ཨེ་མ་ཧོ།
ན་མོ་གུ་རུ་དྷརྨ་དྷརྟུ་པྲ་ཛྙྰ་བཛྲ་ཡེ།།
ཆོས་དབྱིངས་དགོངས་པའི་དེ་ཉིད་གཟིགས་པའི་ཁྱབ་བརྡལ་རིག་པའི་དཔའ་བོ་ཉིད།།
དྲན་ཀློང་གཉུག་མའི་བདེ་ཆེན་ཞིང་ན་ཉིན་མཚན་ཀུན་ཏུ་འབྲལ་མེད་གནས།།
ཤར་ནུབ་རྒྱ་མཚོས་རྒྱང་རིང་བསྐལ་ཀྱང་བརྩེ་དུང་དམ་ཚིག་བདེན་པའི་རྒྱ།།
ནམ་ཡང་མ་རལ་སྙིང་དཀྱིལ་འཁོར་ལོར་བགྲེས་རྒུད་བྲལ་བའི་སེམས་དཔའ་ལགས།།
ཚངས་དང་ཚངས་ཆེན་དཔེ་ཟླ་དབེན་ཞིང་གསང་ཆེན་སྔགས་ཀྱི་མཆེད་ལྕམ་དག།
དག་རྫོགས་སྨིན་པའི་རྣམ་དག་ང་རྒྱལ་བརྟུལ་ཞུགས་གྲུབ་པའི་རིག་འཛིན་ཚོགས།།
ཁྱབ་བདག་བླ་མའི་བཀའ་བཞིན་སྒྲུབ་པའི་དམ་ཚིག་གཅིག་པའི་ལྷ་གྲལ་ཞིག།
བརྡ་འཕྲིན་གསར་བའི་དུས་རབས་བཟང་པོར་གསང་གསུམ་མཇལ་བར་ཨ་ཧོ་རྨད།།
བདེན་ཚིག་གྲུབ་པའི་ཀུན་མཁྱེན་བླ་མའི་དགོངས་པ་ཡང་དག་ལུང་རིགས་རྣམས།།
བསྐལ་བའི་བར་དུ་བརྗོད་མཐའ་བྲལ་ཕྱིར་སྤྲུལ་རྫུན་རྟོག་བཏགས་ཚར་གཅོད་འཚལ།།
བཀའ་གཏེར་ཆོས་ཀྱི་སྙིང་པོ་འཛིན་ན་བུ་ཚའི་ཕྱོགས་ཞེན་མཚམས་བཞགས་ནས།།
རྫོགས་པ་ཆེན་པོའི་གདན་ས་ཞིག་ནས་ལོ་རྒྱུས་ནག་བསུབས་མ་གཏོང་འཚལ།།
སྔ་འགྱུར་བསྟན་པ་སྙིང་ནས་གཅེས་ན་བཀའ་དཔལ་ཞེ་རྫོགས་ནང་མཐུན་དགོས།།
རྡོ་སྨིན་བསམ་ཡས་བཤད་སྒྲུབ་དར་ན་མཚོ་འཁྲུངས་རྒྱལ་བའི་དགོངས་པ་རྫོགས།།
ཞེས་ལྔ་རིག་ནང་བསྟན་སློབ་གླིང་གི་གཟའ་ཉི་མའི་ནང་གཏམ་དུ་རྒྱལ་ཁམས་པ་ཨེ་མ་ཧོས་གང་དྲན་དུ་ཉལ་ཁར་ལག་འཕྲིན་ནང་དུ་མྱུར་བྲིས་བགྱིས་ནས་ཕུལ་བར་དགེའོོ།།
དགུན་དུས་རྙིང་ཆོས་དད་སོན་བཏབ། །
དཔྱིད་དུས་བཀའ་བརྒྱུད་མེ་དྲོད་འབར། །
དབྱར་དུས་ས་སྐྱའི་ལམ་འབྲས་རྒྱས། །
སྟོན་དུས་དགེ་ལྡན་སྟོན་ཐོག་བཏུས། །
རིས་མེད་ཚད་ལྡན་བྱེད་འདོད་ན། །
་
དང་པོར་རྙིང་ཆོས་ཐེག་དགུ་ཞུས། །
གཉིས་པར་བཀའ་བརྒྱུད་ཆོས་དྲུག་སྒོམས། །
གསུམ་པར་ལམ་འབྲས་སྙིང་བཅུད་ཞུས།
བཞི་པར་དགེ་ལྡན་བདེ་སྟོང་སྒོམས། །
་
ཀརྡོ་ང་ཡི་སྙིང་གཏམ་ལགས། །