ཨེ་མ་ཧོས་མཚམས་སྦྱོར་ཞུས།
ཕུལ་བྱུང་མཛངས་མ་འཇམ་ཚང་བཟའ་གཡང་སྐྱིད་ལགས་ཀྱིས་དཔལ་ལྡན་རྒྱུད་བཞི་ཧྲིལ་བོ་བློ་རྒྱུགས་ཕུལ་བ།
དེ་རིང་སྟེ་ཕྱི་ལོ་༢༠༡༥ཟླ་༡ཚེས་༢ཉིན་མདོ་ཁམས་མགོ་ལོག་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་དུ། ཕུལ་བྱུང་མཛངས་མ་མགོ་ལོག་འཇམ་བཟའ་གཡང་སྐྱིད་ལགས་ཀྱིས་ལོ་མང་གི་ཧུར་བརྩོན་བརྒྱུད། གངས་ཅན་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ། དཔལ་ལྡན་གསོ་བ་རིག་པའི་ཕྱི་མོ་དཔལ་ལྡན་རྒྱུད་བཞི་སྟེ། རྩ་བ་ཐུགས་ཀྱི་རྒྱུད་དང་། བཤད་པ་སྐུ་ཡི་རྒྱུད། མན་ངག་ཡོན་ཏན་གྱི་རྒྱུད། ཕྱི་མ་ཕྲིན་ལས་ཀྱི་རྒྱུད་བཅས་ཤོ་ལོ་ཀ་ལྔ་སྟོང་དགུ་བརྒྱ་སུམ་ཅུ་རྩ་ལྔ་དང་ཕྱེད་དུས་གཅིག་ལ་མཁས་མང་འདུས་པའི་དབུས་སུ་བློ་རྒྱུགས་ཕུལ་བས།
བོད་རིགས་བུད་མེད་འཚོ་བྱེད་མའི་སྡེ་ལས་དཔལ་ལྡན་རྒྱུད་བཞི་ཧྲིལ་བོ་དུས་གཅིག་ལ་ཚོགས་མང་འདུས་པའི་དབུས་སུ་བློ་རྒྱུགས་ཕུལ་མཁན་རང་རེའི་གསོ་དཔྱད་ལོ་རྒྱུས་ཐོག་སྔར་མ་གྲུབ་པར་སྨྲ་དཀའ་ཡང་། ཡོངས་སུ་མ་གྲགས་པ་ཞིག་མིན་ནམ་སྙམ་པས། དེ་ལྟ་ན་མཚན་སྙན་གྱི་གཟི་བརྗིད་འདི་ནི་བོད་ལུགས་གསོ་བ་རིག་པའི་ལོ་རྒྱུས་ཟིན་ཐོའི་ཁྲོད་ཀྱི་བསྙེལ་བྱང་གསར་བ་ཞིག་ཏུ་ཆགས་པར་མི་རིགས་སམ།
དེ་མིན་སློབ་བུ་༣༡ གིས་རྩ་བ་ཐུགས་ཀྱི་རྒྱུད་དང་བཤད་པ་སྐུ་ཡི་རྒྱུད། ཕྱི་རྒྱུད་རྩ་ཆུ་དང་། དེའུ་དམར་བའི་ལག་ལེན་གཅེས་བཏུས། ཁམས་གཙང་རིན་པོ་ཆེས་མཛད་པའི་ནད་ཀྱི་ངོས་འཛིན་སོགས་ཀྱི་བློ་རྒྱུགས་ཕུལ་བའི་མཛད་སྒོ་གླིང་དེའི་སྐལ་བཟང་ཚོམས་ཆེན་དུ་སྤེལ།
ཐེངས་འདིའི་མཛད་སྒོའི་སྟེང་དུ། སྙིགས་དུས་ཀྱི་རྣལ་འབྱོར་བ་ཆེན་པོ་བྱ་བྲལ་ཆོས་དབྱིངས་རིན་པོ་ཆེ་དང་། རིག་པའི་གནས་ལྔ་དག་ལ་གཟིགས་པ་མཆོག་ཏུ་ཡངས་པའི་མཁས་པའི་དབང་པོ་དགེ་བཤེས་བདེ་ལེགས་རབ་རྒྱས། དེང་རབས་བོད་ཀྱི་སྙན་ངག་པ་གྲགས་ཆེན། ཞུས་ཆེན་གྱི་ལོ་ཙཱ་བ་ཆེན་པོ་འཇུ་སྐལ་བཟང་། མགོ་ལོག་བོད་སྨན་ཁང་གི་སྨན་སྤྱི་བ་དུང་གཅེས། གེ་སར་རིག་གནས་སྨྲ་བ་ཐུབ་བསྟན་དར་རྒྱས། མགོ་ལོག་བོད་སྨན་ཁང་གི་གླིང་གཙོ་གཞོན་པ་འབུམ་རམས་པ་དབལ་ཤུལ་བསང་བདག་ཚེ་རིང་སོགས་ཆེད་མཁས་མི་སྣ་དང་། སློབ་བུ་སུམ་བརྒྱ་ལྷག་ཚོགས་འདུར་ཞུགས།
མཁས་དབང་སོ་སོས་གསུང་བཤད་གང་མང་གནང་ཞིང་། ཁྱད་པར་དུ། མཁས་པའི་དབང་པོ་དགེ་བཤེས་བདེ་ལེགས་རབ་རྒྱས་ལགས་ཀྱིས་བོད་ལུགས་གསོ་བ་རིག་པའི་ཁྱད་ཆོས་དང་འབྲེལ། བོད་སྨན་པའི་ཀུན་སྤྱོད་དང་འབྱུང་འགྱུར་སོགས་ལས་འཕྲོས་ཏེ་བཀའ་སློབ་གང་མང་བསྩལ།
མཁས་དབང་འཇུ་སྐལ་བཟང་ལགས་ཀྱིས། བོད་ལུགས་སྲོལ་རྒྱུན་གསོ་རིག་གི་ཕྱི་མོ་དཔལ་ལྡན་འདི་ཉིད་ཆ་ཚང་བར་བློ་རྒྱུགས་ཕུལ་བ་ནི། ཆེས་ཡ་མཚན་ཞིང་གཟེངས་སུ་ཐོན་པའི་གྲུབ་འབྲས་རླབས་པོ་ཆེ་ཞིག་སྟེ། ཁོ་བོས་བསམ་ན་འདི་འདྲ་ནི་དེང་གི་ཆ་ལ་མཚོན་ན། ཕལ་ཆེར་འཛམ་གླིང་གི་ཟིན་ཐོ་ལས་ཀྱང་བརྒལ་བ་ལྟ་བུར་མི་འགྱུར་རམ། ཞེས་སོགས་ལས་འཕྲོས་ཏེ་གལ་ཆེའི་གསུང་བཤད་གནང་།
མཇུག་མཐར་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་སྤྱི་བ་སྨན་རམས་པ་ཚུལ་ཁྲིམས་དར་རྒྱས་ལགས་ཀྱིས་ལོ་ངོ་བཅུ་ཕྲག་ལྷག་གི་བྱ་བ་སྤྱི་སྡོམ་དང་། བོད་ཀྱི་གསོ་བ་རིག་པའི་བསྟན་པ་ལ་ཐུགས་ཁུར་བླ་མེད་གནང་མཁན་གྱི་མཁས་དབང་རྣམས་ལ་བཀའ་དྲིན་ཞུས་ཏེ་མཇུག་ལེགས་པར་གྲུབ།
༢༠༡༥།༡།༢།
ལེགས་སོ་ཡོད།
དཀའ་བ་སྤྱད་ནས་འབྲས་བུ་སྨིན་།
འབད་བརྩོན་བྱས་ནས་སྒྲུབ་འབྲས་འཐོན་།
གངས་ལྗོངས་བོད་དུ་གཏམ་སྙན་གྲགས་།
ཁྱེད་ལ་བཀྲིས་བདེ་ལེགས་ཞུ་།
གཏམ་བཟང་རེད། དོན་བཟང་རེད། སྨན་གཅིག་གིས་ནད་བརྒྱ་སེལ་བར་ཤོག། བོད་སྨན་གྱི་སྡེབ་སྦྱོར་རྩྭ་འབྲས་ལས། ཆེ་འཇིགས་སའི་སྡེབ་ཁ་མེད་པར་ཤོག། མ་སེམས་ཅན་ནད་ལས་གྲོལ་བར་ཤོག།
