གཞིས་ཆགས་བུས།
ཕྱི་ལོ་ ༢༠༠༥ ཟླ་བ་ ༡༠ ཚེས་ ༩ ཉིན་དབུ་བརྙེས་ཤིང་ད་བར་ལོ་ངོ་ ༧ འཁོར་ལ་ཉེ་བའི་མེས་དབོན་དཔེ་སྟོན་གཙུག་སློབ་གྲྭ་འདི་ནི་བཙན་བྱོལ་སྤྱི་ཚོགས་ནང་དུ་བསྟོད་པའི་མེ་ཏོག་གཏོར་བ་དང། སྨད་པའི་འཕྱ་ཚིག་གི་མདའ་མོ་འཕེན་ས་ཞིག་ཏུ་འགྱུར་ནས་ཚར་ལོངས་བྱུང་བ་ཞིག་ཡིན། སློབ་གྲྭ་འདི་ནི་ཕྱི་ལོ་ ༢༠༠༢ ལོར་གཏན་ལ་དབབ་པའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གསར་པ་གཞིར་བཟུང་ལག་བསྟར་བྱེད་བཞིན་ཡོད་པའི་དཔེ་སྟོན་སློབ་གྲྭ་བརྗོད་ནས་བཙུགས་པ་ཞིག་ཡིན། དེའི་ནང་དུ་གཙོ་བོ་གཞི་རིམ་གྱི་སློབ་ཚན་གང་ཞིག་ཡིན་ནའང་ཚང་མ་མ་སྐད་རང་གི་ཐོག་ནས་སློབ་འཁྲིད་བྱེད་ནས་གཞི་རིམ་སློབ་གྲྭའི་དུས་ནས་མ་སྐད་ཀྱི་གཞི་རྩ་བརྟན་པོ་ཞིག་ཚུགས་ཐུབ་རྒྱུ་དང། དེ་ནས་རིམ་བཞིན་འཛིན་རིམ་ལྔ་པར་སླེབས་སྐབས་སྐད་ཡིག་གཉིས་པའི་སློབ་འཁྲིད་བྱེད་ནས་འགྲོ་ཐུབ་རྒྱུ་དེ་ཡིན། དེང་གི་ཆར་སློབ་གྲྭ་འདིའི་སྐབས་དང་པོའི་སློབ་མ་རྣམས་འཛིན་རིམ་དགུ་པར་སླེབས་ཡོད་ཅིང། སློབ་མ་རྣམས་ཀྱི་བོད་ཡིག་གི་ཤེས་ཚད་ཡག་པོ་ཡོད་པ་ཀུན་གྱིས་གྲགས་བཞིན་འདུག་ལ། དེ་བཞིན་སྐད་གཉིས་པའི་ཤེས་ཚད་ཀྱང་གཏན་ཉིན་སློབ་གྲྭ་ཁག་དང། བོད་ཁྱིམ་གཉིས་ཀྱི་གཞི་རིམ་སློབ་གྲྭ་ཁག་དང་ཞིབ་བསྡུར་བྱེད་ན་བཟང་བ་མེད་ནའང་སྐྱོ་བ་མེད་པ་ནི་ཀུན་གྱི་མཐོང་ཆོས་སུ་འགྱུར་ཡོད།
ཉེ་ལམ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་ཉིན་མོར་མེས་དབོན་དཔེ་སྟོན་སློབ་གྲྭའི་སློབ་མ་རྣམས་ཀྱི་བྲིས་རྩོམ་བྱེད་པའི་༼དཔེ་སྟོན་ན་ཆུང་ཚགས་པར་༽ཟེར་བ་ཞིག་འདོན་སྤེལ་བྱས་ཡོད། དཔེ་སྟོན་ན་ཆུང་ཚགས་པར་དེ་ནི་བཙན་བྱོལ་ནང་དུ་ན་ཆུང་ཚགས་པར་ཐོག་མ་ཞིག་མིན་ནའང་སློབ་གྲྭ་རང་ཉིད་ནས་འདོན་སྤེལ་བྱེད་པའི་ཚགས་པར་ཐོག་མ་དེ་ཆགས་འདུག