ཡོང་ཁུངས། བོད་ཀྱི་བང་ཆེན།
ལས་དོན་གཞན་བྱེད་མ་ཐུབ་ཀྱང་དཔྱ་ཁྲལ་དེ་ཕུལ་བ་ཡིན་ན་ཡང་འགྲིག་ཡོད་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༨ ཉིན་གྲོས་ཚོགས་ནང་སྤྱི་འཐུས་ཚོས་གཞུང་འབྲེལ་གྱི་གྲོས་འཆར་དང་། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་རིམ་ཁག་ཅིག་གཏན་འབེབས་དང་འབྲེལ། ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྐབས་༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོགས་དུས་༩ པ་གྲོལ་བའི་གསལ་བསྒྲགས་གནང་སོང་།
གྲོས་ཚོགས་འདི་སྔོན་རྩིས་ཀྱི་གྲོས་ཚོགས་ཆགས་ཡོད་པར་བརྟེན། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༥་་་༢༠༡༦ ལོའི་སྔོན་རྩིས་དེ་སྡེ་ཚན་ཁག་གསུམ་དུ་བགོས་ཏེ་བཀའ་ཁྲོལ་གནང་འདུག་པ་ལས། རྒྱུན་གྲོན་ཆེད། ༥༨༡,༥༠༠,༤༣༤ དང་། དམིགས་བསལ་ལས་དོན་ཆེད། ༩༠,༣༩༧,༣༤༤། དམིགས་བཀར་ལས་འཆར་ཆེད་། ༡,༣༤༦,༡༤༡,༣༣༢ བཅས་གོང་གསལ་ཁག་བསྡོམས་པའི་ཁྱོན་ཧིན་སྒོར། ༡,༠༡༨,༠༣༩,༡༡༠ ཆགས་ཡོད་འདུག་པ་དང་། དེ་བཞིན་གྲོས་ཚོགས་འདིར་རྒྱ་བལ་འབྲུག་གསུམ་ཕུད་པའི་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁུལ་དུ་སྤྱི་འཐུས་ཤིག་གི་ཞབས་སྟེགས་སྤྲད་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།
སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེས་ཐེངས་འདིའི་གྲོས་ཚོགས་དང་འབྲེལ་བའི་གསལ་བཤད་ཁག་ཅིག་གནང་སྐབས། “ཉེ་ཆར་གྲོས་ཚོགས་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་འབྲེལ་བའི་བགྲོ་གླེང་སྐབས། རྒྱ་པཎ་ཆེན་ཟེར་བ་དང་། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེ་ཟེར་བ་དེ་འདྲ་བྱུང་པ་རེད། དེར་བརྟེན་བཀའ་ཤག་གིས་ལམ་སྟོན་གནང་བ་དེའི་ནང་། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཞེས་འཁོད་འདུག གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པ་རེད་ཅེས་ལབ་ན། རྒྱ་ནག་གཞུང་ལ་ངོས་འཛིན་བྱ་རྒྱུའི་ཐོབ་ཐང་ཡོད་པའི་བཟོ་འདྲ་བོ་ཆགས་ཀྱི་འདུག དེར་བརྟེན་རྒྱ་ནག་གཞུང་གིས་བསྐོས་པའི་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུ་ཞེས་འབོད་དགོས་པ་དེ་གལ་ཆེན་པོ་འདུག་ཞུ་རྒྱུ་ཡིན།
