དཔལ་དགྱེས་པ་རྡོ་རྗེ།
ན་མོ་གུ་རུ་མ་ཧཱ་བུདྡྷ་ཛྙྰ་ན་ཡེ།
འཇམ་མགོན་མི་ཕམ་རིན་པོ་ཆེའི་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ལས།།
ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས།།
མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཡིས།།
གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས།།
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།
ཅེས་སྨོན་གསོལ་སྔོན་དུ་བཏངས་ནས་དེ་ཡང་ཆེ་ཆོས་ཆེ་བ་དྲུག་གིས་མངོན་པར་འཕགས་པའི་རྒྱལ་བ་སྔ་འགྱུར་རྙིང་མ་པ་ཞེས་བཀའ་གཏེར་དག་སྣང་གི་ཆོས་ལ་ལོངས་སུ་སྤྱོད་པའི་ཆོས་མཆེད་ཡོངས་ལ་ཞུ་འབྲས།
དེང་གི་ཆར་རང་ཅག་ནི་ཕལ་མོ་ཆེར་ཡུལ་གྱར་བ་ཕྱི་རྒྱལ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་ཁ་ཐོར་ནས་སྐྱབས་བཅོལ་བྱས་ནས་ཡུལ་ལུང་དེ་ཚོས་ཁྲིམས་ལུགས་དང་མཐུན་པར་གནས་བཞིན་ཡོད་པ་རེད། ཁྱད་པར་ད་སྔོན་གཅིག་དགུ་དྲུག་བརྒྱད་ནས་ད་བར་དུ་དཔལ་སྔ་འགྱུར་རྒྱལ་བ་རྙིང་པའི་དབུ་འཛིན་མཆོག་ཏུ་མངའ་གསོལ་གཟེངས་སུ་བསྟོད་པའི་༧སྐྱབས་རྗེ་དམ་པ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ནས་སྟག་ལུང་རྩེ་སྤྲུལ་བར་དུ་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟ་བུ་བྱོན་པ་རེད།
༧སྐྱབས་རྗེ་རྣམ་པ་དེ་དག་གིས་བཀའ་མ་དང་གཏེར་མ་ཟབ་མོ་མན་ངག་གི་སྲོལ་རྒྱུན་འཛིན་པ་དང་། སྔ་འགྱུར་སྤྱི་མཐུན་གྱི་སྨོན་ལམ་དང་ཚོགས་འདུ་བསྐོང་གསོལ་ནས་བསྟན་རྒྱུན་སྐྱོང་བ། ཁྱད་པར་དུ་དབང་ལུང་ཁྲིད་རྒྱུན་ལ་བཀའ་གཏེར་ཡང་གསང་གི་བསྟན་པའི་ཕྱོགས་ཀུན་ཏུ་སྤེལ་བ་སོགས་བསྟན་པའི་བབས་དང་མཐུན་པར་ཐོས་བསམ་སྒོམ་པ། འཆད་རྩོད་རྩོམ་པ། བསྙེན་སྒྲུབ་ཕྲིན་ལས་ཀྱི་མཛད་བཟང་གིས་སོར་བྱང་སྔགས་ཀྱི་རྒྱུད་འཛིན་དམ་པ་བར་མ་ཆད་པར་ཟམ་ཆེན་ལྟ་བུ་གཙུགས་པ་རེད། ད་དུང་བསྐལ་བ་ནམ་གནས་ཀྱི་བར་དུ་མཁས་གྲུབ་དམ་པའི་སྲོལ་རྒྱུན་ལ་དད་གུས་མི་ཕྱེད་པའི་གལ་ཆེན་དུ་བརྩི་དགོས་པ་ནི་ཤིན་ཏུ་ཆེའོ།།
