རྡོ་རྗེ་རྒྱལ་མཚན།
ཐོག་མར་གླེང་གཞི་དང་འབྲེལ་བའི་གཏམ།
དེ་ཡང་འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །བསྟན་པ་འདི་ལ་ཕན་སེམས་པ། །དགེ་སློང་ཀླུ་ཞེས་བྱ་བ་འབྱུང་། །རྨ་བྱ་ཞེས་བྱའི་རིགས་པ་སྒྲུབ། །ཁམས་དོན་བསྟན་བཅོས་དུ་མ་དང་། །དངོས་མེད་དོན་གྱི་དེ་ཉིད་རིག། །ལོ་ནི་དྲུག་བརྒྱ་འཚོ་བར་འགྱུར། །ལུས་འདི་བོར་བར་འགྱུར་ནས་ནི། །བདེ་བ་ཅན་དུ་འགྲོ་བར་འགྱུར། །དེ་ཡི་རྗེས་ཐོག་ཉིད་དུ་ནི། །སངས་རྒྱས་ཉིད་དུ་ངེས་པར་གྲོལ། །ཞེས་དང་། འཕགས་པ་སྤྲིན་ཆེན་པོའི་མདོ་དང་རྔ་བོ་ཆེའི་མདོ་ལ་སོགས་པ་རྣམས་ནས་ཀྱང་ལུང་གིས་ཟིན་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི། བོད་བརྒྱུད་ནང་བསྟན་པ་ཀུན་གྱིས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ནང་གསེས་དབུ་མའི་རྒྱན་དུ་གྱུར་པའི་སློབ་དཔོན་སངས་རྒྱས་གཉིས་པ་ཞེས་མཆོག་ཏུ་བཀུར་ཞིང་བསྔགས་པ་དེ་ཉིད་ཡིན། སློབ་དཔོན་དེ་ཉིད་ཀྱིས་རིག་པའི་གནས་ལྔ་དང་འབྲེལ་བའི་བསྟན་བཅོས་བགྲང་བ་ལས་འདས་པ་ཞིག་བརྩམས་པར་གྲགས་པ་བཞིན་ནང་དོན་རིག་པ་དང་འབྲེལ་བའི་བསྟན་བཅོས་ཁོ་ན་ལ་ཡང་དུ་མ་ཞིག་བརྩམས་ཡོད་པར་མངོན།
འོན་ཀྱང་ནང་དོན་རིག་པའི་བསྟན་དོན་ལྟ་བའི་ཆ་དང་སྤྱོད་པའི་ཆ་གཉིས་ཡིན་གཤིས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ནང་དོན་རིག་པའི་དོན་བཀྲལ་བའི་བསྟན་བཅོས་ལ་ཡང་ལྟ་བའི་ཆ་གཙོ་བོར་བསྟན་པ་དང་སྤྱོད་པའི་ཆ་གཙོ་བོར་བསྟན་པ་གཉིས་ཡོད་ངེས་ཏེ། བཤེས་པའི་སྤྲིངས་ཡིག་ལྟ་བུ་སྤྱོད་པའི་ཆ་གཙོ་བོར་བསྟན་པ་དང་། དབུ་མ་རྩ་ཤེས་ལྟ་བུ་ལྟ་བའི་ཆ་གཙོ་བོར་བསྟན་པ་ཡོད་པས་སོ།། ཡང་ལུང་གི་སྒོ་ནས་བསྟན་པ་དང་རིག་པའི་སྒོ་ནས་བསྟན་པ་གཉིས་སུ་དབྱེ་ཡང་ཆོག་པར་སེམས་ཏེ། མདོ་སྡེ་ཀུན་ལས་བཏུས་པ་ལྟ་བུ་ལུང་གི་སྒོ་ནས་བསྟན་པ་དང། རིག་ཚོགས་ལྟ་བུ་རིག་པའི་སྒོ་ནས་བསྟན་པའི་བསྟན་བཅོས་ཡིན་པའི་ཕྱིར་རོ། །ཡང་བཀའ་ཐོག་མཐའ་བར་གསུམ་གྱི་དགོངས་འགྲེལ་དུ་དབྱེ་ཡང་རུང་སྟེ། གཏམ་ཚོགས་དང་བསྟོད་ཚོགས་དང་རིག་ཚོགས་གསུམ་པོ་རིམ་པ་བཞིན་བཀའ་ཐོག་མཐའ་བར་གསུམ་གྱི་དགོངས་འགྲེལ་དུ་མཁས་པ་རྣམས་ཀྱིས་བཞེད་པའི་ཕྱིར་རོ།།
རིག་ཚོགས་དང་འབྲེལ་བའི་གཏམ།
གང་ལྟར་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ནང་དོན་རིག་པ་དང་འབྲེལ་བའི་བསྟན་བཅོས་ལ་བསྟོད་ཚོགས་དང་གཏམ་ཚོགས་རིག་ཚོགས་གསུམ་དུ་མཆིས་པའི་ནང་གི་རིག་ཚོགས་ལ་མཁས་པ་ཁ་ཅིག་གིས་རིག་པའི་ཚོགས་དང་རིག་པའི་ཁྱུ་ཞེས་པ་དོན་གཅིག་ཡིན་པས་དེ་ལ་གྲངས་ངེས་ཀྱི་ཁ་མཚོན་ཆོད་མི་རུང་ཞེས་གྲངས་ངེས་པར་མི་འདོད་པའི་ལུགས་གཅིག་དང། ཁ་ཅིག་གིས་ནི་རིག་ཚོགས་དྲུག་དུ་འདོད་པ་དང་རིག་ཚོགས་ལྔ་རུ་འདོད་པ་སོགས་ཀྱི་སྒོ་ནས་གྲངས་ངེས་པ་ཅན་དུ་མཛད་མཁན་གྱི་ལུགས་གཅིག་ཅེས་ལུགས་གཉིས་སུ་བྱུང་བར་གྲགས། དབུ་མ་རིག་པའི་ཚོགས་ལྔའམ་དྲུག་གང་བཞེད་ཀྱང་། རྩ་བ་ལུས་ལྟ་བུའི་བསྟན་བཅོས་དང་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་གཉིས་སུ་འདུ་བར་བཞེད་པ་ནི་མཁས་པ་ཀུན་དགོངས་པ་མཐུན། དེ་ཡང་རྩ་བ་ཤེས་རབ་དང་། རིག་པ་དྲུག་ཅུ་པ་གཉིས་རྩ་བ་ལུས་ལྟ་བུའི་བསྟན་བཅོས་དང་། དེ་ལས་གཞན་རྩོད་བཟློག སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག་གསུམ་རིག་ཚོགས་ཀྱི་ནང་གསེས་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཡིན་པ་ལ་རྩོད་པ་མ་མཆིས། དགོངས་པ་མི་མཐུན་ས་ནི་རིག་ཚོགས་དྲུག་དང་ལྔར་བཞེད་ཚུལ་གྱི་དབང་གིས་བྱུང་བ་འོག་ནས་འཆད་འགྱུར་ལྟར་དང་། དེ་ལས་གཞན་དུ་གྱུར་པ་རྩ་བ་ལུས་ལྟ་བུའི་བསྟན་བཅོས་རྩ་ཤེས་དང་རིག་དྲུག་ཅུ་གཉིས་ཀྱི་བསྟན་བྱའི་ཁྱད་པར་ལ་ཡང་དགོངས་པ་མི་མཐུན་པ་ཅུང་ཟད་ཡོད་པར་སྣང་།
རིགས་ཚོགས་དྲུག་ཏུ་བཞེད་ཚུལ་གྱི་གཏམ།
དེ་ཡང་རིག་ཚོགས་དྲུག་ཏུ་འདོད་མཁན་ཀུན་གྱི་ཐོག་མ་ནི་རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཡིན། ཁོང་གིས་དབུ་མ་རིག་པའི་ཚོགས་ལ་རྩ་བ་ལུས་ལྟ་བུའི་བསྟན་བཅོས་གཉིས་ཏེ་རྩ་བ་ཤེས་རབ་དང་། རིག་པ་དྲུག་ཅུ་པ་གཉིས་སུ་བཞེད་ཅིང་། དེ་གཉིས་ཀྱི་བསྟན་བྱའི་ཁྱད་པར་ཡང་རྣམ་གཅོད་དགག་པའི་སྒོ་ནས་སྟོང་ཉིད་ཀྱི་དོན་གཏན་ལ་འབེབས་པ་རྩ་ཤེས་དང་། ཡོངས་གཅོད་སྒྲུབ་པའི་སྒོ་ནས་ཐ་སྙད་ཀྱི་ཆོས་རྣམས་རྨི་ལམ་ལྟ་བུ་དང་སྒྱུ་མ་ལྟ་བུར་སྣང་ཙམ་ཉིད་དུ་ཡོད་པར་སྒྲུབ་པ་རིག་པ་དྲུག་ཅུ་པའི་བསྟན་བྱར་བཞེད། དེ་ནས་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ལ་རྩོད་བཟློག སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག ཐ་སྙད་སྒྲུབ་པ་བཅས་བཞིར་བཞེད་ལ། དེ་རྣམས་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཡིན་པར་ཡང་དཔལ་ལྡན་ཟླ་གྲགས་ཀྱིས་བརྩམས་པའི་རིག་པ་དྲུག་ཅུ་པའི་འགྲེལ་པར་དེ་དག་རྩ་ཤེས་ལས་གྱེས་ཚུལ་གསུངས་པ་རྒྱུ་མཚན་དུ་འདྲེན་པར་མཛད། ཀུན་མཁྱེན་ཀློང་ཆེན་དང་མཁན་པོ་གཞན་དགའ་སོགས་རྙིང་མའི་མཁས་པ་རྣམས་ཀྱིས་ཀྱང་རྨ་བྱ་བྱང་བརྩོན་གྱི་རྗེས་སུ་འབྲངས་ཏེ་ཁོང་དང་མཐུན་པར་དབུ་མ་རིག་པའི་ཚོགས་དྲུག་ཏུ་བཞེད། དེ་ནས་རིག་ཚོགས་དྲུག་ཏུ་བཞེད་མཁན་གཉིས་པ་ནི་རི་བོ་དགའ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་པོ་རྗེས་འབྲངས་དང་བཅས་པ་ཡིན། ཁོང་གིས་ཀྱང་རྩ་བ་ལུས་ལྟ་བུའི་བསྟན་བཅོས་གཉིས་གོང་ལྟར་དང་། གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་གསུམ་གོང་བཞིན་ལས་བཞི་པ་ཐ་སྙད་སྒྲུབ་ཀྱི་དོད་དུ་རིན་ཆེན་ཕྲེང་བ་བཞེད། རིག་ཚོགས་དྲུག་ཏུ་བཞེད་མཁན་གསུམ་པ་ནི་ཡིག་ཆ་ཞིག་སྟེ་བོད་ཀྱི་མཁས་པ་མི་བཞིས་མཛད་པར་གྲགས་པའི་གསང་སྔགས་ལུང་གི་བང་མཛོད་དང་ཨོ་རྒྱན་གླིང་པའི་གཏེར་མ་བཀའ་ཐང་སྡེ་ལྔ་ཞེས་ཡོད་པའི་ནང་གི་ལོ་པཎ་བཀའ་ཐང་གཉིས་ཡིན། དེར་དབུ་མ་རིག་ཚོགས་ལྔ་གོང་ལྟར་དང་རིག་ཚོགས་དྲུག་པ་དེ་ལ་ཐ་སྙད་སྒྲུབ་དང་རིན་ཆེན་ཕྲེང་བའི་དོད་དུ་ག་ལ་འཇིགས་མེད་ཅེས་པ་ཞིག་བགྲངས་པར་མཛད། དེ་ལྟར་ན་རིག་ཚོགས་དྲུག་ཏུ་བཞེད་མཁན་ལ་དབྱེ་བ་གསུམ་དུ་བྱུང་།
རིག་ཚོགས་ལྔར་བཞེད་ཚུལ་གྱི་གཏམ།
དབུ་མ་རིག་པའི་ཚོགས་ལྔ་རུ་བཞེད་མཁན་ནི་ཀུན་མཁྱེན་གོ་བོ་རབ་འབྱམས་པ་སྟེ། ཁོང་གིས་ཐ་སྙད་སྒྲུབ་དང་རིན་ཆེན་ཕྲེང་བ་དང་ག་ལ་འཇིགས་མེད་གསུམ་ཀ་རིག་ཚོགས་ཀྱི་གྲངས་སུ་བཞག་པ་ལ་སྐྱོན་བརྗོད་གནང་སྟེ་རང་ལུགས་ལ་དེ་གསུམ་ཕུད་པའི་ལྷག་མ་རྩ་ཤེས། རིག་དྲུག་ཅུ། ཞིབ་མོ་རྣམ་འཐག སྟོང་ཉིད་བདུན་ཅུ། རྩོད་བཟློག་བཅས་ལྔ་ལ་རིག་ཚོགས་ལྔ་ཞེས་བཞེད་པར་མཛད་དོ།།