འདོན་ཐེངས་དང་པོ་དེའི་ནང་དུ་ཁྱོན་སྡོམས་སློབ་མ་རྣམས་ཀྱི་ལྷུག་རྩོམ་དང་སྙན་རྩོམ། བསྒྱུར་རྩོམ་སོགས་ཁྱོན་སྡོམས་བཅུ་གཉིས་ཙམ་འདུག་ལ། རྩོམ་ཡིག་བྲིས་མཁན་གྱི་སློབ་མ་མང་ཆེ་བ་འཛིན་རིམ་བརྒྱད་པ་དང་དགུ་པའི་སློབ་མ་ཡིན་འདུག
རྒྱ་ཆེ་མི་མང་རྣམས་ཀྱིས་༸སྐུའི་འཁྲུངས་སྐར་ཉིན་ལ་འདོན་སྤེལ་བྱེད་པའི་དཔེ་སྟོན་ན་ཆུང་ཚགས་པར་ནང་གི་རྩོམ་ཡིག་རྣམས་ལ་འདེང་འཇོག་ཆེན་པོ་བྱེད་ཀྱིན་འདུག་ལ། ལྷག་པར་ད་ལྟའི་བོད་ཡིག་གི་ལས་དབང་ལ་བསམ་ན་ཁོང་ཚོས་བོད་ཀྱི་སྐད་ཡིག་ཞབས་འདེགས་ཅུང་ཟད་ཅིག་བསྒྲུབ་བཞིན་པའང་མཚོན་ཡོད།
དེའི་ནང་ནས་རང་ལོ་ ༡༤ སོན་པ། འཛིན་རིམ་དགུ་པའི་སློབ་མ་བསྟན་འཛིན་ཆོས་སྐྱིད་ནས་ “ང་དྭ་ཕྲུག་ཏུ་གྱུར་བའི་མི་ཚེ་” ཅེས་པ་ཞིག་བྲིས་འདུག གཤམ་དུ་ཁོ་མོའི་བྲིས་རྩོམ་དེ་ཡོད་པས། རྒྱས་གཟིགས་ཡོང་བར་ཞུ།
ང་དྭ་ཕྲུག་ཏུ་གྱུར་བའི་མི་ཚེ།
གུས་མོ་བདག་འཇིག་རྟེན་འདིར་སླེབས་ནས་རྐང་པའི་གོམ་སྟབས་ཁྱར་ཁྱོར་དུ་འགྲོ་བའི་སྐབས་ཐོག་དེ་ནས་བཟུང། ངས་དྲིན་ཅན་ཕ་ལོའི་ཕྱག་ཟུང་འཇམ་པོ་དང་བརྩེ་བའི་འཛུམ་ཞལ་དྲོད་མོ་ལ་རོལ་བའི་གོ་སྐབས་འདི་སྙིང་རྗེ་མེད་པའི་འཆི་བདག་གཤིན་རྗེ་དེས་ཕྲོགས་སོང་བས། དུས་སྐབས་དེར་ངས་ད་དུང་འཇིག་རྟེན་འདིའི་ཁ་དོག་གི་ཚོན་མདོག་མི་ཤེས་ལ་མིག་ཆུའི་རིན་ཐང་དེ་བས་ཀྱང་ག་ལ་ཤེས། ང་འདི་ལྟར་ཨ་མའི་མིག་ཆུ་དང་མཉམ་དུ་འཚར་བའི་ཉིན་མ་དེ་རིང་བར་ཕྱིར་དྲན་རེ་བྱེད་ཚེ། ངའི་གྲོད་ཁོག་ཡོངས་རྫོགས་མིག་ཆུས་བཀང་འདུག་ལ། སེམས་པ་ཧྲིལ་བོར་དྲན་གདུང་གིས་གཡོགས་འདུག་པས། དུས་ད་ལྟ་དྲིན་ཅན་ཕ་ལོ་ཧ་ཅང་དྲན། དྲན་དྲགས་པའི་མཚན་མོ་རྨི་ལམ་ནང་དུ་དྲིན་ཅན་ཕ་ལོ་དང་ཞལ་མཇལ་ཡང་བྱས་མྱོང་ཡོད། ལྷག་པར་དུ་ཨ་ཕའི་སྙན་ཞིང་འཇེབས་པའི་གསུང་སྐད་དེ་ཡིད་ལ་འཆར་ནས་ཡོང་དུས་ངའི་མིག་ཟུང་ནས་རང་དབང་མེད་པར་མིག་ཆུའི་ཐིགས་ཕྲེང་ཆུ་བོ་བཞུར་ནས་རྒྱ་མཚོ་ལྟར་འཁྱིན་གྱིན་འདུག ང་འདི་ལྟར་འཚར་ལོངས་བྱུང་བའི་བུ་མོ་ཉམ་ཆུང་ཞིག་ཡིན་ནའང། ངས་དྲིན་ཅན་ཕ་ལོའི་གསུང་སྐད་བརྗེད་མྱོང་མེད་ལ་དྲིན་ཅན་ཕ་ལོའི་འཛམ་ཞལ་དེ་ལས་ཀྱང་བརྗེད་མྱོང་མེད། མ་ཟད་ང་ལ་དྲིན་ཅན་ཕ་ལོས་གནང་བའི་བསླབ་བྱ་ཡོད་ལ་དྲིན་ཅན་ཕ་ལོས་བཞག་པའི་ཞལ་ཆེམས་ཡོད་པས། ཉིན་མ་དེ་རིང་ནས་བཟུང་སྟེ་བུ་མོ་ངས་ཨ་ཕའི་ཞལ་ཆེམས་ལྟར་སློབ་སྦྱོང་ལ་འབད་བརྩོན་བྱེད་དེ་སྙིང་ཉེ་བའི་ཨ་མར་དྲིན་ལན་མཇལ་ངེས། །
གོང་གི་ཡི་གེ་འདི་ཀློག་རྒྱུ་མ་བྱུང། ཡིན་ནའང་དཔེ་སྟོན་ན་ཆུང་ཚགས་པར་ཆེད་མངགས་ཉོས་པ་ཡིན། བལྟས་པ་ཡིན། བསམ་ཚུལ་མང་པོ་ཡོད། རིམ་པར་གླེང་ཆོག
ང་ཚོའི་སྤྲུལ་དར་སྤྱི་ཚོགས་འདི་ནང་བསྟན་འཛིན་ཆོས་སྐྱིད་ག་སྲིད་བུ་ཞིག་ཡིན་ན་གོང་མ་མེད་པའི་སྤྲུལ་སྐུ་ཞིག་ངོས་འཛིན་བྱེད་སྲིད
ལོ་༡༤་སློབ་མ་བསྟན་འཛིན་ཆོས་སྐྱིད་ཀྱིས་བྲིས་པ་ལེགས། སྔོན་མ་དགེ་རྒན་ཚོས་སློབ་ཕྲུག་ཚོ་ལ་ཡིག་ནོར་རེ་བྱུང་ན་ཉེས་བརྡེག་གཏོང་གི་ཡོད། གཤམ་གྱི་ཡིག་ནོར་ལ་གཟིགས་རོགས། རྒྱ་མཚོ་ལྟར་འཁྱིན་༼འཁྱིལ༽གྱིན་འདུག