འཕན་པོ་སྐལ་ལྡན།
དུས་ཆེན་རྣམ་གྲངས་མི་འདྲ་བ།
དཔལ་ལྷའི་མདུན་ཆང་། དཔལ་ལྷའི་གསོལ་མཆོད། དཔལ་ལྷའི་དུས་ཆེན། དཔལ་ལྷའི་རི་ཁྲོད།
དཔལ་ལྷའི་མདུན་ཆང་ནི།
བོད་ཟླ་བཅུ་པའི་ ༡༥ ཉིན་ལྷ་ས་བ་རྣམས་ཀྱིས་སྔར་ནས་གྲྭ་སྒྲིག་བྱས་པའི་ཆང་ཕུད་རྣམས་འཁྱེར་ཏེ་དཔལ་ལྷ་དྲག་མོར་མཇལ་ཁ་ཞུ་བ་དང་ཡར་ཆང་ཕུད་ཕུལ་བ་དང་མར་བྱིན་རླབས་ཀྱི་ཆང་འཁྱེར་ཡོང་ཏེ་ནང་མི་དང་གཡོག་པོ་གཡོག་མོར་གནང་སྲོལ་ཡོད་པ་མ་ཟད་མདུན་ཆང་གི་ཚབ་ཏུ་དངུལ་ཡང་སྟེར་སྲོལ་ཡོད་པ་དེར་དཔལ་ལྷའི་མདུན་ཆང་ཟེར།།
དཔལ་ལྷའི་གསོལ་མཆོད།
ལྷ་ལྡན་གཙུག་ལག་ཁང་གི་དཔལ་ལྷ་ལྕོག་ལ་རྨེ་རུ་དགོན་པའི་ཚོགས་ཡོངས་ནས་དཔལ་ལྷའི་གཏོར་སྒྲུབ་ཚུགས་པ་དང་།དཔལ་ལྷ་ལྕོག་གི་སྒོ་འགྲམ་དུ་ཁྲལ་འཁྲིའི་རང་བཞིན་གྱིས་བཙུགས་པའི་བུད་མེད་བཅུ་གྲངས་ཤིག་ཡོད་པ་དེ་ཚོས་རྒྱན་གོས་གཟབ་མོས་བཀླུབས་པ་དང་དབུ་མཛད་ལོ་ན་རྒན་ལ་རྒྱུད་མངའ་ཆེ་བ་ཞིག་འགོ་བྱས་ཏེ་དཔལ་ལྷའི་གསོལ་མཆོད་ཕུལ་གྱི་ཡོད་པས་དཔལ་གསོལ་མ་ཞེས་ཟེར། ཀླུ་སྦུག་དང་གཟིམ་ཤག་བཤད་སྒྲའི་ལྷོ་ངོས་བཅས་སུ་དཔལ་ལྷའི་གཏོར་ཟོར་འཕང་པ་སོགས་མདོར་ན་དཔལ་ལྡན་ལྷ་མོའི་གསོལ་མཆོད་ཀྱི་བྱེད་སྒོ་མང་པོ་བྱེད་པས་དཔལ་ལྷའི་གསོལ་མཆོད་ཅེས་ཟེར།།
དཔལ་ལྷའི་དུས་ཆེན།
ལྷ་ས་བ་རྣམས་ཀྱིས་དེའི་ཉིན་མོར་སྔར་དང་མི་འདྲ་བའི་ལྷ་ས་བའི་དུས་ཆེན་ལྟ་བུར་བརྩིས་ཏེ་གཟབ་མཆོར་སྤྲས་ཏེ་གཞས་ཞབས་བྲོ་བརྒྱབ་པ།ལྷ་ས་དཔལ་ལྷའི་རི་ཁྲོད།ཞོལ་པ་དགའ་ལྡན་ལྔ་མཆོད་ཞེས་ལྷ་ས་བ་རྣམས་ཀྱིས་ཞོལ་པ་བ་རྣམས་སྐུ་མགྲོན་ལ་གདན་འདྲེན་ཞུས་ཏེ་ཤ་འབྲས་ཀྱི་ཞལ་ལག་གཏོང་བ་སོགས་བྱེད་པ་ཡིན།།
དཔལ་ལྷའི་རི་ཁྲོད།