ད་སྐབས་སུ་སྐབས་སུ་བབས་པ་ནི་དཔལ་རྒྱལ་བ་སྔ་འགྱུར་པ་རྙིང་མ་པའི་དབུ་འཛིན་ཡང་དག་ཞིག་གདམས་དགོས་པ་ཚང་མས་ལས་འགན་ཡིན་ཡང་། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཡང་སྲིད་མཁྱེན་བརྩེའི་ཡང་སྲིད། གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་དང་། འཁྲུལ་ཞིག་གི་ཡང་སྲིད་སོགས་བཞུགས་ཀྱང་སྐུ་གཞོན་པས་སྔ་འགྱུར་དབུ་འཛིན་དུ་བཞག་ན་ཕན་གནོད་ཆ་མ་འཚལ། མཁན་ཆེན་པདྨ་ཤེས་རབ་དང་མཁན་ཆེན་རྣམ་གྲོལ་དང་སྨིན་གླིང་མཁན་ཆེན་སོགས་ཁག་གཅིག་ནི་མཁས་བཙུན་བཟང་གསུམ་ལྡན་པས་གཞན་དོན་དུ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བས་དུས་ཚོད་འདའ་བས་དུས་ཚོད་ཡེ་མེད་པ་དང་། ༧སྐྱབས་རྗེ་རྡོར་གྲུབ་དང་དར་ཐང་རིན་པོ་ཆེ་སོགས་དགུང་ལོ་མཐོན་པོ་དག་བཞུགས་ཀྱང་ཞལ་བཞེས་གནང་ཁག་པོ་རེད། དེས་ན་ད་ཐེངས་༧སྐྱབས་རྗེ་དམ་པ་རྒྱལ་བ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་ཉིད་སྔ་འགྱུར་རྙིང་མའི་དབུ་འཛིན་ལ་བཀོས་བཞག་མཛད་ན་ཤིན་ཏུ་ལེགས་པའི་རྒྱུ་མཚན་ཆེན་པོ་བཅུ་ཡོད།
གཅིག༽ ༧སྐྱབས་རྗེ་དམ་པ་ཀུན་བཟང་རྡོ་རྗེ་འཆང་དངོས་མཁྱེན་བརྩེ་རིན་པོ་ཆེས་ཆུང་ནས་བྱམས་སྐྱོང་བརྩེ་བས་བོད་ཡིག་འབྲི་ཀློག་ནས་ཡ་ཀི་རྫོགས་པ་ཆེན་པོ་བར་བཀའ་གཏེར་མན་ངག་གི་དབང་ལུང་མན་ངག་གི་ཁྲིད་རྒྱུན་ཚང་མ་བུམ་པ་གང་འབུལ་ལྟ་བུས་བཀའ་གནང་དབང་ཁྲིད་ཀྱི་རྒྱུན་ཐོབ་མཁན་དང་ཕྱག་ཕྱིར་ཕེབས་ནས་འགྲོ་དོན་ཚུལ་བཞིན་སྐྱོང་བ་ཞིག་ནི་ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་ལྷག་ཅིག་ད་ལྟའི་གཞོན་རབས་སྐྱབས་རྗེའི་ཁྲོད་མི་བཞུགས་པ་དང་།