ང་འདི་ལྟར་འཚར་ལོངས་བྱུང་བའི་བུ་མོ་ཉམ་ཆུང་ཞིག་ཡིན་ནའང། ངས་དྲིན་ཅན་ཕ་ལོའི་གསུང་སྐད་བརྗེད་མྱོང་མེད་ལ་དྲིན་ཅན་ཕ་ལོའི་འཛམ་༼འཛུམ༽ཞལ་དེ་ལས་ཀྱང་བརྗེད་མྱོང་མེད། ཉིན་མ་༼ཉི་མ༽དེ་རིང་ནས་བཟུང་སྟེ་བུ་མོ་ངས་ཨ་ཕའི་ཞལ་ཆེམས་ལྟར་སློབ་སྦྱོང་ལ་འབད་བརྩོན་བྱེད་དེ་སྙིང་ཉེ་བའི་ཨ་མར་དྲིན་ལན་མཇལ་༼འཇལ༽་ངེས། །
ཡིག་ནོར་མིག་ལ་ཐོགས་ཚད་གཤམ་གསལ། མདའ་མོ་འཕེན་ས་ཞིག་ཏུ་འགྱུར་༼གྱུར༽ནས། ཚར་༼འཚར༽ལོངས་བྱུང་བ་ཞིག་ཡིན། སློབ་འཁྲིད་༼ཁྲིད༽བྱེད་ནས། ཀུན་གྱིས་གྲགས་བཞིན་འདུག ༼ཀུན་ལ་གྲགས་བཞིན་འདུག༽ཁྱོན་སྡོམས་༼བསྡོམས༽སློབ་མ་རྣམས་ཀྱི་། འདེང་༼གདེངས༽འཇོག་ཆེན་པོ། ཞབས་འདེགས་ཅུང་ཟད་ཅིག་བསྒྲུབ་༼སྒྲུབ༽བཞིན་པའང་། འཛུམ་ཞལ་དྲོད་མོ་༼དྲོན་མོ༽
གོང་གི་ཚིག་ནོར་དེ་དག་བསྟན་འཛིན་ཆོས་སྐྱིད་ཀྱིས་མིན་པར། ཕྲན་གྱིས་གློག་ཀླད་ནང་དུ་བཏགས་སྐབས་ནོར་བ་ཡིན་པས་དགོངས་དག་ཞུ་རྒྱུ་ཡིན། །
མིག་བརྒྱད་པས་ཚིག་ནོར་དེ་དག་དག་བཅོས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་འོངས་པར་རྩོམ་ཡིག་འདྲ་སྤེལ་སྐབས་དོ་སྣང་བྱ་རྒྱུ་ཡིན། །
བསྟན་འཛིན་ཆོས་སྐྱིད་ནས་་་་་སྙན་རྩོམ་ཡག་པོ་བྲིས་ཤག་མོ་རང་ད་ལྟ་ལོ་ན་ཡང་ཆུང་ཆུང་རེད་པ་་་་་ལྷག་པར་དུ་སྙན་རྩོམ་དེའི་བརྗོད་བྱ་དེ་དངོས་བདེན་མིན་འདྲ་སྙམས་ཏེ་སེམས་པ་ཡང་ཏོག་ཙམ་སྐྱོ་སོང་། ཨ་ཁ་ཁ་་་་ཁྱེད་རང་ལ་ད་ལྟའི་ཆར་ཁ་ལྟ་སློབ་བྱ་གནང་མཁན་གྱི་དྲིན་ཆེ་བའི་ཕ་ལོ་དེ་མེད་ནའང་་་་་ཕ་དམ་པའི་ཞལ་ཆེམས་དེ་མ་བརྗེད་སྙིང་བསྐྱངས་གནང་པ་དེ་ནི་་་
་་་་བོད་ཕྲུག་ཡོངས་ཀྱི་རླབས་ཆེན་གྱི་གཟི་བརྗིད་རེད་ཞུ་རྒྱུ་ཡིན། སེམས་ཤུགས་སྒྲིམས་དང་།
འགྲུབ་མ་ཐུབ་པའི་བྱ་བ་མེད། ང་རྒྱུན་རིང་དང་། བགྲོད་མ་ཐུབ་པའི་ས་ཆ་མེད། ཤེས་ཡོན་སྦྱོང་དང་།
