འཆི་མེད (རེབ་གོང)
སེམས་ངལ་དང་བསམ་གཞིག་གིས་བསྙལ་བའི་དགུན་ལྗོངས་ཧྲིལ་བོ་ཞིག
འདི་ལྟར་ནན་གྱིས་བསྐྱལ
ད་ནི་སུན་སྣང་དང་སྐྱོ་གདུང་རུམ་པའི
ད་ནི་དྲན་གདུང་དང་རེ་ལྟོས་སྦྲུམ་པའི དཔྱིད་ཟླ་ཐར་མར
ཡང་སྙིང སུ་ཞིག་ཇི་ལྟར་དྲན་འོས
འཆར་ཡན་གྱིས་བཏེགས་ཤིང་ཕངས་སེམས་ལ་ཐིམ་པའི་སེམས་འགྱུ་རེ་རེ
རྨི་ལམ་གྱིས་སྒོམ་ཞིང་དངོས་ཡོད་ཀྱིས་གཙེས་པའི་འདས་དོན་རེ་རེ
དེ་ལྟར ཉི་ནུབ་ཀྱི་གོ་རིམ་བཞིན གཙང་ཆབ་ཀྱི་བཞུར་རྒྱུན་ལྟར
རྒྱང་ནས་རྒྱང་དུ་བཞུད སུ་ལའང་དབང་ཆོག་པའི་དགུན་ལྗོངས་དེའི
གཏན་རྒྱུད་ནང་བཞིན
རྨི་ལམ་ལྟ་བུའི མེ་ཏོག་ལྟ་བུའི རྩེད་ར་ཆུང་ཆུང་གི་མཛེས་སྡུག
ལོ་ཟླས་རྒྱང་དུ་བྱེར
བྱ་ཁུ་ལོར་སྨྲེང་བ་བསླངས་ཚུལ་དང
ནགས་ལྗང་ལོར་དྲན་ཤིང་བཞག་ཚུལ་གྱི་ཨ་གསར་ཀྱང
འཇའ་ཚོན་གྱི་མཛེས་སྡུག་དང་ཇི་འདྲའི་མཚུངས་ཨང་
དཔྱིད་ཟླ་ཐ་མར ཁྱོད་ཀྱི་ལོ་ཏོག་གི་བསུང་ཞིམ་གྱིས
ཤ་དང་རུས་པའི་གསེབ་ནས་ཡང་ཡང་ཞུན་བརྡར་བྱས་ཤིང
ཐོལ་གྱིས་བསླངས་པའི་ཚ་ལྷོག་ལྷོག་གི་མཆི་མ་ཁོ་ནས
ད་གཟོད སེམས་པ་འདི་ཡོངས་སུ་བཀྲུས ཕྱི་ནང་གསང་གསུམ་མེད་པར
འཇིག་རྟེན་འདིར བདེ་བ་རང་མཚན་པ་ཞིག་མེད་དུ་ཆུགས་ཀྱང་
དགུན་ལྗོངས་དེའི་སྐྱོ་ངལ་དང ད་དུང ལོ་ཏོག་གི་བསུང་ཞིམ
སྡུག་བསྔལ་རང་མཚན་པའང་མིན་པར་སུ་ཡིས་བསྙོན་ནུས
ནམ་ཟླ་དཔྱིད་ཀ་སླེབས་ཀྱང སེམས་ཀྱི་ཡུལ་ལྗོངས་སྔར་བཞིན་སྐྱ་ཐང་ཐིང་
ཕྱོགས་དང་ཕྱོགས་ནས་མཆེད་ཅིང་འོངས་པའི་འཛེར་སྐད་ཀྱིས
ཡོད་ཚད་ཟོས་ཚར་ལ་ཉེ་བས
སེམས་ཚེགས་རྐྱང་རྐྱང་གིས་བསུ་དགོས་པའི་སང་ལོ་ཡ
སེམས་ཚེགས་དེའི་ཕར་ངོགས་ན དོན་དམ་ནག་ཉེས་གང་ཞིག་བསྐུངས་ཡོད་དམ
རྐང་པ་སྤོ་ས་དང་སེམས་རྗེས་ཕབ་སའི་གནས་མལ་ཞིག ཇི་ལྟར་སུ་ལ་བཅོལ་ལམ
བསམ་ཞིང་བསམ་ན འཇིགས་ཤིང་ཡེར་བར་གནས་ལུགས་ཤིག་ཅི་ལ་མེད
ན་ཟིག་གིས་བདར་བའི་བདེན་པ་གང རེས་སྣང་རེས་ཡིབ་ཁྲོད་ན་འདར་ཞིང
ཟང་ཟིང་དང་འདུར་རྒྱུགས་ཀྱིས ལུས་སེམས་དུབ་པར་བྱེད
ཉམ་ཆུང་བའི་རྣམ་ཤེས་ཕྲ་མོ གཡོ་རྫོབ་ཀྱི་མུན་དོང་ན་དབུགས་ཀྱི་རྒྱུ་བ་ལྷེམ་ལྷེམ
ཕྱི་བཅུམ་ནང་བཅུམ་གྱི་ཁོར་ཡུག་དོག་པོ་འདི་ནས
སེམས་འདི་ཕ་མཐའ་ཡས་པར ཡང་བསྐྱར་གོ་བ་གཞན་ཞིག་ལེན་ནམ
མཆི་མ་ཁོག་ཏུ་མིད་ཀྱིན་མགོ་བོ་དགྱེ་དགྱེ་བྱེད་པའི་སྒམ་ཉམས་དེ
མཐའ་དང་ཟད་དུ་མེད་པའི་སྡུག་བསྔལ་ཅི་ཙམ་ཡིན
མིང་ཟུང་དམ་དུ་བཙུམས་ཀྱང མཆི་མའི་དོག་པ་འགྲིལ་བའི་ཚོར་བ་དེ
རྒས་ཀྱིན་པའི་ལོ་ཟླས་བགྲེལ་ལམ
ཀྱེ རྒྱང་རིང་གི་རེ་སྒུག་ག་ཙམ་ལགས
སྡུག་བསྔལ་བླ་མའི་ཐུགས་རྗེ་ཡིན་པ་བདེན་ན
ང་ཡི་ལུས་ངག་ཡིད་གསུམ་གང་རུང་ན
ཁྱེད་ཀྱི་ཐུགས་རྗེས་མ་ཁྱབ་ས་མེད
ང་ཡི་བླ་མ་ལགས ཐུགས་རྗེ་ཆེ་་་་་་་་་་་་་
བོད་འབྱོར་རྩོམ་ཡིག་བོད་ཀྱི་རྒྱན་ཆ་ཡིན།
བར་ཆད་རིང་ནས་ཞི་བའི་སྨོན་འདུན་ཡོད།