ཐ་སྙད་དེ་ནི་ལྷ་ས་བ་རྣམས་རྒྱུན་གཏན་བེད་སྤྱོད་གཏོང་བའི་ཐ་སྙད་ཡིན་ཀྱང་དེ་དང་འབྲེལ་ཡོད་དཔྱད་གཞིའི་མ་རྙེད་པར་འདུག་ཀྱང་གུང་ཐང་བླ་མ་ཞང་གི་རྣམ་ཐར་དང་འབྲེལ་བའི་ཐ་སྙད་ཅིག་མིན་ནམ་སྙམ་པས་མཁྱེན་ལྡན་རྣམས་ཀྱིས་དཔྱད་པར་འཚལ།།
དཔལ་ལྷའི་དུས་ཆེན་གྱི་བྱུང་བ་དང་ངོ་བོ།
དཔལ་ལྷ་སྦལ་གདོང་གི་ཞལ་འབག་ནི་དུས་རབས་བཅུ་གཉིས་པའི་ནང་དུ་གུང་ཐང་བླ་མ་ཞང་གིས་གཏེར་ནས་བཞེས་པ་ཞིག་ཡིན་པ་དང་དེ་ནས་དཔལ་ལྷའི་གསོལ་མཆོད་ཀྱི་བྱེད་སྒོ་ནས་རིམ་གྱིས་དགའ་ལྡན་ཕོ་བྲང་གི་བྱེད་སྒོ་བར་སྣ་མང་ཕུན་སུམ་ཚོགས་པར་གྱུར་བ་ཞིག་ཡིན།།
གཏམ་རྒྱུད་ལས་བྱུང་བའི་དུས་ཆེན་དེའི་ངོ་བོ།
དཔལ་ལྡན་ལྷ་མོ་ཨ་མ། བུ་མོ་ཆེ་བ་དཔལ་ལྷ་བྲག་མོ། བུ་མོ་འབྲིང་བ་གདོང་བཙན་རྒྱལ་མོ། བུ་མོ་ཆུང་བ་དཔལ་ལྷ་ཤིག་མོའམ་གུང་ཐང་ལྷ་མོས་མི་སྣར་བྱས་པའི་གཏམ་རྒྱུད་དེས་ཕ་མའི་ཁ་ལ་མ་ཉན་ན་ཕ་མའི་སྨོན་ལམ་གྱི་དབང་གིས་ཕྲུ་གུའི་ལས་དབང་ལ་འགྱུར་ལྡོག་འགྲོ་བ་བསྟན་པ་ཞིག་ཡིན། ལྷ་ས་བས་ཕྲུ་གུར་སློབ་གསོ་རྒྱག་སྐབས་ཕ་མའི་ཁ་ལ་མ་ཉན་ན། དཔལ་ལྷ་སྦལ་གདོང་ནང་བཞིན་འོང་། ཞེས་སོགས་སོ།
གཏམ་རྒྱུད།
ཨ་མས་བུ་མོ་ཆུང་བར་ཤིག་སྒྲུག་བཅུག་ཀྱང་ཤིག་མ་བསྒྲུགས་པས་ཤིག་མང་པོ་ཡོད་པར་སྨོན་ལམ་བརྒྱབ་པས་གུང་ཐང་ལྷ་མོར་ཙི་ཙི་མང་པོ་འཁོར་བ། བུ་མོ་འབྲིང་བ་སྤྱོད་པ་ཧ་ཅང་རྩུབ་པ་དང་ཁ་ལ་མི་ཉན་པ་སོགས་ཀྱིས་སློང་མོར་བར་འགྱུར་བའི་སྨོན་ལམ་བརྒྱབ་པས་གདོང་ཆེན་ཟུར་དུ་སློང་མོའི་ཚུལ་དུ་ལམ་ཟུར་དུ་ཡོད་པ། བུ་མོ་རྒན་པས་སྐྱེས་པ་གང་བྱུང་བསྟེན་པ་སོགས་ཀྱིས་ཁྱོ་ག་ལོ་གཅིག་ལ་ཐེངས་གཅིག་ལས་མ་ཐུག་པའི་སྨོན་ལམ་བརྒྱབ་པས་དཔལ་ལྷའི་དུས་ཆེན་བྱུང་བར་བཤད་པའོ། །
དུས་ཆེན་དེའི་བྱེད་སྒོ།