རིག་ཚོགས་དྲུག་ཏུ་བཞེད་པ་ལ་སུན་འབྱིན་པའི་གཏམ།
ཀུན་མཁྱེན་གོ་བོ་རབ་འབྱམས་པས་ཐོག་མར་རྨ་བྱ་བྱང་བརྩོན་ལ་རྒྱུ་མཚན་རྣམ་པ་གསུམ་གྱི་སྒོ་ནས་དགག་པར་མཛད་དེ། རྒྱུ་མཚན་དང་པ་ནི་རྨ་བྱ་བྱང་བརྩོན་གྱིས་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞིར་བཞེད་པའི་རྒྱབ་ཁུངས་སུ་འདྲེན་པར་མཛད་པའི་ཟླ་གྲགས་ཀྱིས་མཛད་པའི་རིག་པ་དྲུག་ཅུ་པའི་འགྲེལ་པར་ཐ་སྙད་སྒྲུབ་པ་རྩ་ཤེས་ལས་གྱེས་ཚུལ་སྐོར་གསུངས་པ་མི་སྣང་ཞེས་དགག་པར་མཛད། རྒྱུ་མཚན་གཉིས་པ་ནི་ཐ་སྙད་སྒྲུབ་པ་ཞེས་པའི་བསྟན་བཅོས་ཤིག་བོད་དུ་གཏན་ནས་བསྒྱུར་མྱོང་མེད་པས་བོད་དུ་བསྒྱུར་མ་མྱོང་བའི་བསྟན་བཅོས་ཤིག་རིག་ཚོགས་ཀྱི་གྲལ་དུ་བརྩི་མི་འོས་ཞེས་དགག་པར་མཛད། རྒྱུ་མཚན་གསུམ་པ་ནི་དེ་འདྲའི་བསྟན་བཅོས་ཤིག་རྒྱ་གར་དུ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཀྱི་གྲལ་དུ་ཡོད་ཚོད་མི་འདུག་པས་དེའི་ཕྱིར་ཡོད་མེད་མ་ངེས་པའི་བསྟན་བཅོས་ཤིག་རིག་ཚོགས་ཀྱི་གྲལ་དུ་འཇོག་པ་ནི་རིགས་ཤིང་མི་འཐད་པ་ཉིད་དོ་ཞེས་སུན་འབྱིན་མཛད་དོ།།
སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཀྱི་གྲལ་དུ་མེད་པའི་རྒྱུ་མཚན་ནི། དབུ་མ་རྩ་ཤེས་ཀྱི་ཚིག་འགྲེལ་ཚིག་གསལ་གྱི་མཇུག་ཏུ། མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་། །འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ལས་དེར་ཚིག་ལས་བྱེད་དེ་དང་། །རིག་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་ཅེས་སྟོང་ཉིད་བདུན་ཅུ་པ་དེ་དང་། །གང་ཡང་རྩོད་པར་རྣམ་པར་བཟློག་པར་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཅིང་། །འགྲེལ་པ་ལ་སོགས་དེ་དག་དང་ནི་དེ་བཞིན་མདོ་སྡེ་ཟབ་མོ་རྣམ་མང་དང་། །སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་དང་ནི་ལེགས་ལྡན་འབྱེད་ཀྱི་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་དེ་འོང་དང་བདག་གི་རྣམ་རིག་ཤེས་ལས་རྙེད་པ་གང་། །དེ་དག་ཐམས་ཅད་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །ཞེས་ཟླ་བ་གྲགས་པས་སློབ་དཔོན་ཀླུའི་བསྟན་བཅོས་ལ་ཐོས་བསམ་བྱས་ལུགས་བཀོད་པ་དེ་ཡི་ནང་དུ་ཐ་སྙད་སྒྲུབ་ཅེས་པ་ཞིག་མ་བྱུང་བས་རྒྱ་གར་དུ་ཡང་མེད་ངེས་ཟེར་ཞིང་། གལ་ཏེ་རྒྱ་གར་དུ་དེ་འདྲ་ཞིག་ཡོད་ངེས་ན་སློབ་དཔོན་ཟླ་བ་གྲགས་པས་ཐོས་བསམ་མི་བྱས་པ་མི་སྲིད་ཅེས་གསུངས་སོ།།
གཉིས་པ་རྗེ་ཙོང་ཁ་པ་ལ་དགག་ཚུལ་ནི། གོང་དུ་དྲངས་པའི་ཚིག་གསལ་གྱི་ལུང་དུ། གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་ཚོགས་དང་། །ཞེས་བྱུང་བས་རིན་ཆེན་ཕྲེང་བ་གཏམ་ཚོགས་ཡིན་པར་གསལ་གསལ་རིག་རིག་ཡིན་བཞིན་དུ་རིག་ཚོགས་ཀྱི་གྲངས་སུ་བརྩི་བ་ནི་རིགས་ཤིང་མི་འཐད་ཅེས་དགག་པར་མཛད་དོ།།