དེ་མིན་ད་ལོའི་སྔོན་རྩིས་ཀྱི་བསྡོམས་ནང་གསལ་པོ་ཞེ་དྲག་ཡོད་རེད། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་ཡག་ཐག་ཆོད་ཡོད། ལོ་རེ་བཞིན་དུ་འགྲོ་སོང་མང་དུ་འགྲོ་ཡི་ཡོད་པ་དེའི་ཐབས་ཤེས་གནང་ཐུབ་པ་ཡོང་གི་ཡོད། ད་ལྟའི་ཆར་ཨ་རི་དང་། ཁེ་ན་ཌ་གཙོས་པས་དངུལ་ཡོང་རྒྱུ་དེ་འདྲ་ཡོད། དཔལ་འབྱོར་གྱི་གནས་སྟངས་དེ་ཡག་ཏུ་འགྲོ་ཡི་ཡོད་”ཅེས་དང་།
ཁོང་གིས་མུ་མཐུད་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་ཚོའི་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་ཆག་ཡང་གནང་ཕྱོགས་ཐད་འགྲེལ་བརྗོད་གནང་སྐབས། ལོ་རེར་ཨ་སྒོར་༨༠༠ ཕུལ་ཐུབ་ཀྱི་ཡོད་ན་ཕུལ་ས་ཡོད་རེད། ཕུལ་ཐུབ་ཀྱི་མེད་ན་ས་གནས་ཀྱི་སྤྱི་མཐུན་ཚོགས་པར་ཞུས་ཏེ། ཨ་སྒོར་༨༠༠ གནང་ཐུབ་ཀྱི་མི་འདུག་ཅེས་མིང་ཐོ་ཞིག་ཕུལ་དགོས་ཀྱི་ཡོད་རེད། ཨ་སྒོར་༨༠༠ ཆ་ཚང་གནང་མ་ཐུབ་ཀྱང་། དེ་མན་ཆད་ག་ཚོད་གནང་ཐུབ་ན་འགྲིག་གི་རེད། སྤྱི་འཐུན་ཚོགས་པས་མིང་ཐོ་དེ་དག་ཕྱོགས་བསྒྲིགས་བྱས་ཏེ་བཀའ་ཤག་ལ་འབྱོེར་བ་ཡིན་ན། བཀའ་ཤག་གིས་རྒྱུན་ལས་ལ་ཆག་ཡང་གནང་རོགས་ཞེས་ཞུ་རྒྱུ་རེད། ཆག་ཡང་ཞུ་རྒྱུ་དང་ཆག་ཡང་གནང་རྒྱུའི་ལམ་ཡོད་རེད་ཟེར་བ་དེ་དེ་རེད་”ཅེས་དང་། དེ་བཞིན་ཁོང་གིས་བོད་སློབ་འཛིན་སྐྱོང་ཚོགས་པ་རྩིས་ལེན་དང་ལེན་བཞིན་པ་ཡིན་སྐོར་དང་། བོད་མིའི་སྒྲིག་འཛུགས་གལ་ཆེན་པོ་ཡིན་པར་བརྟེན། གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས་བྱེད་ཀྱི་ཡོད་སྐོར། དེ་བཞིན་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་དང་དོ་སྣང་ཡོད་ན་ཡང་། བོད་མིའི་སྒྲིག་འཛུགས་ལ་དེ་ཙམ་གྱིས་དོ་སྣང་དང་་ངོས་འཛིན་མེད་པར་བརྟེན། མ་འོངས་པར་རྒྱལ་སྤྱིའི་ཐོག་བོད་མིའི་སྒྲིག་འཛུགས་ལ་དོ་སྣང་དང་ངོས་འཛིན་ཡོང་ཐབས་བྱེད་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།
དེ་ནས་ཚོགས་གཙོས་མཇུག་བསྡོམས་གསུང་བཤད་གནང་སྐབས། “ད་རེས་གྲོས་ཚོགས་འདིའི་ནང་བར་ཆད་ཕྲན་བུ་བྱུང་བ་མ་གཏོགས། སྤྱི་ཡོངས་ཀྱི་ལས་དོན་ཁག་ང་རང་ཚོར་འགན་ཡོད་པ་ནང་བཞིན་ཆ་ཚང་བ་ཞིག་འགྲུབ་ཐུབ་པ་དེ་ཡག་པོ་བྱུང་སོང་། དེ་ཚོགས་གཙོ་གཅིག་པུ་མ་རེད། འཛིན་སྐྱོང་བཀའ་ཤག་དང་། སྤྱི་འཐུས་རྣམ་པ་ཚང་མའི་ངོས་ནས་ཡོང་གི་ཡོད་པར་བརྟེན། རྣམ་པ་ཚོ་ཚང་མར་ཚོགས་གཙོ་གཉིས་ལ་མཐུན་འགྱུར་གནང་བ་དེར་ཐུགས་རྗེ་ཆེ་ཞུ་ཡིན། ད་རེས་གྲོས་ཚོགས་འདི་འགོ་འཛུགས་སྐབས་ནས་བློ་མི་བདེ་བ་ཏོག་ཙམ་བྱུང་སོང་། ལས་དོན་ག་འདྲ་ཞིག་ཡིན་ན་ཡང་བར་ཆད་དང་། གདུང་ལེན་བྱ་དགོས་པ་མང་པོ་ཞིག་ཡོང་གི་རེད། ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས། རྒྱུ་དང་རྐྱེན་མང་པོ་འཛོམས་ཏེ་ཡོང་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། གྲོས་ཚོགས་འདིའི་ནང་དེ་འདྲ་བྱས་ནས་ཡོང་ཡོད་རེད། ཚོགས་གཙོ་སྒེར་ལ་མཚོན་ན་ཡང་། གྲོས་ཚོགས་སྟངས་འཛིན་བྱེད་སྐབས་རེ་སྐབས་རེ་སྤྱི་འཐུས་རེ་ཟུང་གིས་ཐད་ཀར་ལན་རྒྱག་པ་དེ་འདྲའི་ཏོག་ཙམ་བློ་མི་བདེ་བ་ཞིག་བྱུང་། དེ་ཚོགས་གཙོ་སྤེན་པ་ཚེ་རིང་གི་གནས་ཚུལ་ཞིག་རེད། ཡིན་ན་ཡང་ཚོགས་གཙོ་གཙོ་སྐྱོང་བྱེད་མཁན་དེ་དེ་སྔ་ཡང་ཡོང་ཡོད་རེད་ལ། མ་འོངས་པར་ཡང་ཡོང་གི་རེད། དེར་བརྟེན་གྲོས་ཚོགས་ཀྱི་འགྲོ་ལུགས་དང་དེ་ཚོའི་ཐོག་གཟབ་གནང་དགོས་རེད། སོ་སོ་སྒེར་གྱི་དོན་དག་སྒྲུབ་པའི་སྐད་ཆ་མ་རེད། ང་ཚོ་ཚང་མས་བོད་མི་ས་ཡ་༦ གི་ལས་ཀ་བྱེད་ཀྱི་ཡོད་རེད། བོད་སྤྱི་པའི་དོན་དག་ལ་ལས་ཀ་བྱེད་ཀྱི་ཡོད་རེད། དེ་སེམས་ལ་བཞག་ནས་གྲོས་ཚོགས་ཀྱི་འགྲོ་སྟངས་ཡིན་ན་ཡང་ཚད་དང་ལྡན་པ་ཞིག་འགྲོ་ཐུབ་རྒྱུར་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད།
དེ་བཞིན་ང་སྒེར་དང་འབྲེལ་བའི་ཐོག་ནས་གྲོས་ཚོགས་འདིའི་ནང་གནས་ཚུལ་སླེབས་ཡོད་རེད། དེའི་སྐབས་སུ་ཡང་གསལ་བཤད་ཞུ་རྒྱུ་བྱུང་། ང་རང་སྒེར་གྱི་ངོས་ནས་གཙང་མ་གཙང་རྐྱང་ཡིན། ལྷག་བསམ་རྣམ་དག་ཡིན། དེ་ལ་ངོ་གནོངས་དགོས་པ་དང་ཞུམ་དགོས་པ་དེ་འདྲ་རྩ་བ་ནས་མེད། ཡིན་ན་ཡང་ང་སྒེར་དང་འབྲེལ་བའི་གནད་དོན་དེ་འདྲ་གྲོས་ཚོགས་ནང་སླེབས་པ་རེད། དེ་བཞིན་གནད་དོན་གཞན་པ་དེ་འདྲ་ཡང་གྲོས་ཚོགས་འདིའི་ནང་ཡང་ཡང་སླེབས་ཀྱི་ཡོད་པར་བརྟེན། ཚོགས་གཙོའི་རེ་བར་དེ་གཙང་མ་ཞིག་བཟོ་ཐུབ་ན་བསམ་གྱི་ཡོད། དེ་ཡང་འཛིན་སྐྱོང་བཀའ་ཤག་གིས་ཐུགས་འགན་བཞེས་ནས་གནང་ཐུབ་ན་མ་འོངས་པར་གྲོས་ཚོགས་འདིའི་ནང་གླེང་མི་དགོས་པ་ཡོང་གི་རེད། གནད་དོན་གཞན་པ་གྲོས་ཚོགས་འདིའི་ཡང་ཡང་ཡོང་གི་ཡོད་པ་དེ་ཚོ་ན་ཡང་། འཛིན་སྐྱོང་བཀའ་ཤག་གིས་བརྒྱུད་རིམ་ཆ་ཚང་ཞིག་མཁྱེན་གྱི་ཡོད་པར་བརྟེན། ངོས་འཛིན་ག་འདྲ་གནང་གི་ཡོད་མེད་དེ་ཚོ་གསལ་པོ་ཞིག་གསུངས་བཞག་པ་ཡིན་ན། མ་འོངས་པར་དེ་ཚོའི་རིགས་གྲོས་ཚོགས་ནང་གླེང་མི་དགོིས་པའི་རེ་བ་ཞུ་ཡི་ཡོད་”ཅེས་གསུངས་སོང་།