གཉིས།༽ དབང་ལུང་ཁྲིད་རྒྱུན་ཚང་མ་གོ་ལོ་དང་ཐོས་ལོ་ཙམ་དུ་མ་བཞག་པར་མི་ལོ་དུ་མའི་བར་དུ་རིང་བཅད་རྒྱ་མཛད་ནས་རྩ་གསུམ་ཆོས་སྐྱོང་གི་མཚམས་སྒྲུབ་དང་ཀ་དག་ཐོད་རྒལ་གྱི་སྒོམ་ལམ་ལ་ཚུལ་བཞིན་གནང་བ་དང་ཉེ་ཆར་མི་ལོ་བཞི་རིང་སྐུ་མཚམས་ལས་གྲོལ་མ་ཐག་པ་རེད། དེ་བཞིན་མཛད་མཁན་ཡང་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་ལྷག་གཅིག་༧སྐྱབས་རྗེ་གཞོན་རབ་པ་ཚོས་ནང་དཀོན་པར་སྣང་བས་ཕྱིར་དང་།
གསུམ།༽ ཆོས་ལུགས་གཞན་གྱིས་ཤན་ཞུགས་ནས་རྟོག་གེ་དང་རིས་མེད་ཟེར་ནས་ཁྱི་ལྟོག་དང་གློ་བ་འཕྲད་པ་ལྟ་བུ་མ་ཡིན་པར་རང་ལུགས་དཔལ་སྔ་འགྱུར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་མི་ཕྱེད་དད་གུས་ནང་ནས་འཁྲུངས་ཞིང་འབད་བརྩོན་སྒྲུབ་པའི་རྒྱལ་མཚན་བསྒྲེང་བ་ཡང་ཁ་མིན་དོན། ཞེ་མིན་དངོས་སུ་ཕྱག་ལེན་དུ་འདེབས་པ་ཡང་ཁོང་གི་ལྷག་ཅིག་དཀོན་པ་དང་།
བཞི།༽ མི་གཤིས་བཟང་པོ་འདི་ཡང་ཤིན་ཏུ་གལ་ཆེན་པོ་ཡིན་པས་ན་དམ་པ་ཁོང་ལ་མཚོན་ན་མཐོ་ལ་འགྲན་སེམས་དམན་ལ་མཉེས་བཅོས་མེད་པར་ཉིད་ལས་གཅེས་པར་ལྟ་བའི་གདུང་རྒྱུད་གསེར་ལས་གྲུབ་ཅིང་རུས་རྒྱུད་དུང་ལས་ལྷག་པའི་བདེན་པ་དྲང་པོ་མི་ཡི་དབང་པོ་ཆོས་ཀྱི་རྒྱལ་པོ་སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་མི་ཡི་ཟོལ་དུ་ཕེབས་པར་མངོན་སུམ་སྙོམ་མེད་དུ་བཞུགས་པ་དཔལ་སྔ་འགྱུར་རྒྱལ་བསྟན་སྤྱི་དང་ཕྱི་ཕྱོགས་ཁག་ན་ཡོད་པའི་སྔ་འགྱུར་པ་ཡོངས་ནས་མཁྱེན་བཞིན་པ་ཞིག་ཡིན་པས་ཕྱིར་དང་།།
ལྔ་།༽ འཇིག་རྟེན་ཕྱོགས་ནས་དྲང་བདེན་དང་བཟང་སྤྱོད་ཆོས་ཕྱོགས་ནས་དད་གུས་དག་སྣང་གི་འཕགས་པའི་ནོར་བདུན་གྱི་ཕྱུག་པའི་༧སྐྱབས་རྗེ་རྒྱལ་བ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་ནི་བརྒྱུད་གསུམ་རིག་འཛིན་བླ་མའི་རྒྱུད་འཛིན་རྣམ་དག་ཞིག་ཏུ་ཕྱི་གསལ་ནང་གསལ་དུ་མཇལ་བས་སྔ་འགྱུར་ཡོངས་ནས་སྤྱི་མཐུན་ཆིག་སྒྲིལ་གྱིས་དབུ་འཛིན་རིམ་བྱོན་གྱི་རྒྱལ་ཚབས་སུ་འདེམས་པ་ནི་སྐབས་སུ་བབས་པའི་ཡིད་བཞིན་ནོར་བུ་ཞིག་ཡིན་པར་གདོན་མི་ཟའོ།།
དྲུག༽ དེང་རབས་ཀྱི་མཁྱེན་རྒྱ་དང་རྒྱལ་སྤྱི་སྐད་བྱིང་ལ་རང་དབང་འབྱོར་བ་དང་ཆོས་ཚན་རིགས་ལམ་ཟབ་མོ་དག་ལ་མཁྱེན་རྒྱ་ནམ་མཁའ་ཡངས་པའི་གཞོན་སྐྱེས། ཆོས་ཀྱི་སེམས་རྒྱུད་དུལ་ཞིང་སྲིད་ཀྱིས་དྲི་མས་མ་གོས་པའི་མེ་ཏོག་དཀར་པོ་འདབ་མ་སྟོང་དང་ལྡན་པ་ལྟ་བུ་འདི་ནི་ངེད་ཅག་སྔ་འགྱུར་བ་ཡོངས་དང་ཧི་མྰ་ལ་ཡའི་རི་རྒྱུད་དུ་མཆིས་པ་དག་གིས་དབུགས་དབྱུང་གཟེངས་བསྟོད་དགོས་པ་ནི་དུས་སུ་བབས་པའི་དཔག་བསམ་ཤིང་གི་སྡོང་བོ་དང་འདྲ་བས་ཕྱིར་དང་།
བདུན།༽ ད་སྔོན་ཡན་ཆོད་ཀྱི་མི་ལོ་ལྔ་བཅུ་ནང་ལ་ང་ཚོས་ཕྱི་མིག་ཅིག་བལྟས་ན་ཆུང་ནས་དམ་པས་རྗེས་སུ་བཟུང་ཞིང་དམ་པའི་དགོངས་པ་བཞིན་སྒྲུབ་པའི་སྐྱེས་བུ་དམ་པ་༧སྐྱབས་རྗེ་དམ་པ་རྒྱལ་བ་ཞེ་ཆེན་རབ་འབྱམས་ཚང་གི་ལྷག་ཅིག་དཀོན་པ་དང་། ཕྱི་ཡི་བླ་ཚུགས་མ་ཤོར། ནང་གི་སྒོམ་ཚུགས་མ་ཡལ་བར་བསྟན་འགྲོའི་མགོན་དུ་བཞུགས་པ་འདི་ཉིད་རྒྱལ་བུ་ད་ལུ་དམངས་སུ་མི་འབེབས་པར་རྒྱལ་ཀུན་དགྱེས་པའི་ཕྲིན་ལས་ཅན་ལ་དཔལ་སྔ་འགྱུར་པ་སྤྱི་མགྲིན་ཡོངས་ནས་བློ་རྩེ་ཆིག་སྒྲིལ་གྱིས་དབུ་འཛིན་མངའ་གསོལ་དང་དམ་པ་རྒྱུད་འཛིན་ལ་གསོ་སྐྱོང་དུ་གནང་དགོས་པ་དུས་སུ་བབས་པས་སོ།།
བརྒྱད།༽ སྤྱིར་བཏང་དམན་ལ་བརྙས་བཅོས་བྱེད་རྒྱུ་དེ་རྒྱ་བལ་འབྲུག་གི་བླ་ཆེན་ཚོའི་མི་ཚེའི་གྲུབ་ཆ་ཆེ་ཤོས་ཤིག་ཡིན་ཀྱང་༧སྐྱབས་རྗེ་དམ་པ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་ནི་དེ་ལས་ལྡོག་དེ་ཉམ་ཐག་གི་ཆེད་དུ་ཞེ་ཆེན་སྨན་ཁང་དང་དབུལ་སྐྱོབ་ཚོགས་ཁང་། དྭ་ཕྲུག་སློབ་གྲྭ་དང་རྒན་གསོ་ཁང་སོགས་བོད་ཕྱི་ནང་དུ་བདག་སྐྱོང་གནང་དང་གནང་བཞིན་པ་རྣམ་ས་ནི་མངོན་སུམ་ཚོགས་དྲུག་གི་ལམ་དུ་གསལ་བཞིན་པ་ཡིན་པས་ཕྱིར་དང་།
དགུ།༽ ཁྱད་པར་༧སྐྱབས་རྗེ་དམ་པ་རྒྱལ་བ་ཞེ་ཆེན་རབ་འབྱམས་རིན་པོ་ཆེས་རང་ས་ལ་གཞན་དང་གཞན་ས་ལ་རང་བཞག་ནས་མཐོ་དམན་མེད་པར་མ་འདྲིས་པའི་མཛའ་བཤེས་ཆེན་པོས་འགྲོ་ལ་ཕན་ཐབས་དང་བཤད་པ་ལ་བཤད་སྒྲུབ་ཁོ་ལ་གནང་བཞིན་པའི་མཚན་ལྡན་དགེ་བའི་བཤེས་གཉེན། སྔ་འགྱུར་རྒྱལ་བའི་གཙུག་རྒྱན། འགྲོ་བའི་དེད་དཔོན། དམ་པའི་ལམ་སྟོན། རྒྱལ་བའི་རྒྱུད་འཛིན། རིགས་འདུས་པདྨ་ཀ་རའི་རྒྱལ་ཚབ། སྙིགས་དུས་འགྲོ་བ་ཡོངས་ཀྱི་ལམ་སྟོན་ཆེན་པོ། བྱམས་བརྩེ་དང་སྙིང་རྗེའི་རང་གཟུགས། དབང་བཞིའི་ཆུ་བོས་གཏམས་པའི་བུམ་བཟང་པོ་ལོངས་སུ་སྤྱོད་ཆོག་པ་ལྟ་བུ་ཡིན་པའི་ཕྱིར་དང་།
བཅུ།༽ ངོས་ནས་ཕྱི་ལོ་གྱ་བདུན་ནས་མཁྱེན་བརྩེ་རྡོ་རྗེ་འཆང་བོད་དུ་ཐེངས་གཉིས་ཕེབས་སྐབས་སུ་གསེར་ཞལ་མཇལ་བའི་སྐལ་བཟང་གི་བདེན་པ་་དང་༧སྐྱབས་རྗེ་དམ་པ་རྒྱལ་བ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་ཡང་དེ་བཞིན་དུ་ཞལ་འཚོ་ཞིང་། ངོས་ཕྱི་ལོ་༢༠༠༡ ནས་༤་བར་དུ་བལ་ཡུལ་དགོན་སྡེ་ཁག་བརྒྱ་ཕྲག་ལ་བསྐོར་བ་བྱས་པའི་ཚེ་བན་རྐྱང་འཁྱར་པོ་བལ་ཡུལ་དུ་འདུག་སྐབས་ནས་ད་ལོ་དབྱིན་ཡུལ་རྒྱལ་ས་ལན་དྲོན་ནས་མཇལ་བའི་བར་གྱི་མི་གཤིས་བཟང་པོ་དམ་པའི་ངང་ཚུལ་དེ་ལ་རྟུལ་ཙམ་མ་འགྱུར་བ་བྱམས་དང་སྙིང་རྗེ། དད་དང་དག་སྣང་། ཐུགས་དམ་རྒྱུད་འཛིན། དྲང་བདེན་རིགས་པའི་བུ་མཆོག་རང་དམན་ས་བཞག་ནས་གཞན་མཐོ་ས་སུ་འཇོག་བཞིན་པ་མཁྱེན་བརྩེའི་ཡང་སྲིད་སྐོར་ལ་གཟིགས་དང་གསལ་བོ་ཤེས་ཐུབ་པའི་ཕྱིར་རོ།།
ཇི་སྐད་དུ།
དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་།།
བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས།།
ཆོས་སྲིད་ནི་ནུབ་ནོར་བུའི་རྒྱལ་མཚན་བསྒྲེངས།།
མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།
ཅེས་པ་འདི་ཡང་རྒྱལ་བ་ཀུན་གྱི་ཐུགས་རྗེའི་ངོ་བོ་དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས་སམ་འཆི་མེད་མཚོར་འཁྲུངས་རྒྱལ་བའི་བསྟན་པའི་ལྷག་ཞབས་སུ་སྐྱེས་པའི་ཤྲྰི་ཨེ་མ་ཧོ་འམ་དཔལ་དགྱེས་པ་རྡོ་རྗེས་སྙིང་གྲོགས་ཆོས་མཆེད་དམ་པ་འགའ་ཞིག་གིས་དགོངས་འཆར་ལྟར་མ་བཅོས་སེམས་ཀྱི་རི་མོ་ཡི་གེའི་ གཟུགས་སུ་དབྱིན་ཡུལ་རྫོགས་ཆེན་དུས་འཁོར་འོད་གསལ་རི་ཁྲོད་ནས་བགྱིས་པར་དགེའོ།། །།