གསུམ་པ་ག་ལ་འཇིགས་མེད་རིག་ཚོགས་སུ་བརྩི་བ་ལ་དགག་པ་ནི། ག་ལ་འཇིགས་མེད་དེའི་རབ་བྱེད་རྣམས་སུ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ག་ལ་འཇིགས་མེད་ཅེས་བྱ་བ་ཞེས་བྱུང་བས་དེ་ནི་རྩ་ཤེས་ཀྱི་འགྲེལ་པ་ཡིན་པར་གྲུབ་པས་རིག་ཚོགས་ཡིན་པར་མི་འཐད་ཅེས་དགག་པར་མཛད། དེ་ལ་ཡིག་ཆ་དེ་གཙིགས་སུ་འཛིན་པ་ཁ་ཅིག་གིས་ག་ལ་འཇིགས་མེད་རྩ་ཤེས་ཀྱི་འགྲེལ་པ་ཡིན་པར་བདེན་མོད། འོན་ཀྱང་དེ་ནི་སློབ་དཔོན་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་རྩ་ཤེས་ཀྱི་རང་འགྲེལ་ཡིན་པས་རིག་ཚོགས་ཀྱི་གྲངས་སུ་བཞག་འོས་ཞེས་ནན་གྱིས་གྲུབ་པ་ལ། གོ་རམས་པས་ག་ལ་འཇིགས་མེད་དུ་སློབ་དཔོན་ཀླུའི་སློབ་མ་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་ལུང་བགྲངས་འདུག་པས་སློབ་དཔོན་གྱིས་སློབ་མའི་བསྟན་བཅོས་ལས་ལུང་འདྲེན་གནང་མི་སྲིད་པ་དང་། རྩ་ཤེས་ལ་རང་འགྲེལ་ཡོད་ན་ཟླ་གྲགས་ཀྱིས་རྩ་ཤེས་ཀྱི་འགྲེལ་པ་མི་བརྩམས་དགོས་རྒྱུ་ཡིན་རུང་ཁོང་གིས་དེ་ལས་ལྡོག་སྟེ་རྩ་ཤེས་ཀྱི་འགྲེལ་པ་ཚིག་གསལ་བརྩམས་ཡོད་པ་དང་། སློབ་དཔོན་ལེགས་ལྡན་བྱེད་དང་ཟླ་གྲགས་རྣམས་ཀྱིས་མཛད་པའི་གཞུང་གང་དུ་ཡང་ག་ལ་འཇིགས་མེད་ཀྱི་ལུང་བགྲངས་མེད་པའི་རྒྱུ་མཚན་རྣམ་པ་གསུམ་ལ་བརྟེན་ནས་ག་ལ་འཇིགས་མེད་ཀླུ་སྒྲུབ་ཀྱིས་མཛད་པ་མིན་པར་བསྒྲུབས་པར་མཛད་ཅིང་། གལ་ཏེ་ཉིད་རྩ་ཤེས་ཀྱི་རང་འགྲེལ་ཡིན་དུ་ཆུག་ཀྱང་རང་འགྲེལ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་དེ་ཉིད་རིག་ཚོགས་ཀྱི་གྲངས་སུ་བཞག་འོས་ན། རྩོད་པ་བཟློག་པ་སོགས་ལ་ཡང་རང་འགྲེལ་ཡོད་པས་དེ་རྣམས་ཀྱང་རིག་ཚོགས་ཀྱི་གྲལ་དུ་བཞག་དགོས་པར་འགྱུར་ལ། དེ་ལྟར་ན་རིག་ཚོགས་ལ་དྲུག་ཏུ་གྲངས་ངེས་པར་འདོད་པའི་དམ་བཅའ་རང་ཞིག་ཏུ་འགྲོ་ཞེས་དགག་པར་མཛད་དོ།།
སུན་འབྱིན་ལ་དཔྱད་པའི་གཏམ།
དེ་ལྟར་ཀུན་མཁྱེན་གོ་བོ་རབ་འབྱམས་པས་དབུ་མ་རིག་ཚོགས་དྲུག་ཏུ་བཞེད་ཚུལ་ལ་དགག་པ་གནངབ་རྣམས་ཕལ་ཆེ་བ་འཐད་ཕྱོགས་སུ་བཟུང་བར་འོས་ཀྱང་། འགའ་ཞིག་ནི་ད་དུང་དཔྱད་དགོས་པའི་གཞི་རུ་སྣང་སྟེ། ཐོག་མར་རྨ་བྱ་བྱང་བརྩོན་གྱིས་ཐ་སྙད་སྒྲུབ་རིག་ཚོགས་ཀྱི་གྲངས་སུ་བཞེད་པ་ལ། གོ་རམས་པས་རིག་པ་དྲུག་ཅུ་པའི་འགྲེལ་པར་ཐ་སྙད་སྒྲུབ་རྩ་ཤེས་ལས་གྱེས་ཚུལ་གསུངས་མི་འདུག་ཅེས་དགག་པ་མཛད་ཀྱང་། དེར་ཞིབ་མོ་རྣམ་འཐག་གྱེས་ཚུལ་ཡང་གསུངས་པ་མ་མཆིས་པས་ཞིབ་མོ་རྣམ་འཐག་ཀྱང་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་སུ་འདོད་མི་རིགས་པར་འགྱུར་ཡང་དེ་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཡིན་པར་གོ་བོ་རབ་འབྱམས་པ་རང་ཉིད་ཀྱིས་ཀྱང་བཞེད་པའི་ཕྱིར་རོ།།
དེ་བཞི་ཐ་སྙད་སྒྲུབ་བོད་དུ་བསྒྱུར་མ་མྱོང་བའི་བསྟན་བཅོས་ཡིན་པ་མ་ཟད་རྒྱ་གར་དུ་ཡང་བྱུང་མ་མྱོང་ཞེས་དགག་པ་མཛད་པ་ལ་ཡང་དཔྱད་དགོས་པ་འདི་ཡོད་དེ། རྨ་བྱ་བྱང་བརྩོན་ནི་དབུ་མ་འཇུག་པ་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་མཁན་གྱི་ལོ་ཙཱ་བ་པ་ཙབ་ཉི་མ་གྲགས་པའི་སློབ་མ་དབུས་སུ་དགེ་བཤེས་སྤུ་ཏོ་བ་དང་ཞང་ཐང་སོག་པོ་ཡེ་ཤེས་འབྱུང་གནས། གཙང་དུ་གཙང་པ་ཡེ་ཤེས་སེང་གེ་དང་རྨ་བྱ་བྱང་བརྩོན་གཉིས། ཞེས་ཡོངས་སུ་གྲགས་པའི་བུ་ཆེན་བཞིའི་ནང་ཚན་ཡིན་པས། དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་ལོ་ཙཱ་བའི་སློབ་མ་བུ་ཆེན་ཞིག་གིས་ཡོད་མེད་མ་ངེས་པ་ཞིག་རིག་ཚོགས་ཀྱི་གྲངས་སུ་བརྩི་སྟེ་དེའི་བརྗོད་བྱ་དང་བཅས་པ་གསུངས་མི་སྲིད་པ་གང་ཞིག་ལ། དེ་ལྟར་གསུངས་པ་ལ་བརྟགས་ཚེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཐ་སྙད་སྒྲུབ་ཅེས་པ་ཞིག་ནི་ཏན་ཏན་གྱི་ཡོད་ངེས་སྙམ་མོ། །འོན་ཀྱང་ད་དུང་དོགས་པ་ཞིག་འབྱུང་བ་ནི། རྨ་བྱས་ཐ་སྙད་སྒྲུབ་པ་ནི་རྩ་ཤེས་སོགས་རིག་ཚོགས་གཞན་གྱིས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་བསྟན་ཚེ། དངོས་སྨྲ་བ་རྣམས་ཀྱིས་དེ་ལྟར་ན་ཆོས་ཐམས་ཅད་གཞི་མ་གྲུབ་པ་རི་བོང་གི་རྭ་ལྟར་འགྱུར་རོ་ཞེས་རྒོལ་བ་ལ། དོན་དམ་པར་རང་བཞིན་གྱིས་མ་གྲུབ་ཀྱང་ཐ་སྙད་སྣང་ཙམ་གྱི་ངོར་སྒྱུ་མ་ལྟ་བུ་གཟུགས་བརྙན་ལྟ་བུར་ཡོད་དོ་ཞེས་འགྲུབ་པའི་ཆེད་དུ་གསུངས་པ་ཡིན་པར་གསུངས་ཀྱང་། རྩ་བ་ལུས་ལྟ་བུའི་བསྟན་བཅོས་རྩ་ཤེས་དང་རིག་དྲུག་བཅུའི་བསྟན་བྱའི་ཁྱད་པར་བཤད་སྐབས་སུ། རྩ་ཤེས་ནི་རྣམ་དཔྱོད་དགག་པ་དང་རིག་དྲུག་ཅུ་ཡོངས་གཅོད་སྒྲུབ་པ་གཙོ་བོར་བསྟན་པའི་ཁྱད་པར་གསུངས་པ་དང་འགལ་དུ་དོགས་སོ།། ད་དུང་གོ་རམས་པས་ཐ་སྙད་སྒྲུབ་ཅེས་པ་རྒྱ་གར་དུ་མེད་པའི་སྒྲུབ་བྱེད་དུ་ཚིག་གསལ་གྱི་ལུང་ལས་མ་བྱུང་བའི་རྒྱུ་མཚན་བཀོད་པ་ལ། ལུང་དེར་མ་བྱུང་བ་ཙམ་གྱིས་སློབ་དཔོན་ཀླུས་མ་མཛད་པར་སྒྲུབ་ནུས་ན་དེར་བཤེས་པའི་སྤྲིངས་ཡིག་གི་མིང་ཡང་མ་བྱུང་བས་དེ་ཡང་སློབ་དཔོན་ཀླུས་མཛད་པའི་བསྟན་བཅོས་སུ་མི་འཐད་པར་འགྱུར་བའི་ཉེས་པ་འབྱུང་བར་དོགས་སོ།།
མཐའ་དོན་བསྡུ་བའི་གཏམ།
དེས་ན་སྤྱིར་ཚོགས་ཞེས་པ་ཁྱུ་དང་དོན་གཅིག་ཡིན་དུ་ཆུག་ཀྱང་། ཕག་པ་བཅུ་ཙམ་ཁྱུ་བྱས་ནས་འོངས་ཏེ་སོགས་བརྗོད་སྲོལ་ཡོད་པས་ཁྱུ་ཡིན་ན་གྲངས་མེད་ཡིན་དགོས་པའི་ངེས་པ་མེད་པས། རིག་པའི་ཚོགས་ལ་གྲངས་ངེས་མཛད་པ་ལ་མི་འོས་པའི་སྐྱོན་གང་ཡང་མ་མཐོང་ཞིང་། རིག་ཚོགས་ལྔ་དང་དྲུག་ལས་ཀྱང་དྲུག་ཏུ་འདོད་པ་དང་དེ་ཡང་ཐ་སྙད་སྒྲུབ་འདོད་པ་ལ་འཐད་ཕྱོགས་སུ་མཐོང་སྟེ། རྒྱ་གར་གྱི་པཎྜི་ཏ་དང་མཉམ་དུ་བགྲོ་གླེང་གནང་མྱོང་ཞིང་རྒྱ་གཞུང་ལ་ལེགས་པར་ཐོས་བསམ་བྱས་མྱོང་བའི་ལོ་ཙཱ་བའི་སློབ་མ་ཞིག་གི་ཞེ་འདོད་ཡིན་པ་གང་ཞིག་ལ་དེ་ལ་མི་འཐད་པའི་དགག་པ་གནད་དུ་བསྣུན་པ་ཞིག་རྒྱག་མཁན་སུ་ཡང་མ་བྱུང་མི་འདུག་པའི་ཕྱིར་རོ།།
་་་་ རྩ་བ་ལུས་ལྟ་བུའི་བསྟན་བཅོས་རྩ་ཤེས་དང་རིག་དྲུག་བཅུའི་བསྟན་བྱའི་ཁྱད་པར་བཤད་སྐབས་སུ། རྩ་ཤེས་ནི་རྣམ་དཔྱོད་དགག་པ་དང་རིག་དྲུག་ཅུ་ཡོངས་གཅོད་སྒྲུབ་པ་གཙོ་བོར་བསྟན་པའི་ཁྱད་པར་གསུངས་པ་དང་འགལ་དུ་དོགས་སོ།། ་་་་ཟེར།
རྡོ་རྗེ་རྒྱལ་མཚན་ཞེས་བྱ་བས།།
མཁན་ཆེན་རྣམ་གྲོལ་ཚེ་རིང་གིས།།
གསུངས་པའི་སྤྱི་དོན་ཆ་ཤས་ཤིག།
བསྡུས་ཏེ་བསྩལ་བ་བཀའ་དྲིན་དགེ།།
ལོ་ནི་དྲུག་བརྒྱ་འཚོ་བར་གྱུར་ཞེས། མགོན་པོ་ཀླུ་སྒྲུབ་དགུང་ལོ་དྲུག་བརྒྱ་བཞུགས་ཡིན་གྱི་མ་རེད།
སྔོན་ཆད་གོ་རམ་པ་ལ་ཞེ་སྡང་ཡོད། །
ད་ལྟ་གོ་རམས་པ་ལ་ཞེ་དད་ཡོད། །
སྔོན་གྱི་ཚེ་ན་ལུགས་གཅིག་མཆོག་ཏུ་མཐོང་། །
ད་ལྟའི་དུས་སུ་ལུགས་བརྒྱ་གཅིག་ཏུ་མཐོང་། །