ཡང་ཁོང་གིས་དཔྱ་དངུལ་འབུལ་ཕྱོགས་དང་འབྲེལ་ནས་གསུངས་དོན། “ན་ནིང་དང་ད་ལོ་བསྡུར་ན་ད་ལོར་དཔྱ་ཁྲལ་གྱི་དངུལ་འབུམ་༡༠༠ ལྷག་ཅིག་འཕར་ཡོད། དེ་མི་མང་པོ་ཞིག་མཉམ་ཞུགས་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་ཡོང་གི་ཡོད་རེད། རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་མང་ཆེ་བས་ཕུལ་ཡོད་རེད། ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་མི་ཚང་མས་དཔྱ་ཁྲལ་ཕུལ་རོགས་བྱས་པ་ཡིན་ན། ཧིན་སྒོར་འབུམ་༢༠༠༠ ཡས་མས་སླེབས་ཐུབ་པའི་གནས་སྟངས་ཡོད་རེད། ཡིན་ན་ཡང་མ་ཕུལ་མཁན་ཚོར་རྒྱུ་མཚན་མང་པོ་གསུང་རྒྱུ་ཡོད་པ་དེ་གསལ་པོ་རེད། འཛིན་སྐྱོང་གིས་དགོངས་པ་བཞེས་ཏེ་ཆག་ཡང་གནང་ཡོད་རེད། མ་འོངས་པར་ཡང་ཆག་ཡང་གནང་གི་རེད་བསམ་ཏེ་བསྒུག་བསྡད་པ་ཡིན་ན། བོད་མི་ཡིན་པའི་ལས་འགུལ་དེ་སྒྲུབ་ཐུབ་ཀྱི་ཡོད་མ་རེད། དེ་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། བོད་སྤྱི་པའི་ལས་དོན་གཞན་བྱེད་མ་ཐུབ་ཀྱང་། ཉུང་མཐར་དཔྱ་ཁྲལ་དེ་ཏག་ཏག་ཅིག་ཕུལ་བ་ཡིན་ན་ཡང་འགྲིག་བསྡད་ཡོད་རེད། ཆེད་གཉེར་བོད་མའི་སྤྱི་ཚོགས་ནང་ལས་ཀ་བྱེད་མཁན་དེ་ཚོའི་གསོལ་ཕོགས་ལ་ཕན་ཐོགས་ན་ཡང་འགྲིག་གི་ཡོད་རེད། ང་ལུང་པ་ཁ་ཤས་འགྲོ་སྐབས་ཁ་ཤས་ཀྱིས་ང་ཚོའི་དཔྱ་ཁྲལ་གྱི་དངུལ་དེ་ག་བ་འགྲོ་ཡི་ཡོད་རེད་ཟེར་མཁན་འདུག དངུལ་དེ་ཚོ་བོད་གཞུང་གི་རྒྱུན་གྲོན་དང་། དམིགས་བསལ་གྱི་འགྲོ་དེ་ཚོ་ཆེད་དུ་འགྲོ་ཡི་ཡོད་རེད་མ་གཏོགས། བོར་འགྲོ་བ་དང་བརླགས་འགྲོ་བའི་གནས་སྟངས་ཡོད་མ་རེད། མ་འོངས་པར་བོད་པ་རང་གི་རྐང་པའི་ཐོག་ལངས་དགོས་ཀྱི་ཡོད་ན། བོད་པ་རང་གིས་དུངལ་སྤྲད་པ་དེ་མང་དུ་འགྲོ་དགོས་རེད་”ཅེས་གསུངས་སོང་།
དེ་བཞིན་ཁོང་གིས་ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ལོ་རེའི་སྔོན་རྩིས་མང་དུ་འགྲོ་ཡི་ཡོད་པར་བརྟེན། ཚང་མས་འགན་ཁུར་ཏེ་རྩ་དོན་རྩོད་ཕྱོགས་ལ་ཤུགས་རྒྱག་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ཤེས་པའི་ཐོག་ནས་མ་འོངས་པར་ལས་འགུལ་སྤེལ་སྐབས་རྙོག་གླེང་འདྲ་མིན་མེད་པ་བཟོ་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར། དེ་བཞིན་ད་ལྟའི་ཆར་རྒྱལ་སྤྱིའི་སྟེང་བོད་དོན་དྲིལ་བསྒྲགས་དང་བོད་དོན་རྒྱབ་སྐྱོར་བ་ཤུགས་ཆེ་རུ་འགྲོ་ཡི་ཡོད་སྐོར་སོགས་གསུངས་སོང་།
གསར་འགོད་པ་བློ་བཟང་མཁྱེན་བརྩེ།