རྙེད་མ་ཐུབ་པའི་རྒྱུ་དངོས་མེད། སྤྱོད་ལམ་བཟང་དང་། ལས་དབང་གི་བརྩེ་གྲོགས་དམ་པ་ཞིག་ལུས་ཡོད། །
རྟེན་འབྲེལ་ཞུ། མ་འོངས་བ་སྐད་ཡིག་གཉིས་ལྡན་གྱི་སློབ་མ་མང་དུ་བྱུང་ནས་བོད་ཡིག་འདི་ཚད་མཐོའི་རང་བཞིན་ཅན་དུ་སྒྱུར་བ་ཕན་ཐོགས་ཡོད་ངེས་རེད། ཕ་སྐད་ཀྱི་མ་གཞི་ཡིས་སློབ་པ་ཐུགས་རྗེ་ཆེ། དེ་མིན་ར་མིན་ལུག་མིན་ཞིག་ཏུ་ཆགས་ངེས་རེད། ག་ཚད་ཀྱིས་གཞན་སྐད་ཤེས་ཀྱང་རང་ཡིག་སྟེང་ཅི་ཡིག་སྐུར་ཞིག་ཀྱང་འབྲི་མི་ཐུབ་མཁན་ཞིག་གྱུར་ན་འཕང་བ་ལ། གཞན་གྱི་རིག་གཞུང་ལ་ཞབས་འདེབས་བྱེད་པ་ལས་བོད་ལ་དེ་ཙམ་ཕན་ཐོགས་དཀའ་བས་ཡིན། རང་ཡིག་གཙོ་བཟུང་གིས་གཞན་ཡིག་ཡག་པོ་ཤེས་རྒྱུ་ནི་ད་ལྟ་ང་ཚོའི་མི་རབས་གསར་པ་རྣམས་ཀྱི་ལས་འགན་དུ་འདོད།
དྲ་གྲོགས་ཁ་ཤས་ཀྱིས་མཆན་བུ་བཀོད་སྟངས་ལ་བལྟས་ན་ལོ་ན་༡༤་ཅན་གྱི་སློབ་མ་ཞིག་ལས་ཀྱང་ཐབས་སྐྱོ་བོ་ཞེ་དྲག་རེད་འདུག
ཐན་བྱ་ཁུག་རྟས་བཙན་བྱོལ་ནས་བསམ་ཚུལ་བསྡུ་ལེན་བྱས་དགོས་རེད། གང་ཡིན་ཞེ་ན་རྒྱ་གུང་ཁྲན་དང་དབུ་མའི་ལམ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གཉིས་ལ་ཕུལ་དགོས་དུས་ད་དུང་ཁོང་ལ་ལས་ཀ་མང་བོ་ཡོད།
ཧ་ཅང་ལེགས་པོ་ཞིག་བྲིས་འདུག་དོན་དང་ཚིག་གཉིས་ཀ་སྙན་པོ་འདུག་སྟོད་བསྔགས་ཀྱི་མེ་ཏོག་འཐོར་བ་དོན་ལ་གནས་འདུག་
སྐབས་དང་པོའི་སློབ་མ་དེ་ཚོས་རྒྱ་ཡིག་གི་སྒྲུང་ཐུང་དེ་ཚོ་ཡང་སྒྲ་དག་གསལ་གསུམ་ཐོག་ཀློག་གི་འདུག ད་དུང་དབྱིན་ཡིག
ང་དེ་དུས་ཧང་སངས་ནས་དཔེ་སྟོན་ཐོག་མར་བཙུགས་ཚར་ཙམ་གྱི་དུས་ཚོད་དེ་ཚོའི་ནང་གི་སྲང་ལམ་གྱི་བར་གྱི་སྐད་ཆ་དེ་ཚོ་དྲན་བྱུང་།
