག་ནའང་།
བོད་མིའི་རྩོམ་སྟེགས་སྟེང་གི་མདའ་སྨྱུག་ཅེས་པའི་མི་བུ་འདི་འདི་ལྟར་ བོར་སོང་ནའང་། རྩོམ་སྟེགས་ད་དུང་དེ་ཕྱོགས་ནས་འཇམ་དལ་ལེར་བསྡད་ཡོད་པ་ནི་འུ་ཚོའི་སྟོང་ཆ་ལས་ ཀྱང་ཆད་རིམ་ཞིག་ཏུ་མི་བགྲང་ཐུ་མེད་དུ་འདུག
རིགས་ལྡན་རྒྱལ་པོ་ལགས།
རྫས་དང་རིགས་ཀྱི་སྐོར་ལ་གང་དྲན་དྲན་མ་གླེང་ན་དགའ། ཞབས་འདྲེན་བཟོ་རྒྱུ་རང་རེད།