རྩོམ་པ་པོ། ལྷ་ངམ་ཕུན་གསུམ་སྐད་འཕྲིན་ཚོགས་པའི་རྒྱུན་ལས།
ཉེ་དུས་བོད་ཀྱི་དཔེ་མཛོད་ཁང་གིས་དེབ་ཁག་བརྒྱད་དབུ་འབྱེད་གནང་བའི་ཁྲོད་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བགྲེས་པ་གཙང་ཕྲུག་སྟོབས་ལགས་ཀྱིས་བརྩམས་གནང་བའི་གཙང་སྟོད་ལྷ་ངམ་ཕུན་གསུམ་ཁུལ་གྱི་ལོ་རྒྱུས་<<གཙང་སྟོད་ལྷ་ངམ་ཕུན་གསུམ་གྱི་སྔོན་བྱུང་ལོ་རྒྱུས།>>ཞེས་པའི་དཔེ་དེབ་ཤིག་ཀྱང་དབུ་འབྱེད་གནང་ཡོད། ལོ་རྒྱུས་ཀྱི་དཔེ་དེབ་དེ་ནི་ཤོག་གྲངས་ལྔ་བརྒྱ་ཉི་ཤུའི་བདག་ཉིད་ཅན་སྟེ། ལེའུ་ཆེན་པོ་བདུན་དང་ནང་གསེས་ས་བཅད་མང་པོས་གྲུབ་ཅིང་། གཙང་ལ་སྟོད་བྱང་གི་ས་ཁུལ་ལྷ་རྩེ་དང་། ངམ་རིང་། ཕུན་ཚོགས་གླིང་གསུམ་གྱི་དུས་རབས་རིམ་བྱུང་གི་ཆབ་སྲིད་དང་། ཆོས་ལུགས། རིག་གཞུང་། གནས་གཞི་གྲགས་ཅན། སྒྱུ་རྩལ། ཡུལ་སྲོལ་གོམས་གཤིས། གྲགས་ཅན་མི་སྣ་ངོ་སྤྲོད་བཅས་ཕྱི་སྣོད་རི་ལུང་ཡུལ་གྱི་བཀོད་པ་དང་། ནང་བཅུད་འགྲོ་བ་སེམས་ཅན་གྱི་འཚོ་གནས་དཔལ་ཡོན་སོགས་མདོར་ན་ཡུལ་གྲུ་དེ་གསུམ་གྱི་བྱུང་རབས་རྣམས་གསལ་པོར་འཁོད་ཡོད་པས། དཔེ་དེབ་དེས་བོད་ཕྱི་ནང་གཉིས་ཀྱི་ལྷ་ངམ་ཕུན་གསུམ་ཁུལ་དུ་གནས་བབ་ངེས་ཅན་ཞིག་ཟིན་ངེས་པ་ནི་གཏན་འཁེལ་ཡིན་ལ། དེ་ནི་ཡུལ་གྲུ་དེ་གསུམ་གཞི་གཅིག་ཏུ་བསྒྲིལ་བའི་ལོ་རྒྱུས་དེབ་ཐེར་ཐོག་མ་དེའང་ཡིན།
འོ་ན། ཡུལ་གྲུ་དེ་དག་གསུམ་ནང་བོད་སྤྱི་ལ་བཀའ་དྲིན་ཆེ་ཞིང་མཛད་པ་ཆེ་བའི་སྐྱེས་བུ་སུ་འདྲ་ཞིག་དང་། ཡུལ་གྲུ་དེ་གིས་བོད་སྤྱིའི་ཤེས་རིག་གི་བང་མཛོད་ཁྲོད་གལ་ཆེའི་གནས་བབ་ཅི་ཙམ་བཟུང་ཡོད་ཅེ་ན། ཡར་ཐོག་པུར་རྒྱལ་བཙན་པོའི་རྒྱལ་རབས་ནང་སྙན་གྲགས་ཅན་གྱི་རྒྱལ་མོ་འབྲོ་བཟའ་ཁྲི་མ་ལོད་དང་། ལོ་ཙཱ་བ་རྨ་རིན་ཆེན་མཆོག་དང་། བོད་སྨན་མཁས་པ་མི་དགུ་ལས་བི་བྱི་ལེགས་མགོན་སོགས་དང་། དེ་བཞིན་ཁྱུང་དང་། འབྲོ་དང་། འཁོན་དང་། མང་གི་རུས་ཚོ་ལས་མཆེད་པའི་ལོ་རྒྱུས་ཀྱི་མི་སྣ་མང་པོ་དང་། འབྲོག་མི་ལོ་ཙ་བ་ཤཱཀྱ་ཡེ་ཤེས་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ། རིག་འཛིན་རྒོད་ལྡེམ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། བྱང་བདག་རྣམ་རྒྱལ་གྲགས་བཟང་། རེད་གདའ་བ་གཞོན་ནུ་བློ་གྲོས། མཁས་གྲུབ་དགེ་ལེགས་དཔལ་བཟང་། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། སྨོན་འགྲོ་པཎ་ཆེན། འདར་བ་ལོ་ཙཱ་བ། རྗེ་བཙུན་མ་ཀུན་དགའ་འཕྲིན་ལས་དབང་མོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མི་ཉུང་བ་ཞིག་འཁྲུངས་པ་མ་ཟད། སྐྱེས་བུ་དེ་དག་གི་དགོངས་པའི་སྙིང་བཅུད་ལས་ཐོན་པའི་རིག་པའི་གཞུང་ལུགས་དང་། ཆོས་ལུགས་གྲུབ་མཐའ་སོགས་ཀྱང་མི་ཉུང་བ་ཞིག་བྱུང་ཡོད་པ་ནི། ལྷ་རྩེ་མང་མཁར་དུ་སྐུ་འཁྲུངས་པའི་བླ་ཆེན་འབྲོག་མི་ལོ་ཙྰ་བས་གསུང་ངག་ལམ་འབྲས་ཀྱི་གྲུབ་མཐའ་དང་། ངམ་རིང་ངབ་འཕྱར་དུ་སྐུ་འཁྲུངས་པའི་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་ནང་གྲུབ་མཐའ། ངམ་རིང་བཀྲ་བཟང་གི་བམ་པར་སྐུ་འཁྲུངས་པའི་རིག་འཛིན་རྒོད་ལྡེམ་གྱིས་རྙིང་མ་བྱང་གཏེར། ངམ་རིང་མདོག་ལྷུན་ལྡིངས་སུ་སྐུ་འཁྲུངས་པའི་བྱང་བདག་རྣམ་རྒྱལ་གྲགས་བཟང་གིས་བྱང་ལུགས་གསོ་རིག། ངམ་རིང་མདོག་གཞུང་གད་ལེར་སྐུ་འཁྲུངས་པའི་གཟུངས་ཀྱིས་དཔལ་བས་ས་སྐྱ་རྫོང་ལུགས། ངམ་རིང་མདོག་སྒོ་ཕུར་སྐུ་འཁྲུངས་པ་བུ་དྷ་ཤྲཱི་རི་ལས་ས་སྐྱ་ངོར་ལུགས། ངམ་རིང་རིན་ཆེན་ལྡིང་དུ་སྐུ་འཁྲུངས་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྷ་མོའི་ཟློས་གར་དང་བོད་ཁྱོན་ལ་གསར་འཛུགས་གནང་བའི་ལྕགས་ཟམ་གསར་གཏོད་གནང་ཏེ། བོད་ཁམས་ཡོངས་ལ་བཀའ་དྲིན་འགྲན་ཟླ་བྲལ་བའི་མཛད་པ་བསྐྱངས་ཡོད། བོད་རྒྱ་ལག་ཏུ་ཤོར་རྗེས་སུ་ཡང་ཡུལ་གྲུ་དེ་དག་ནས་མཁས་དབང་རྡོ་རྗེ་རྒྱལ་པོ་དང་། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། གཙང་པ་མཁན་ཟུར་རྗེ་བཙུན་བློ་བཟང་ཚེ་རིང་། དགའ་ལྡན་ཁྲི་བ་ལས་ཐོག་རྫེ་བཙུན་བློ་བཟང་བསྟན་འཛིན་སོགས་གངས་ཅན་ལྗོངས་ལ་བཀའ་དྲིན་ཅན་གྱི་སྐྱེས་བུ་མི་ཉུང་བ་ཞིག་འཁྲུངས་ཡོད་ལ། དེ་བཞིན་དུ་ལག་ཤེས་བཟོ་རིག་སྒྱུ་རྩལ་ཐད་ནས་བོད་དུ་འཁྲུངས་ཤིང་བཙན་བྱོལ་དུ་ཕེབས་པའི་དབུ་ཆོས་ཕུན་ཚོགས་ལགས་ནི། ཤིང་རྐོས་དབུ་ལགས་ཆེན་མོ་བ་དང་། ཁང་པ་བཟོ་སྐྲུན་པ་ཞིག་ཀྱང་ཡིན་པས་བཙན་བྱོལ་ནང་ཁོང་གིས་ཤིང་རྐོས་སྒྱུ་རྩལ་རྗེས་འཇུག་སློབ་མ་མི་ཉུང་བ་ཞིག་གསོ་སྐྱོང་གནང་ཡོད་པ་མ་ཟད། བོད་ཀྱི་ཁང་བཀོད་བཟོ་རིག་སྐོར་ལ་ཕྱག་དེབ་ཤིག་ཀྱང་འཇིག་རྟེན་མི་ཡུལ་འདིར་ལེགས་སྐྱེས་སུ་ཕུལ་ཡོད།