དཔལ་ལྷ་དྲག་པོའི་སྐུ་གསོབ་གདན་འདྲེན་དང་གདན་འདྲེན་ཞུ་བ།ཞལ་གསེར་འབུལ་བ། ཀརྨ་ཤག་ཆོས་སྐྱོང་གི་ལྷ་ཕེབས་པ་དང་གུས་བཏུད་ཞུ་བ།གསོལ་མཆོད་དང་གཏོར་ཟོར་འཕེན་པ། ཕྲུ་གུ་དང་དཀོན་གཉེར།གཡོག་པོ་གཡོག་མོ་སོགས་ལ་དངུལ་སྟེར་བ། ལྷ་སའི་བུ་མོ་རྣམས་ལ་སྤ་ཕྲུག་ཐོག་མར་གཡོག་པ་དང་ཉིན་དེ་ནས་དགུན་ཆས་གྱོན་པ་སོགས་བྱེད་དོ།།
དཔལ་ལྷའི་དུས་ཆེན་གྱི་འགྱུར་བ།
ལྷ་ས་བ་དང་ཞོལ་པ་སོགས་དབྱེ་བ་མེད་པར་ལྷ་སའི་ཉེ་འཁོར་ཉང་བྲན་དང་དོག་སྡེ་སོགས་ཀྱི་བུད་མེད་ཀྱིས་གཟབ་འཕྱོར་སྤྲས་ཏེ་ཚེས་ ༡༥ ཡི་སྔོན་ཚུད་ནས་ཆང་སོགས་འཁྱེར་ཏེ་མཆོད་མཇལ་དུ་བསྐྱོད་པ་དང་། གཞས་ཞབས་བྲོ་རྒྱག་པ་དང་ཚེས་ ༡༥ ཡི་ཉིན་དེ་བས་ཀྱང་འཁྲུག་ཆ་འདོད་པ་ཡིན། སྔར་སྲོལ་དཔལ་ལྷའི་མདུན་ཆང་གི་ཚབ་ཏུ་དངུལ་སྟེར་སྲོལ་ཡོད་པ་དེར་འགྱུར་བ་ཕྱིན་ཏེ་ལྷ་སར་ཡོད་པའི་བུད་མེད་ཕལ་ཆེ་བས་དཔལ་ལྷའི་མདུན་ཆང་འཁྱེར་ཤོག་ཅེས་དངུལ་སློང་སྲོལ་ཡོད་པ་དང་། དངུལ་ཡོད་པ་རྣམས་ཀྱིས་རང་འགུལ་གྱིས་ཉེ་འབྲེལ་གྱི་བུད་མེད་རྣམས་ལ་དངུལ་སྟེར་བ་སོགས་བྱེད་པ་དང་། བུད་མེད་རྣམས་ཀྱིས་ཀྱང་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་བུད་མེད་དུས་ཆེན་ཞིག་ལ་བརྩི་བཞིན་ཡོད་པ་དང། དེའི་དགོང་མོར་བུད་མེད་སོ་སོར་ཐོབ་པའི་དངུལ་རྣམས་འཁྱེར་ཏེ་མཚན་མོའི་གླུ་གར་ཁང་དང་བཟའ་ཁང་སོགས་སུ་བསྐྱོད་ཀྱི་ཡོད་པ་དང་ནང་མིས་ཀྱང་དམིགས་བསལ་ལ་རྩི་བཞིན་ཡོད་དོ།།
༢༠༡༦/༡༢/༡༣ ལ།
ད་ཡི་ན། ལྷ་མོའི་མཚན་ཚོགས་འཚོགས་སྟངས་གསར་པ་ཞིག་ཐོན་བཞིན་ཡོད་པ་འདྲ། ཧ་ཧ།།
སྔར་ཁ་བརྡ་འདིར། བོན་དད་ཞིག་གིས། ལྷ་སའི་དཔལ་ལྷ་ཟེར་ན། བོན་ལྷ་ཞིག་ལས། ནང་ཆོས་ནང་གི་ས་བཅུ་དབང་ཕྱུག་དཔལ་ལྡན་ལྷ་མོ་ལ་མི་གོ་བར་བཤད་སོང་། ད་ཁོང་གང་དུ་བཞུགས་ཡོད་དམ། ལགས།