ད་ལྟ་ཁོང་ཚོའི་མ་འོངས་པའི་འཛིན་རིམ་བཅུ་པ་དང་། བཅུ་གཉིས། དེ་ནས་མཐོ་སློབ་སོགས་སུ་ཇི་ལྟར་བགྲོད་མིན་དེའི་ཐོག་སྔར་ལས་སེམས་འཚབ་ཆེ་བ་ཡོང་གི་ཡོད་པ་ནི།
ང་དང་ང་འདྲ་བའི་སྐྱེས་བོད་མི་ཇི་སྙེད་ཅིག་ཡོད།
འོན་ཀྱང་། རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་དེ་ཡང་མང་དྲགས་ན། རང་ཉིད་ངལ་བའི་རྒྱུ་རང་མ་རེད་དམ།
དཔེ་བསྟོན་སློབ་གྲྭའི་སློབ་མ་ཚོ་ནི་སྐད་ཆ་བཤད་སྟངས་ཀྱང་སློབ་ཕྲུག་གཞན་དང་མ་འདྲ་བ་ཞིག་འདུག དེ་མིན་བཙན་བྱོལ་བའི་སློབ་མ་ཚོས་སྐད་ཆ་ཡང་འགོ་འཇུག་ཡོད་པ་ཞིག་བཤད་ཤེས་མཁན་དཀོན་པོ་ཆགས་འདུག
རང་ལོ་བཅུ་བཞི་ཅན་གྱི་བོུ་བསྟན་འཛིན་ཆོས་སྐྱིད་ཀྱིས་བྲིས་པ་དངོས་ཡིན་ན་དངོས་ནས་དགའ་བསུ་ཞུ་འོས་པ་མ་ཟད་དགའ་སྤྲོ་ཀྱང་སྐྱེ་ངེས་པ་ཞིག་རེད།
ཚང་མས་ཤེས་དགོས་པ་ཞིག་ལ་བྱེད་ཀྱི་འདས་ཚིག་ལ་བྱས་བྲི་དགོས། ཀློག་སྟངས་ཀྱི་དབང་གིས་དབུས་གཙང་ཕྱོགས་ཀྱི་མི་རྣམས་ཀྱིས་བྱེད་དང་བྱས་གཉིས་ལ་ཁྱད་པར་གསལ་བོ་མིན་ནའང་། བརྡ་སྤྲོད་ལྟར་ན་ཁྱད་པར་ལོས་ཡོད
རང་ལོ་༡༤ ལས་མ་སོན་པའི་སློབ་ཕྲུག་བསྟན་འཛིན་ཆོས་སྐྱིད་ཀྱིས་འདི་ལྟ་བུའི་སྙན་རྩོམ་བྲིས་པ་ནི་མངོན་པར་བསྟོད་འོས་པ་ཞིག་རེད། ད་དུང་འདི་ལྟ་བུའི་རངམི་རིགས་ཀྱི་རིགས་མྱུག་མང་ཙམ་ཐོན་ན་ཅི་མ་རུང་
བསམས་ནས་སྒུག་ཡོད།
རྩོམ་ཡིག་འདི་དངོས་ནས་མོ་རང་གི་སྐད་ཡིག་གི་བྱང་ཚད་ཀྱིས་བྲིས་ན་དཔེ་མེད་ཅིག་འདུག ཅི་བཤད་ཀྱང་རང་གི་ཚོར་བ་དངོས་དེ་ཇི་བཞིན་བརྗོད་ཐུབ་པས་ཡག་པོ་རེད། བཤད་སྟངས་འགྲིག་ན་ཡིག་ནོར་ག་ལེར་བཅོས་ན་ཆོག
དཔེ་སྟོན་སློབ་གྲྭའི་བོད་ཡིག་ཤེས་ཚད་དངོས་འབྲེལ་ཡག་པོ་འདུག་ལ་བོད་ཕྲུག་རྣལ་མ་ཡིན་པའི་ཚོར་བ་ཞིག་སྤྲད་ཐུབ་ཀྱི་འདུག