ཞེ་ཆེན་རབ་འབྱམས་མཆོག་སྤྲུལ་སྐུ་ཡག་པོ་རེད། ཡིན་ནའང་། སྐྱ་སེར་གང་ཡིན་གསལ་པོ་མིན་འདུག ཁོང་གོས་དཀར་ལྕང་ལོ་ཅན་རེད་དམ། སེར་མོ་བ་རེད། སྐྱ་མིན་སེར་མིན་གསལ་པོ་མ་བཟོས་གོང་མིང་གདག་རྒྱུ་སྔ་མི་ཉན།
ངའི་འོས་ཤོག་དེ་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཡིན།
སྔ་འགྱུར་རྙིང་མའི་དབུ་ཁྲིད་འདེམས་པའི་དབང་ཚད་ནི་སྔ་འགྱུར་པ་རང་ཉིད་ལས་གཞན་ལ་མེད། དེས་ན་འདིར་བཤད་པའི་སྐབས་སུ་མ་མཐོང། གཅིག་བྱས་ན་དྲ་རྒྱ་འདིར་མཐོ་རི་བོའི་རྩེ་ནས་དམའ་རྒྱ་མཚོའི་མཐིལ་བར་ཇུས་མེད་ཇུས་གཏོགས་ཀྱིས་ཆོས་ལུགས་དང་དེ་འཛིན་གྱི་སྐྱེས་བུ་རྣམས་ལ་སྒྲོས་བསྐུར་མ་འདི་མ་བཏབ་ཟེར་བ་མེད་པས། དེ་ལས་འདིར་མ་བཤད་ན་བཟང་བར་མཐོང།
དཔལ་དགྱེས་པ་རྡོ་རྗེ་ཟེར་བ་འདིས་ཡང་རྙིང་མའི་ཆོས་རྒྱུད་ནང་ལ་འབར་རྫས་ཅིག་བཞག་འདོད་ཡོད་ས་རེད། ལས་ཀ་མེད་སར་ལས་ཀ་ཨང་།
ཏྲེ་ཧོར་བྱམས་པ་རིན་ཆེན་གྱི་གསུངས་པ་ལྟར་མོས་མཐུན་ཡོད། དཔལ་གྱུས་པ་ལགས། ཁྱོད་ཡང་བསྟན་དཀྲུགས་ཀྱི་ལས་ཀ་མགོ་མ་བརྩམས་ཨ། ཡང་འབར་རྫས་འཇོག་ཡག་མགོ་མ་རྩོམ་ཨ།
དཔལ་གྱུས་ཁྱེད་རང་རྟོགས་མགུར་བྲིས་ན་རྩོམ་བརྐུས་མིན་ན་སྙན་མོ
འདུག ཡང་ཆོས་ལུགས་ལ་སྡང་ཞན་མ་བཟོ་དགའ། བོན་བསྟན་ལ་ཁ་ཚད་བཀུར་བ་བཏབ། ད་ཡང་རྙིང་བསྟན་ཁུང་ལ་དཀྲུགས་ཤིང་ཡང་ན་། ཡང་ན་ཞེ་ཆེན་མདུན་སྤྲུལ་སྐུ་མིང་རྟགས་འཐོབ་ཆེད་ཡིན་ནམ། འདི་སྐོར་འངྲ་མིན་བྲིས་མ་ཡོང་ཨ། བརྟན་བརྟན་ཁྱེད་རང་དབྱིན་ལེན་ནང་ན་དབྱིན་དཀྲུགས་ཀྱང་བྱས་བསྡད་ན་འགྲོ་ས་གཅིག་མ་གཏོག་མཐོང་གིས་མི་འདུག ད་ལྟ་ངས་སྔོན་བརྡ་བྱས་ཡོད་། རྗེས་འགྱོད་པ་ལྟས་མ་ཟིན་་པ་ ཁྱེད་རང་ཨ་མ་རྒན་མོ་ཁེར་རྐྱང་མ་ལུས་མ་ཡག་ནི་རེད། འཛམ་བུ་གླིང་ཆུང་ཆུང་རེད། གཡོལ་ས་གབ་ས་དེ་ཙམ་མེད་འགྲོ་ཐུགས་ཟབ་བྱོས།
ཧ་ཧ། ཀློང་ཆུང་འདིས་གད་སློང་གིན།
རྙིང་མ་པར་སྡོམ་རྒྱུན་གཙང་མ་ཡོད་ས་ཞིག་སུ་ཡོད་་་་་འདིར་གསུང་རོགས།