དཔལ་ལྷའི་དུས་ཆེན་ངོ་སྤྲོད་ལ་རྗེས་སུ་ཡིད་རངས་ཞུ་
ཐུགས་རྗེ་ཆེ་བཀྲིན་ཆེ་།
སྟོད་ལུང་བདེ་ཆེན་རྗོང་གནས་ཆུང་གྲོང་རྡལ་ཁོངས་ཞང་སྟོན་གྲོང་ཚོའི་ལྷོ་ངོས་རེ་ལྡེབས་སུ་མཆོད་ཁང་ཞེས་པའི་གྱང་རོ་ཞིག་ཡོད་པ་དེ་ནི། གནའ་དུས་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་བྱུང་བའི་བོན་གྱི་ཤེས་པ་ཅན་བཅུ་གཉིས་གྲས་མཁས་པ་སྨེའུས [རྨེའུས] ཕྱག་བཏབ་པའི་སྟོད་ལུང་ཞང་སྟོན་འཕགས་པའི་གདན་ས་ཞེས་པ་དེ་ཡིན།
དེ་གར་བོན་མདོ་སྔགས་ཀྱི་བསྟན་པའི་གནས་གཞི་བཟུང་ནས་དར་བར་མཛད།
གྲི་གུམ་བཙན་པོས་བོན་བསྣུབས་སྐབས་སྨེའུས [རྨེའུས] སྟོན་གྱིམ་བུ་ཐེལ་རྒྱལ་གྱིས་བོན་གྱི་རིག་གཞུང་གི་རྩ་བ་བཀའ་བོན་སྒོ་བཞི་སྲུང་སྐྱོབ་གནང་སྟེ་རྒྱལ་སྲས་སྤུ་དེ་གོང་རྒྱལ་གྱི་རིང་ལ་བོན་གྱི་རིག་གཞུང་གོང་འཕེལ་བཏང།
སྲོང་བཙན་སྒམ་པོའི་སྐབས་ཞང་ཞུང་སྨེའུ [རྨེའུ]སྟོན་གྱི་གདུང་རྒྱུད་ནས་ཇི་སྲིད་བར་ལྷ་ས་གཙུག་ལག་ཁང་གི་སྟེང་དུ་སྲིད་པའི་རྒྱལ་མོའི་བསྐང་གསོ་གཏོང་དགོས་པའི་བཀའ་གཏན་གསེར་ཡིག་བསྩལ་བ་སོགས་གཟིགས་མཐོང་ཚད་མེད་གནང།
བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྣུབས་སྟབས་སྨེའུ [རྨེའུ] སྟོན་གྱི་རྒྱུད་པ་མཁས་པ་གཡུ་གཤེན་གྱིས་བྲག་ལ་ཞབས་རྗེས་བཞག་པ་སོགས་རྗུ་འཕྲུལ་བསྟན་པས་ཁྲི་སྲོང་ལྡེ་བཙན་ངོ་མཚར་སྐྱེས་ཏེ་སྔར་གྱི་བཀའ་གཏན་སོར་གནས་བྱུང།
བསྟན་པ་ཕྱི་དར་གྱི་སྐབས་བོན་ཆོས་གཉིས་ཀ་དར་བས་ལྷ་ས་གཙུག་ལག་ཁང་དུ་སྲིད་རྒྱལ་གསོལ་མཆོད་བསྐྱར་གསོ་བྱུང།
དགའ་ལྡན་ཕོ་བྲང་བས་དབང་བསྒྱུར་སྐབས་ལྷ་སའི་གཙུག་ལག་ཁང་གི་བླ་བྲང་སྟེང་དུ་སྦ་མའི་ལུང་སོགས་ཆེན་པོ་ཞིག་ཡོད་པ་དེར་ལོ་ལྟར་བོད་ཟླ་བཅུ་པའི་ནངསྦ་མ་ཁ་གསོ་རྒྱག་པ་དང་འབྲེལ་སྲིད་པའི་རྒྱལ་མོ་གསོལ་མཆོད་དང། གཡང་སྐྱབས་ཉིན་གསུམ་བྱེད་མི་ཞང་སྟོན་ཁུལ་ནས་ཞང་སྟོན་སྨེའུའི་གདུང་རྒྱུད་གཅིག་ཡོང་དགོས་པར་བླ་བྲང་ཕྱག་མཛོད་ནས་གཏོང་སྒོ་ལེན་རྒྱུ་ཡོད།