ངོ་མ་ཡག་པོ་འདུག སྨན་པ་དང་དགེ་རྒན་ཚོའི་ངག་ཐོག་ན་རྩ་བ་ན་འགྲེལ་བཤད་གནང་དུས་འདྲ་ས་ཞིག་རེད་ཡ། ལེགས་བཤད་ལྗོན་དབང་བློ་འཛིན་མི་ནུས་པ་མང་པོས་འདིའི་རིགས་ཐུགས་ལ་མི་འབབ་སྲིད་མོད། བློ་འཛིན་བྱེད་སྟངས་འདི་ཡང་རིག་གཞུང་གི་ཆ་ཤོས་ཤིག་ལོས་ཡིན། ངོ་མ་ཡག་བྱུང་། ཚེ་རིང་རྒྱུ་མ།
ངོ་མ་ཡག་པོ་རེད། རྗེས་སུ་ཡི་རངས་ཡོད། རིག་བཟང་མ། གནམ་གྱིས་སྲུང་བགྱི་མ།
མོའི་སྐྱེ་བ་སྔ་མ་དེ་བོད་སྨན་སྨན་པ་ཡིན་བགྱིད་རེད་སྙམ་སོང་། དྷ་སར་བོད་པའི་བཙུན་མ་གཅིག་གིས་འགྲེལ་པ་དོན་གསལ་བློ་ལ་ཟིན་པ་རེད་ཟེར་བ་དེ་ཡང་དྲན་དུ་བཅུགས་སོང་བས། བོད་ཀྱི་མཛངས་མ་གཉིས་ཀ་ལ། རྗེས་སུ་ཡི་རང་ཡོད།
ངོ་མ་ཡག་པོ་རེད། རྗེས་སུ་ཡི་རངས་ཡོད།
བུད་མེད་འདིས་རྒྱུད་བཞིའི་ནང་དོན་ཅང་གོ་གི་ཨེ་ཡོད་ན།
རྩ་བ་བློ་ལ་འཛིན་པ་ལ་བཀྲ་ཤིས་བདེ་ལེགས་ལབ་ན་ཁྱོད་ལ་གྱོང་ག་རེ་རག་ས་རེད། ད་ལྟ་ནེའུ་ཡོག་ལ་གནམ་གཤིས་གྲང་མོ་འདུག་ལབ་དུས་གྲང་དམྱལ་འདྲ་པོ་ད་ཨ་ཡོད་ཟེར་ན་ཆོ་འདུག་གེ
ཚིག་ བློ་འཛིན་དང་། དོན་གོ་བའི་ ཉམས་ལེན་ གཉིས་ གོ་ས་ སོ་སོར་ ཡོད་རེད།
ནང་དོན་འདྲ་ཅི་ཡང་མ་གོ་ན་དུས་ཚོད་དང་ནུས་ཤུགས་འཕྲོ་བརླགས་རེད་བསམ་གི།
སྤོབས་པ་མཐའ་ཡས་ལེགས། སློབ་གྲྭ་འདི་ཉིད་ཀྱི་སྲོལ་རྒྱུན་སློབ་སྦྱོང་མཁས་པ་མང་པོས་བསྔགས་བརྗོད་ཐོབ་འདུག ལོ་ཤས་སྔོན་ལྷ་རྗེ་གོ་ཇོ་དབང་འདུས་འདིར་ཕེབས་དུས་རྒྱུད་བཞི་ཆ་ཚང་བློ་རྒྱུགས་སྤྲད་མཁན་བུ་ཁ་ཤས་བྱུང་པ་དང་། ནད་རྟགས་ཉམས་ཡིག་སོགས་བཤད་རྒྱུགས་སྤྲོད་མཁན་དུ་མ་བྱུང་བས་བོད་ཀྱི་སྨན་པ་མཁས་དབང་དུ་མས་བསྔགས་བརྗོད་གནང་བ་གོ ལོ་རེ་བཞིན་བདོད་ཀི་གསོ་རིག་མཁས་དབང་ཚོ་གདན་འདྲེན་བྱས་ཏེ་འཆད་ཁྲིད་སྤེལ་པ་དང་།དེ་བཞིན་སྨན་གྱི་དབང་ལུང་དར་སྤེལ། སྨན་ཀྱི་ངོས་འཛིན། སྨན་སྦྱོར་སོགས་ལ་མཐོང་བརྒྱུད་ཀྱི་ཕྱག་བཞེས་ཚད་ལྡན་ཡོད་ཚོད་འདུག
ཆོས་དང་། སྨན་སོགས་ བློ་འཛིན་ མང་དྲགས་ན་ སྲོག་རླུང་ འཕར་ཉེན་ཡང་ ཡོད་པས་ དེ་ཡང་ གཟབ་དགོས་པ་ འདུག
རླབས་ཆེན་གྱི་བུད་མེད། གསོ་རིག་ལོ་རྒྱུས་ཁྲོད་ཀྱི་སྐར་མ་འོད་ཆེན།