དུས་རྒྱུན་ང་ཚོས་དཔོན་པོ་དང་འགོ་ཁྲིད་ཟེར་བའི་ཐ་སྙད་གཉིས་པོ་འདིར་ བསམ་གཞིགས་དང་དོགས་འདྲི་གང་ཡང་མི་བྱེད་པར་ཁྱབ་མཉམ་དུ་བཀོལ་སྤྱོད་བྱེད་ཀྱིན་ཡོད། འཛམ་གླིང་སྤྱིའི་སྤྱི་ཚོགས་འཕེལ་འགྱུར་གྱི་ལོ་རྒྱུས་ཀྱི་ངོས་ཐད་ནས་བཤད་ན། ཐ་སྙད་འདི་གཉིས་པོར་ཁྱད་པར་ཆེན་པོ་ཡོད་པ་རེད།
དཔོན་པོ་ཟེར་བ་ནི་སྤྱི་ཚོགས་རྙིང་པའི་ཞིང་བདག་དང་སྐུ་དྲགས་མི་དྲགས་ཀྱི་རིགས་སུ་གཏོགས་པ་སྟེ། མདོར་ན། རིགས་དང་དབང་ཐང་ཅི་རིགས་ཀྱི་སྒོ་ནས་གོ་ས་ཐོབ་ཅིང་། མི་མང་གི་གུས་བརྩི་དང་། ཆེ་མཐོང་། ཁྲལ་འུ་ལག་སོགས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་སམ་གོ་ས་དེ་ཉིད་རྒྱུ་མཚན་དུ་བྱས་ ནས་ལེན་མཁན་རིགས་ལ་གོ་ཞིང་། དེང་གི་སྤྱི་ཚོགས་གནས་བབ་ཐོག་ནས་བཤད་ན། སྲིད་དབང་ གཅིག་སྡུད་ལམ་ལུགས་ཀྱི་རྒྱ་ནག་དམར་ཕྱོགས་སྲིད་གཞུང་གི་དཔོན་རིགས་ཚོ་ལྟ་བུར་གོ་བ་རེད།
དཔོན་པོ་ཚོར་ཐུན་མོང་ཡོད་པའི་གཤིས་ལུགས་གཅིག་ནི། ༡ རང་ཉིད་མི་མང་གི་འགོར་བསྡད་ནས་ སྐད་ཆ་ཆེན་པོ་བཤད་པ་ལས་མི་མང་གི་ནང་དུ་ཞུགས་ནས་མི་མང་གི་བསམ་ཚུལ་ལ་མི་ཉན་པ་དང་། དགག་རྒྱག་ལ་མི་སྤྲོ་བ་མ་ཟད་རང་གི་འདོད་མོས་དང་མི་མཐུན་པའི་ལྟ་ཚུལ་འདོན་མཁན་བྱུང་རིགས་ལ་སྲོག་གི་ཆད་པ་ཚུན་ཆད་གཅོད་པ་རེད། ༢ ལས་དོན་ཅི་ཞིག་ཡིན་རུང་རང་ཉིད་ཀྱི་ལྟོ་གོས་གཏམ་ གསུམ་གཙིགས་སུ་འཛིན་པ་ལས་མི་མང་གི་མངོན་འདོད་དང་བསམ་ཚུལ་ལ་རྟུག་དྲིར་སྣོམ་པ་ལྟ་བུའི་ སུན་སྣང་སྐྱེས་པ་ལྟ་བུ་རེད།
དེ་ལས་ལྡོག་ན་དེ་ནི་འགོ་ཁྲིད་དེ། དེང་གི་མང་གཙོའི་ལམ་སྲོལ་ཚད་ལྡན་ཡོད་པའི་རྒྱལ་ཁབ་དང་སྤྱི་ ཚོགས་ཁག་གི་སྣེ་ཁྲིད་མཁན་དག་རེད། ཁོང་ཚོས་རང་གི་ཤེས་འཇོན་གཉིས་ཀ་རྩལ་དུ་བཏོན་ནས་རྒྱལ་ ཁབ་དང་སྤྱི་མང་གི་མངོན་འདོད་བསྒྲུབ་ལུགས་ལ་བསམ་གཞིགས་བྱེད་པ་དང་། ནམ་ཡང་གཞན་གྱི་ བསམ་ཚུལ་དང་བདེ་སྡུག་གཙིགས་སུ་འཛིན་པ་རེད། མང་གཙོའི་སྤྱི་ཚོགས་ཤིག་དང་རྒྱལ་ཁབ་ཅིག་ལ་ མཚོན་ན་གོ་ས་ཐོབ་དང་མི་ཐོབ་ནི་རིགས་རུས་དང་རྒྱུ་དཔུང་གི་ཁྱད་པར་ལ་རག་མི་ལས་པར། གཞན་གྱི་བསམ་ཚུལ་ལ་ཉན་ཤེས་དང་བསྟུན་ཤེས། གཞན་གྱི་མངོན་འདོད་དང་བདེ་སྡུག་ལ་བསམ་ ཤེས་དང་ཆེ་མཐོང་སྤྲོད་ཤེས་མིན་ལ་རག་ལས་ཡོད་པ་རེད།
དེ་ལྟའི་འགོ་ཁྲིད་ཅིག་ལ་མཚོན་ན། དཔོན་པོའི་གཤིས་ཀ་སྟེ། མི་མང་དང་རྒྱང་ཐག་རིང་སར་བསྡད་ ནས་སྐད་ཆ་ཆེན་པོ་མི་བཤད་པ་དང་། རིགས་རུས་ཆོ་འབྲིང་དང་ང་ཡག་ང་བཙུན་གྱི་སྐད་ཆ་མི་བཤད་ པར། མི་མང་གི་དཀྱིལ་དང་མཇུག་ལ་བསྡད་ནས་མི་མང་ཡར་སྐུལ་དང་གོམ་སྟབས་མཉམ་སྤོ་བྱེད་པ་ རེད། དེ་བས། ང་ཚོས་དཔོན་པོ་དང་དཔོན་རིགས་ཞེས་པའི་ཐ་སྙད་བཀོལ་དུས་བསྟན་དོན་གྱི་གང་ ཟག་དེ་ལ་དཔོན་གཤིས་ཡོད་དགོས་ལ། འགོ་ཁྲིད་དང་སྣེ་ཁྲིད་པའི་ཐ་སྙད་སྦྱོར་དུས་དེ་འབྲེལ་གྱི་གང་ཟག་ལ་འགོ་ཁྲིད་ཀྱི་ཡོན་ཏན་དེ་དག་འཛོམས་མིན་ལ་བལྟ་དགོས། དེས་ན། རྒྱ་དམར་གྱི་དཔོན་རིགས་ལ་ དཔོན་རིགས་དང་། བཙན་བྱོལ་བོད་གཞུང་གི་འགོ་གཙོ་དག་ལ་འགོ་ཁྲིད་དམ་སྣེ་ཁྲིད་པར་འབོད་པའི་ བརྡ་ཆད་འདི་གཉིས་ཀའི་ངོ་བོ་དང་ཁྱད་པར་འབྱེད་དགོས།
འགོ་ཁྲིད་མ་རེད། མགོ་ཁྲིད་ཟེར་བྲིས་རོགས།
རིག་ལྡན་ཟེར་བ་མ་གཞི་ཁྱོད་སུ་ཡིན།
རིག་ལྡན་ཁྱེད་ཀྱིས་འབྲི་ཐུབ་ན། རྒྱ་ནག་མཐོ་རིམ་དཔོན་ནང་ཁུལ་གྱི་རུལ་སུང་དེ་ཚོ་བསྔོག་འདོན་བྱས་ཏེ་བོད་ཕྱི་ནང་གི་བོད་མི་ཚོར་ཤེས་འཇུག་ཐུབ་ན་བཟང་། ཡང་ནའང་རང་གི་དངོས་མིང་དང་ཐོབ་ཐང་གསང་བ་བྱེད་དགོས།
རིག་ལྡན་ཟེར་བ་དངོས་མིང་ཡིན། ངས་རང་གི་བསམ་ཚུལ་ལམ་ལྟ་ཚུལ་དྲང་བོར་བཤད་ཀྱིན་ཡོད་པས། གསང་དགོས་དོན་ཨེ་ཡོད་བསམ་གི་ཡོད། ཁྱེད་ནས་དགོངས་ཚུལ་གསུངས་གནང་བར་ཐུགས་རྗེ་ཆེ་ཞུ།
ཁ་བརྡ་རྩོམ་སྒྲིག་པ་ལགས་ངས༼མེ་སྒྱོགས་དང་འུར་ཆ༽ཞེས་པའི་རྩོམ་ཞིག་བསྐུར་ཡོད་འབྱོར་ཡོད་དམ།
དཔོན་པོ་དབུ་ལ་སྡད་ནས་དམངས་ལ་སྡང་།
འགོ་ཁྲིད་འགོ་ནས་ལྐོག ་བཟའ་རུས་བཟུང་བྱེད།
བར་མ་དོ་རུ་འབངས་རྣམས་སྤྲང་ལ་གྱར།
དེ་ནི་དཔོན་དང་འགོ་ཁྲིད་ཁྱད་པར་ཡིན།
༼རྒྱ་ཕྱོགས་ནས་བོད་ལྗོངས་དབུས་གཙང་གང་སར་མདོ་སྨད་ཇི་བཞིན་དབང་བྱུས་རྩ་ཕྲོགས་ཀྱིས་མངའ་འབངས་ལ་ཁྲལ་གནག་བབས་ལྕི་འགེལ་བ་དང༌། ལམ་མདོ་ཁག་ལས་ས་སྲུང་དཔོན་དམག་གོ་ཧྲགས་གཏན་བཙུགས་ཀྱིས་ཐུག་མཁོ་ཡིག་འགྲུལ་བཀའ་འགེགས་སོགས་དབང་ཤེད་ཚོད་མེད་བྱེད་སྐབས་དབྱིན་གཞུང་ནས་རྒྱ་ནག་ཏུ་དེ་རིགས་ལུགས་འགལ་མི་ཆོག་པའི་འཕྲོས་ཁྱབ་བགྱིས་པས་བཀག་མེད་ཤར་གཏོང་བྱེད་དགོས་བྱུང༌། མི་རིང་བར་གཙང་ལྗོངས་ཁུལ་གྱི་རྒྱ་དམག་རྣམས་མཐར་སྐྲོད་བྱེད་པར་སྐུ་བཅར་ལས་ཚན་པ་ཟླ་བཟང་དགྲ་འདུལ་དང༌། ཨ་ཕྲུག་དགའ་ཞིག་བཅས་རྫོང་བདའ་གནང༌། བོད་ཁོངས་རྫོང་གཞིས་སོ་སོར་ཡང་ལས་ལུགས་གང་ཅི་རྒྱ་ངན་གྱི་རྗེས་སུ་མ་འབྲང་བར་དགེ་བཅུའི་ཁྲིམས་སྲོལ་དྲང་པོར་སྐྱོང་བ་དང༌། རང་རང་གི་ཡུལ་སྲུང་ཐབས་ལ་འབད་བརྩོན་དགོས་པའི་བཀའ་ཐམ་བཙན་པོས་དྲིལ་བསྒྲགས། ༽ མདོ་སྨད་སྔ་ས་ནས་རྒྱ་ནག་གིས་བཟུང་འདུག་པ་གོང་གསལ་ལོ་རྒྱུས་ཚིག་དུམ་འདིས་བསྟན་འདུག
།བློ་རིག་རྟྩལ་དང་ལྡན་པའི་གྲོགས་པོ་དེས།
།བློ་དང་མཐུན་པའི་གཏམ་འདིས་བདག་ཡིད་སྤྲོ།
།བློ་ངན་གྱ་གྱུར་དགའ་བ་དག་གི་ཚིག
།བློ་ལ་གང་ཤར་སྒྲོགས་པའི་རྣ་བ་འཚེར།
འགོ་ཁྲིད་དང་། མགོ་ཁྲིད་གཉིས་ལས་བོད་ཁུལ་ནས་འགོ་ཁྲིད་ཞེས་པའི་ཚིག་འདི་སྤྱོད་པ་དང་རྡ་རམ་ས་ནས་བར་སྐབས་ཞིག་ནས་འགོ་བཙུགས་ཏེ་མགོ་ཁྲིད་ཞེས་མིང་འདི་བེད་སྤྱོད་བཏང་ཡོད་པས་གཉིས་ཀ་འགྲིག་པ་རེད།
འགོ་ནི་ཐོག་མ་དང་། གྲལ་འགོ་སོགས་ལ་འཇུག མགོའང་ལྟོས་འཇོག་དབང་གིས་ཐོག་མར་བཞག
ལྟེ་གནས་དང་། བསྟི་གནས། ཇུས་དང་། བྱུས། ཡོད་དགུ་དང་། ཡོད་རྒུ་བཅས་དོན་གཅིག་ཏུ་འཇུག་པ་མང་བས་སྦུ་སུག་དོག་པོ་མ་བྱེད་བལྟ་ཀློག་མང་ཙམ་གྱིས་ཐུབ་པ་ལགས།