ཞང་སྟོན་འཕགས་པའི་གདན་ས་ཞེས་པ་དེ་སོག་པོས་གཏོར་སྐད་ཀྱིས་དགོན་ཤུལ་གྱང་རོ་ཡིན་ཡང། སྲིད་རྒྱལ་གྱི་མགོན་ཁང་ཞིག་དང་མཁས་པ་གཡུ་གཤེན་གྱིས་བྲག་ལ་ཞབས་རྗེས་བཞག་པ་དེ་ད་ལྟ་ཡོད།།།
༼དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་མཛོད་ཆེན་མོ་ནས་དྲངས།༽
ཕོ་གདུང་དཀར་འཆི་མའི་ལམ་དུ་བཤེགས་།
བོད་ལོ་རྒྱུས་ཡིག་ཚང་ནང་དུ་བཞག་།
བོད་སྤྲེལ་སྦྲག་རིགས་བརྒྱུད་བློ་རྣོ་ཚོ་།
དུས་ཁོམས་དུས་གདུང་དཀར་ཚིག་མཛོད་ཀློག་།
བོད་སྲིད་པ་ཆགས་པའི་ལོ་རྒྱུས་དང་།
བོད་མི་རིགས་དར་རྒུད་རིག་གཞུང་སོགས་།
ཕོ་གདུང་དཀར་ལས་ལྷག་མཁས་པ་མེད་།
ཞིབ་ཚ་བོའི་ཐོག་ནས་ཕྱོགས་སྒྲིགས་གནང་།
བོད་མི་རིགས་འཆི་གསོན་འགག་རྩ་ནས་།
གསོན་ཐུབ་པའི་ནུས་པ་རིག་གཞུང་ཙམ་།
ཕོ་གདུང་དཀར་ཚིག་མཛོད་ཀློག་ན་བཟང་།
བོད་མི་རིགས་རིག་གཞུང་ངོ་སྤྲོད་ཐུབ་།
དུས་དེང་སང་བཙན་བྱོལ་སྤྱི་ཚོགས་ནང་།
རྒྱུ་དཔལ་འབྱོར་རྗེས་འབྲང་མཐོ་དམའ་ཀུན་།
རང་མི་རིགས་རིག་གཞུང་ཁ་ལྕེར་བཟུང་།
དོན་ངོ་མ་སྒེར་གྱི་འཚོ་ལས་བརྩོན་།
་་་་་་་་ ཞང་སྟོན་འཕགས་པའི་གདན་ས་ཞེས་པ་དེ་སོག་པོས་གཏོར་སྐད་ཀྱིས་དགོན་ཤུལ་གྱང་རོ་ཡིན་ཡང། སྲིད་རྒྱལ་གྱི་མགོན་ཁང་ཞིག་དང་མཁས་པ་གཡུ་གཤེན་གྱིས་བྲག་ལ་ཞབས་རྗེས་བཞག་པ་དེ་ད་ལྟ་ཡོད།། ༼ དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཚིག་མཛོད་ཆེན་མོ་ནས་དྲངས།༽ ་་་་་་་་་་་
བོན་གྱི་ལོ་རྒྱུས་གསུངས་པ་ཅིག་དྲངས་པ་བློ་སྐྱེད་ཆེ། བཀའ་དྲིན་ཆེ། བོན་པོ་ལགས།