འོན་ཀྱང་། ཡུལ་གྲུ་དེ་དག་གི་ནང་དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་འཁྲུངས་པ་མ་ཟད་ཡུལ་གྲུ་དེ་དག་ནས་མཆེད་པའི་རིག་པའི་གཞུང་ལུགས་བོད་ཁྱོན་ཡོངས་ལ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་ཀྱང་། རང་རེའི་སྤྱི་ཚོགས་ཁྲོད་སྐྱེས་ཆེན་མང་པོ་ཞིག་གི་འཁྲུངས་ཡུལ་ཇི་བཞིན་མི་ཤེས་མཁན་མང་བའི་ཁར་ལོ་རྒྱུས་སྨྲ་བར་ཁས་འཆེས་པ་འགས་རྟོགས་བཟོའམ་གཡམ་རྒྱུག་ཇི་ལྟར་ཡང་། སྐྱེས་ཆེན་དེ་དག་མི་ཉུང་བ་ཞིག་གི་འཁྲུངས་ཡུལ་བོད་ཀྱི་ས་ཁུལ་གཞན་ནས་ཡིན་ལུགས་བྲིས་ཏེ། འབྲི་རྩོམ་ཐོག་བཀོད་པ་སོགས་དོན་དངོས་དང་འགལ་ཞིང་ལོ་རྒྱུས་བྱུང་རབས་ཀྱི་ཆོས་ཉིད་དང་རྒྱབ་འགལ་དུ་གྱུར་བའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་འཐོན་བཞིན་པ་ནི། བྱང་ལུགས་གསོ་རིག་གི་གསར་གཏོད་པ་བྱང་བདག་རྣམ་རྒྱལ་གྲགས་བཟང་མཆོག་མི་ཉག་ཏུ་སྐུ་འཁྲུངས་ལུགས་དང་ཁོང་གི་འཁྲུངས་ཡུལ་ངམ་རིང་དེ་ཡང་མི་ཉག་གི་ས་ཁུལ་ཏུ་བསྐྱལ་ཡོད་ལ། འགྲོ་མགོན་ཆོས་རྒྱལ་འཕགས་པ་ས་སྐྱ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་རྒྱལ་རྩེར་འཁྲུངས་ཚུལ་སོགས་པ་མདོར་ན། བོད་ཆོལ་གསུམ་དུ་མཚན་སྙན་རླུང་ལྟར་གྲགས་པའི་སྐྱེས་ཆེན་དེ་དག་གི་འཁྲུངས་ཡུལ་དེ་ད་དུང་ཡང་རང་རེའི་ཤེས་ལྡན་པ་མི་ཉུང་བ་ཞིག་གི་ཐུགས་སུ་ཆུད་མེད་པ་ལྟ་བུའི་ཚོད་དུ་སྣང་།
དེར་བརྟེན་གཅིག་ནས་༸གོང་ས་མཆོག་གིས་རང་རིགས་རྣམས་ཀྱིས་ཕྱིས་རབས་པའི་ཆེད་དུ་ལོ་རྒྱུས་འབྲི་རྩོམ་དགོས་པའི་བཀའ་སློབ་ཕེབས་པ་དང་། གཉིས་ནས་གོང་ཞུས་ཀྱི་མ་དག་རྒྱུན་འབྱམས་སུ་ཕྱིན་པའི་གནད་དོན་དེ་དག་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་གསལ་བཤད་བྱ་ཆེད་མ་འོངས་རང་རིགས་གཞོན་སྐྱེས་རྣམས་ལ་དོན་དངོས་ར་འཕྲོད་པ་དང་། མེས་པོ་དམ་པའི་མཛད་རྗེས་ཡིད་ལ་དྲན་ཤིང་བཀའ་དྲིན་སྙིང་བཅངས་ཀྱིས་མ་འོངས་པར་མེས་པོའི་ཞབས་རྗེས་སྙེགས་ཏེ། མི་རིགས་འདིར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་སྐྱེད་བསྲིང་ཡོང་ཆེད་ལྷ་ངམ་ཕུནགསུམ་སྐད་འཕྲིན་ཚོགས་པའི་ཚོགས་མི་རྣམས་ཀྱིས་དམིགས་ཡུལ་གཅིག་དང་འདུན་པ་གཅིག་གི་ཐོག་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ལོ་རྒྱུས་དཔེ་དེབ་འདིའི་ལས་གཞི་འགོ་བརྩམས་ཤིང་། ལས་གཞི་འདིའི་དམིགས་ཕུགས་དོན་འཁྱོལ་ཡོངས་བར་སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་ཆེན་མོ་གཙང་ཕྲུག་སྟོབས་ལགས་ཀྱིས་རང་ཉིད་ཀྱི་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་དང་ཕ་ཡུལ་གྱི་ཡབ་མེས་དམ་པའི་མཛད་བཟང་རང་རིགས་ལྷ་ངམ་ཕུན་གསུམ་ཁུལ་གྱི་ཕྱི་རབས་པ་དང་ཆོལ་གསུམ་བོད་རིགས་སྤུན་ཟླ་རྣམས་ཀྱི་སྤྱན་སྔར་འབུལ་རྒྱུའི་དམ་བཅའ་སྙིང་ཁོངས་སུ་བཅངས་ཏེ། ཕྲན་རྣམས་ཀྱིས་སྐྱབས་འཇུག་ཞུས་པ་བཞིན་ཁོང་གིས་ལས་གཞི་དེ་ལེགས་གྲུབ་ཡོང་བར་ཐུགས་འཁུར་གཙང་བཞེས་གནང་བ་མ་ཟད། དུས་ཡུན་མི་ལོ་བཞིའི་ནང་ལོ་རྒྱུས་དེབ་ཐེར་དེ་བཞིན་རྒྱ་ཆེའི་ཀློག་པ་པོའི་སྤྱན་སྔར་བཤམས་ཐུབ་པ་ནི། ང་ཚོའི་དགའ་འོས་པའི་གྲུབ་འབྲས་ཟླ་མེད་ཅིག་ཡིན་ལ། བོད་སྤྱི་དང་ལྷག་པར་དུ་རང་ཡུལ་ལྷ་ངམ་ཕུན་གསུམ་ལ་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་དེ་ཡིན།
མཐའ་དོན། ལོ་རྒྱུས་དཔེ་དེབ་དེ་བཞིན་སྤྱི་ཚོགས་དྲ་བའི་སྟེང་པར་རིགས་ཀྱི་ངོ་བོར་འཇོག་རྒྱུ་ཙམ་དང་ལས་གཞི་དེ་དང་འབྲེལ་ཡོད་རྣམས་ཀྱི་བྱས་ཡུས་ཤོད་ཆེད་མིན་པར་གཙོ་ཆེར་༸གོང་ས་མཆོག་གི་དགོངས་གཞི་ལྟར་རང་རིགས་གཞོན་སྐྱེས་རྣམས་དང་ལྷག་པར་དུ་ལྷ་ངམ་ཕུན་གསུམ་ཁུལ་གྱི་གཞོན་སྐྱེས་ཚོས་ལོ་རྒྱུས་ཀྱི་མེ་ལོང་དེ་ལས་མེས་པའི་ཞབས་རྗེས་བཙལ་ཏེ། སྙིང་སྟོབས་ཀྱིས་གོ་ཆ་ལེགས་པར་སྤྲས། ཕུགས་བསམ་གྱི་རི་བོ་བརྟན་པོ་བཙུགས་ནས། མེས་པོ་དམ་པའི་མཛད་བཟང་གི་ཞབས་རྗེས་ཟིན་མ་ཐུབ་ཀྱང་། ཁོང་རྣམ་པའི་ཞབས་རྗེས་སུ་ཅི་ཐུབ་ཀྱིས་སྙེག་རྒྱུའི་སྙིང་སྟོབས་བསྐྱེད་རྒྱུ་དེ་ནི་ལོ་རྒྱུས་དཔེ་དེབ་དེ་བརྩམས་དགོས་པའི་དགོས་དམིགས་ངོ་མ་དེ་ཡིན།། །།