དཔེ་སྟོན་སློབ་གྲྭའི་སྟོན་གནང་བའི་ན་ཆུང་ཚགས་དཔར་བཀླགས་པ་ཡིན་པས། ཡག་པོ་འདུག་བྲིས་གནང་འདུག ད་དུང་ཡར་རྒྱས་ལ་མཐའ་མེད་དུས་མུ་མཐུད་དེ་དགེ་རྒན་རྣམ་པས་ཤེས་ཡོན་ཐོག་ཏུ་ནུས་ཤུགས་སྟོན་ནས་སློབ་ཁྲིད་གནང་རོགས་ཞེས་རེ་སྐུལ་ཞུ།
ང་ཚོའི་བོད་པ་ཚོ་ལོ་སྐུང་བྱེད་པའི་གཏེ་བོ་སྟེ་ཡིན་པ་རེད། དེ་ན་བུ་མོ་འདི་རྒན་ལོ་གྲོད་བསོགས་དེ་འདྲ་མིན་པ་སུས་ཤེས། ཡིན་ན་ཡང་ལོ་ཆུང་དེ་འདྲ་ཞིག་ཡིན་པས་དཔང་དུ་བཏང་ནས་བྲིས་པ་ཤིན་དུ་ནས་ལེགས་ཞུ་བ་དང་བཀྲ་ཤིས་བདེ་ལེགས་ཡོད།
དགོད་སྤྱད་ཤིག་ལ། བོད་མི་མང་པོ་ཕྱི་གླིང་ཁག་ལ་གནས་སྤོར་བྱེད་དུས། ལོ་ཆུང་ཆུང་བྱས་ནས་འགྲོ་འི་ཡོད་པ་རེད་ཟེར། མཐའ་མར་ཕྱི་གླིང་བའི་རྒན་ཡོལ་སྐྱོབ་གསོ་ལོ་དྲུག་ཅུ་རེ་ལྔ་ནས་རེག་གི་ཡོད་ན་ཡང་བོད་པ་བགྲེས་པོ་དེ་ཚོ་ལ་ལོ་དགུ་བཅུ་མ་ལོན་པར་མ་རེག་པའི་རང་སྡུག་རང་ལ་སྤྲད་པའི་ལོ་རྒྱུས་མང་པོ་གོ་མྱོང་། ད་ཕུགས་རྒྱང་མེད་ན་ག་འདྲ་འདུག སྤྱང་དྲགས་ན་ག་འདྲ་འདུག དྲ་མཆན་པ་ཚོ།
གོང་གི་རྩོམ་ཡིག་འདྲ་བའི་རྩོམ་ཡིག་ཡག་པོ་མང་པོ་འདུག རྗེས་སུ་རིམ་པས་དྲ་རྒྱའི་སྟེང་འགོད་རྩིས་ཡོད། དེ་དོན་གཟིགས་རྒྱུ་མ་མཉེས་པ་གནང་རོགས། །
དེ་དོགས་པ་ཡོད་། སུས་བྲིས་ཡིན་ནམ། འབྲི་མཁན་དེ་མི་རྒན་ཞིག་ཡིན་པ་ཐག་ཆོད་རེད།
གལ་སྲིད་བོུ་དེས་བྲིས་ཡོད་ན་ཤིན་ཏུ་བཟང།
དཔེ་སྟོན་སློབ་གྲྭ་དང་ཝརྣ་མཐོ་སློབ་གཉིས་ནི་ཟམ་གདོང་བླ་མའི་བྱས་རྗེས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བཞིན་ཡོད། བོད་མི་རིགས་ལ་བཀའ་དྲིན་ཆེན་པོ་རེད།