མགོན་པོ་ཀླུ་སྒྲུབ་ལོ་དྲུག་བརྒྱར་བཞུགས་ཞེས་པ་དེ་ཡིག་ནོར་ཡིན་ས་རེད། ལོ་དྲུག་ཅུར་འཚོ་ཞེས་པ་ཡིན་པ་འདྲ།་གཅིག་བྱས་ན་མི་ཞིག་གིས་ཆེ་བསྟོད་བྱས་ནས་ལོ་དྲུག་ཅུ་ཞེས་པ་དེ་དྲུག་བརྒྱར་བསྒྱུར་བཞག་པ་མིན་འགྲོ
སྤྱིར་ན་མགོན་པོ་ཀླུ་སྒྲུབ་དགུང་ལོ་བརྒྱ་ལ་ཉེ་སྐབས་ཀླུ་ཡུལ་དུ་ཕེབས་ནས་ཆོས་འཁོར་བསྐོར་ཞིང་སླར་མི་ཡུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་བརྒྱ་པ་དང་གཟུང་མང་པོ་བཅས་སྤྱན་དྲངས་ཏེ་ཆོས་འཁོར་བསྐོར་ཞིང་བཞུགས་པ་ལ། བདུད་སྡིག་ཏོ་ཅན་དཔུང་དང་བཅས་པའི་ཕྲག་དོག་གིས་མ་བཟོད་པར། སྔར་སློབ་དཔོན་སྒྲ་མི་སྙན་དུ་གཤེགས་སྐབས་ལུང་བསྟན་པའི་བྱིས་པ་དེ་རྒྱལ་པོར་གྱུར་པ་རྒྱལ་པོ་བདེ་སྤྱོད་བཟང་པོ་ཞེས་པའི་བཙུན་མོའི་མངལ་དུ་བདུད་ཀྱིས་ཞུགས་ནས་ཕྱིར་བཙས་པས། དེའི་མིང་དུ་རྒྱལ་པོ་གཞོན་ནུ་ནུས་ལྡན་དུ་གྲགས་པ་ལ། རང་གི་མས་གོས་བཟང་པོ་བསྲུབས་མེད་པ་འཇིག་རྟེན་རྙེད་དཀའ་བ་ཞིག་བྱིན་པས། བུ་ན་རེ། འདི་ལྟ་སྦོས་ལ་ང་རྒྱལ་སྲིད་སྐྱོང་བ་ན་གྱོན་ནོ་ཞེས་ཟེར་བ་ལ་མས། ཁྱོད་ཀྱི་ཡབ་སློབ་དཔོན་ཀླུ་སྒྲུབ་དང་ཚེ་མཉམ་པའི་བཅུད་ལེན་གྲུབ་པས་སློབ་དཔོན་མ་གྲོངས་བར་མི་འཆི། ཁྱོད་ཀྱིས་རྒྱལ་སྲིད་སྐྱོང་བ་མི་ཡོང་ཅེས་བརྗོད་པས། བུ་མྱ་ངན་སྐྱེས་ནས་ངུས་པས་ན། མ་ན་རེ། ངུ་མི་དགོས། སློབ་དཔོན་བྱང་ཆུབ་སེམས་པའི་སྤྱོད་པ་རླབས་པོ་ཆེ་ལ་གནས་པས། དབུ་སློང་ན་སྟེར་བར་གྱུར་ཞིང་། དེར་ཡབ་ཀྱང་འགུམས་པས། ཁྱོད་ཀྱིས་རྒྱལ་སྲིད་ཐོབ་པར་འགྱུར་རོ་ཞེས་སྨྲས་པ་ལྟར། དེས་དཔལ་གྱི་རི་ལ་སློབ་དཔོན་གྱི་དྲུང་དུ་དབུ་སློང་པའི་ཕྱིར་དུ་འོང་། སློབ་དཔོན་གྱིས་ཇི་ལྟར་འདོད་པ་བཞིན་ཆོད་ཅིག་ཅེས་བཀའ་བརྩལ་པ་དང་དེས་རལ་གྲི་ཤིན་ཏུ་རྣོ་བས་བཅད་པས་ཆད་པར་མ་འགྱུར། དེ་ཚེ་སློབ་དཔོན་གྱིས་དེ་ལ་སྨྲས་པ། ང་ཉིད་སྔོན་དགེ་འདུན་གྱི་ཞལ་ཏ་བར་གྱུར་པའི་ཚེ་འཇག་མ་ཞིག་བཅད་པའི་ཞོར་ལ་འབུ་གཅིག་གི་སྐེ་བཅད་པའི་ཉེས་པ་ཡོད་པས་རྩ་ཀུ་ཤས་ཆོད་ཅིག་གསུངས་པ་ལྟར་བྱས་པས་ཆོད། དེའི་ཚེ་སྐུ་ཁྲག་འོ་མའི་རང་བཞིན་དུ་བྱུང་ཞིང་དབུ་དེའི་ཞལ་ནས། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་གྱུར། ཅེས་པའི་ཚིག་བྱུང་བར་གྲགས། དེ་ནས་རྒྱལ་པོ་དེས་སླར་དབུ་འབྱར་གྱི་དོགས་ནས་དཔག་ཚད་གཅིག་ཙམ་དུ་དོར་བ། སློབ་དཔོན་བཅུད་ལེན་སྒྲུབ་པས་སྐུ་ལུས་དང་དབུ་རྡོ་རུ་གྱུར་ཅིང་སླར་རིམ་གྱིས་དབུ་དང་སྐུ་གཉིས་ག་མ་ཉམས་པར་ལོ་རེ་བཞིན་ཇེ་ཉེ་ཇེ་ཉེར་སོང་ནས་མཐར་སྐུ་ལུས་ལ་འབྱར་ནས་སློབ་དཔོན་རང་ཉིད་ཞལ་བཞུགས་དུས་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་པར་གྱུར་བར་གསུངས། མཐར་སྐུ་ཚེ་བསྲིངས་ཏེ་དགུང་ལོ་དྲུག་བརྒྱ་བཞུགས་པར་གྲགས། དེས་ན་་ཀླུ་ཡུལ་ལ་མ་ཕེབས་སྔོན་ནས་དགུང་ལོ་བརྒྱ་ཟིན་གྲབས་ཡོད་པར་བཤད་འདུག །
སྤྲུལ་སྐུ་ཀླུ་སྨྱོན་ཡེ་ཤེས་ལ་འདྲི་བ་གཅིག་ཡོད་པ་ནི། སྤུལ་སྐུ་མཆོག་གི་སྔོན་ཆད་གོ་རམས་པ་ལ་ཞེ་སྡང་ཡོད་པ་དང་ད་ལྟ་ཁོང་ལ་དད་པ་ཡོད་པ་འདིའི་རྒྱུ་མཚན་གཅིག་གསུངས་རོགས། ང་ཚོ་བློ་གསར་རྣམས་ལ་ཕན་པ་ཡོང་ངེས། ད་ལྟ་ཁོང་ལ་ཞེ་དད་ཡོད་པ་དེ་ཁོང་གིས་ཙོང་ཁ་པར་སྐྱོན་བརྗོད་བྱས་པ་འདི་འདེ་ལྟར་ཡིན་ན། གསལ་བཤད་ཅིག་གནོངས་རོགས།
དེང་གི་ལོ་རྒྱུས་སྨྲ་བ་ཚོར་ཡོངས་གྲགས་སུ་ཀླུ་སྒྲུབ་༥༥༠ནས་༦༥༠བར་ལོ་བརྒྱར་བཞུགས། ནང་པའི་མཁས་པའི་ཁྲོད་ཀླུ་སྒྲུབ་མཚན་ཅན་འགའ་འཁྲུངས།
ཀླུ་སྒྲུབ་དང་ཟླ་གྲགས་བླ་སློབ་ཡིན་ལུགས་གཞིར་བཞག་གིས་ཀླུ་སྒྲུབ་གྲོངས་དུས་ཟླ་གྲགས་ཀྱིས་སྨྲེ་སྔགས་བཏོན་པའི་ཚིག་བཅད་བཀླགས་ན་མིག་ཆུ་དབང་མེད་དུ་འཆོར་བ་ཞིག་ཀྱང་མཇལ།
བླ་མ་གྲོངས་དུས་སློབ་མས་སྨྲེ་སྔགས་ཚིག་བཅད་དུ་འདོན་པའི་ལུགས་འདི་སྔོན་དུས་རྒྱ་གར་ན་གྲགས་ཆེ། བོད་དུ་ཡང་རེ་ཟུང་ཡོད།
དགེ་ཆོས་ཀྱིས་གོ་བོ་རབ་འབྱམས་པ་འདི་བླ་རྒན་སྣབས་ལུག་ཅིག་ཡིན་ཞེས་བྲིས་པ་ཡང་མཐོང་། ཤེས་རབ་ཆེན་པོ་ཅན་ཁོང་འདྲ་སྐྱེས་མ་མྱོང་བའི་ཚོད་ཙམ་དུ་བསྔགས།
ཐོ་མི་སམ་བྷོ་ཊས་སློབ་དཔོན་་བྲམ་ཟེ་ལི་བྱི་དང་པཎྜི་ཏ་ལྷ་རིག་པའི་སེང་གེ་གཉིས་ལ་འབྲལ་མི་ཕོད་པས་གྱེས་གླུ་དང་། བལ་རྒྱལ་འོད་ཟེར་གོ་ཆ་དང་སྲས་མོ་ལྷ་ལྕམ་ཁྲི་བཙུན་གཉིས་ཀྱིས་ཡང་ཕན་ཚུན་ལ་གྱེས་གདུང་གི་གཞས་རེ་བླངས།
གུང་ཐང་ལར་རྒྱས་སྲས་མུ་ནེ་བཙན་པོས་སློབ་དཔོན་ཆེན་པོ་སྲིན་ཡུལ་དུ་བྱོན་པར་མྱ་ངན་སྨྲེ་ངག་ཚིགས་བཅད་དུ་གྱེར།
རྩོམ་ཡིག་མཛད་པོས། རིགས་ཚོགས་དྲུག་དང་། ཐ་སྙད་སྒྲུབ་པའི་སྐོར་ལ་རིགས་པ་སྟེ གཏན་ཚིགས་འཕེལ་བྱེད་ཡིད་མགུ་བ་ཞིག་བྲིས་ནས། ཁ་བརྡ་རུ་བཀྲམ་པར་བཀའ་དྲིན་ཆེ། ག་ལ་འཇིགས་མེད་ནི། ཀུན་མཁྱེན་གོ་རམས་པའི་སྔོན་དུ། རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པས་བཀག ༼རིགས་ཚོགས་དྲུག་ཏུ་བཞེད་ཚུལ་གྱི་གཏམ།༽ ཞེས་བྲིས་པ་ཡོད་བཞིན་དུ། རིགས་ཚོགས་སོགས་ཀྱི་རིགས་ལ་རིག་བྲིས་ཤོར་བ་ནི། ཡང་འཇུག་མ་འདོན་པའི་སྐྱོན་གྱིས་བོད་སྐད་ཀྱི་མིང་ཚིག་མང་པོ་མ་དག་པར་འབྲི་བ་ནི་དིང་དུས་འབྲི་བ་པོ་ཞིག་ལ་མ་འབྱུང་བ་མེད་པ་ལྟ་བུ་འདི་ལ་བོད་ཡིག་གི་སྐད་སྲུང་དགོས་པ་ཚང་མས་ཐུགས་ཀྱིས་དགོངས་དགོས་པ་ལགས་སོ།།
རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པས་ཀླུ་སྒྲུབ་ཀྱི་གསུང་ཡིན་པ་བཀག ཅེས་ཀློག་པར་མཛོད།
༥༽ སྤོབས་པ་མཐའ་ཡས་ནས།
མགོན་པོ་ཀླུ་སྒྲུབ་ལོ་དྲུག་བརྒྱར་བཞུགས་ཞེས་པ་དེ་ཡིག་ནོར་ཡིན་ས་རེད། ལོ་དྲུག་ཅུར་འཚོ་ཞེས་པ་ཡིན་པ་འདྲ།་གཅིག་བྱས་ན་མི་ཞིག་གིས་ཆེ་བསྟོད་བྱས་ནས་ལོ་དྲུག་ཅུ་ཞེས་པ་དེ་དྲུག་བརྒྱར་བསྒྱུར་བཞག་པ་མིན་འགྲོ
ཞེས་པ་ལ།
༦༽༦༽ སྤྲུལ་སྐུ་དབང་ཆེན་ནས།
་་་་ ཅེས་པའི་ཚིག་བྱུང་བར་གྲགས། དེ་ནས་རྒྱལ་པོ་དེས་སླར་དབུ་འབྱར་གྱི་དོགས་ནས་དཔག་ཚད་གཅིག་ཙམ་དུ་དོར་བ།
སློབ་དཔོན་བཅུད་ལེན་སྒྲུབ་པས་སྐུ་ལུས་དང་དབུ་རྡོ་རུ་གྱུར་ཅིང་སླར་རིམ་གྱིས་དབུ་དང་སྐུ་གཉིས་ག་མ་ཉམས་པར་ལོ་རེ་བཞིན་ཇེ་ཉེ་ཇེ་ཉེར་སོང་ནས་མཐར་སྐུ་ལུས་ལ་འབྱར་ནས་སློབ་དཔོན་རང་ཉིད་ཞལ་བཞུགས་དུས་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་པར་གྱུར་བར་གསུངས།
མཐར་སྐུ་ཚེ་བསྲིངས་ཏེ་དགུང་ལོ་དྲུག་བརྒྱ་བཞུགས་པར་གྲགས། དེས་ན་་ཀླུ་ཡུལ་ལ་མ་ཕེབས་སྔོན་ནས་དགུང་ལོ་བརྒྱ་ཟིན་གྲབས་ཡོད་པར་བཤད་འདུག ། ་་་ཟེར།
ཡང་།
རྒྱ་གར་བས། ནང་པའི་སློབ་དཔོན་ཀླུ་སྒྲུབ་མཚན་ཅན་མང་པོ་ཡོད་པར་ཁ་ཕོ་བཤད་ཀྱང་། ཀླུ་སྒྲུབ་གཉིས་པ་གཅིག་གི་ལྗགས་རྩོམ་དང་ལོ་རྒྱུས་ཟུར་དུ་བྲིས་པ་ནི་གཅིག་ཀྱང་མཐོང་མ་བྱུང་ངོ་། །འདི་ལ་ཀླུ་སྨྱོན་ལགས་དང་རྒན་ལ་དྭགས་པ་ལགས་ཀྱིས་གསལ་པོར་གསུངས་ཐུབ་བམ། ལགས།
རྒྱ་གར་བས་་་་འདི་་་་་རྒྱ་གར་པས་་་་་ལ་བཅོས།
ཧ་ཧ་ཧ་བྱ་བ་ཐམས་ཅད་ལད་མོ་ཡིན། །ལད་མོ་རྣམས་ནས་གང་མཁས་ཡིན། །ཟེར་བ་ལྟར་མཁན་པོ་རྣམ་གྲོལ་གྱི་གསུང་ལ་ཉན་ནས་ཁོང་གིས་གསུངས་པ་རྣམས་རང་གིས་རྩོམ་ཁུལ་གྱིས་འདིར་བཀོད་པ་ཡིན་ཀྱང་སྤྲུལ་སྐུ་ཨོ་རྒྱན་ཉི་མས་ངའི་རྫུན་མཚང་བརྟོལ་ཚར་འདུག།
རྒྱ་གར་ཆོས་འབྱུང་དུ། “སློབ་དཔོན་འདིས་ལོ་དྲུག་བརྒྱ་ལས་བདུན་ཅུ་དོན་གཅིག་མ་ཚང་བར་འདོད་པ་དང་། ཉེར་དགུ་མ་ཚང་བར་འདོད་པའི་ལུགས་གཉིས་སྣང་། དང་པོའི་དབང་དུ་བྱས་ནས་ལོ་ཉིས་བརྒྱ་ཡུལ་དབུས་དང་། ཉིས་བརྒྱ་ལྷོ་ཕྱོགས་དང་། བརྒྱ་དང་ཉི་ཤུ་རྩ་དགུ་དཔལ་གྱི་རི་ལ་བཞུགས་ཞེས་གྲགས་པ་རགས་རྩིས་སུ་སྣང་ཞིང་། གང་ལྟར་ལོ་ཕྱེད་ལོར་བརྩིས་པ་ཡིན་ཞེས་ཁོ་བོའི་བླ་མ་པཎྜི་ཏ་རྣམས་གསུངས། ཕྱི་མ་ལྟར་ནའང་གཞན་འདྲ་བ་ལས་བརྒྱ་དང་བདུན་ཅུ་རྩ་གཅིག་དཔལ་གྱི་རིར་བཞུགས་ཞེས་ཟེར་རོ། །”
དེར་ཡང་རིག་ཚོགས་ལྔར་བཞེད་པར་སྣང་བས་རིག་ཚོགས་དྲུག་དང་རིག་ཚོགས་ལྔ་གང་ཡིན་ཁ་ཚོན་ཆོད་དཀའ་བར་སྣང་།
རྩ་བ་ལུས་ལྟ་བུའི་བསྟན་བཅོས་རྩ་ཤེས་དང་རིག་དྲུག་བཅུའི་བསྟན་བྱའི་ཁྱད་པར་བཤད་སྐབས་སུ། རྩ་ཤེས་ནི་རྣམ་དཔྱོད་དགག་པ་དང་རིག་དྲུག་ཅུ་ཡོངས་གཅོད་སྒྲུབ་པ་གཙོ་བོར་བསྟན་པའི་ཁྱད་པར་གསུངས་པ་དང་འགལ་དུ་དོགས་སོ་ཞེས་བཤད་དགོས་དོན་ནི། རིག་དྲུག་ཅུས་ཡོངས་གཅོད་སྒྲུབ་པའི་སྒོ་ནས་ཐ་སྙད་ཀྱི་ཆོས་རྣམས་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡིན་པར་བསྟན་ན་ཐ་སྙད་སྒྲུབ་པ་ལོགས་སུ་བརྩམ་དགོས་དོན་མེད་པར་འགྱུར་ཏེ། ཐ་སྙད་སྒྲུབ་པའི་བསྟན་དོན་དང་རིག་པ་དྲུག་ཅུ་པའི་བསྟན་དོན་གཉིས་མཚུངས་པའི་ཕྱིར་རམ། ཐ་སྙད་སྒྲུབ་བརྩམས་དགོས་དོན་གསུངས་པའི་སྐབས་རྩ་ཤེས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་མེད་པར་བསྟན་པས་དངོས་སྨྲ་བ་རྣམས་ཀྱིས་དེ་ལྟར་ན་ཆོས་ཐམས་ཅད་གཞི་མེད་དུ་འགྱུར་རོ་ཞེས་རྒོལ་བ་ལ་དེ་ལ་ལན་བཤད་པའི་ཕྱིར་རུ་བརྩམས་པ་ཡིན་ཞེས་བརྗོད་པས། དེའི་ལན་ནི་རིག་དྲུག་ཅུས་སྔར་ནས་བསྟན་ཟིན་འདུག་པས་བསྟན་ཟིན་སླར་ཡང་བསྟན་པ་ལ་དགོས་པ་མེད་པར་འགྱུར་སྙམ་པ་ཡིན། དེས་ན་མཁས་པ་གཞན་རྣམས་ཀྱིས་ནི་རྩ་ཤེས་དང་རིག་དྲུག་བཅུའི་བསྟན་བྱའི་ཁྱད་པར་ལ་གཞན་སྡེ་དགག་པ་རྩ་ཤེས་དང་། རང་སྡེ་དགག་པ་རིག་དྲུག་ཅུ་ཞེས་བཞེད་མཁན་གཅིག་དང་། སྤྲོས་པའི་མཐའ་བརྒྱད་དགག་པ་རྩ་ཤེས་དང་། མཐའ་བཞི་དགག་པ་རིག་དྲུག་ཅུ་ཞེས་འདོད་གསུངས་སོ། །
ཀླུ་སྒྲུབ་དགུང་ལོ་དྲུག་བརྒྱ་བཞུགས་པ་དང་། །
ཞི་འཚོ་བགྲང་བྱ་དགུ་བརྒྱར་བཤད་པ་གཉིས། །
གནས་ལུགས་འགོང་པའི་ཁུངས་མེད་ཉོག་གཏམ་སྟེ། །
བོད་རྒན་མེད་པོ་འཚོལ་བའི་རང་གཤིས་ཙམ། །
རྣམ་པ་ཚོས་དགོངས་ན་དབུ་མ་རྩ་བ་ཀླུ་སྒྲུབ་རྩོམ་མཁན་གྱི་ཀླུ་སྒྲུབ་དེ་དུས་ནམ་ཞིག་ལ་བྱུང་བ་རེད་བསམ་གི་ཡོད།
རྣམ་པ་ཚོས་དགོངས་ན་དབུ་མ་རྩ་བ་རྩོམ་མཁན་གྱི་ཀླུ་སྒྲུབ་དེ་དུས་ནམ་ཞིག་ལ་བྱུང་བ་རེད་བསམ་གི་ཡོད།
སློབ་དཔོན་དགུང་ལོ་༦༠༠་བཞུགས་ཞེས་པ་ཕྱེད་ལོ་བརྩིས་པ་ཡིན་པས། དངོས་ནས་བྱས་ན་དགུང་ལོ་༢༢༤ ཙམ་བཞུགས་པར་འདོད་པ་ནི་བོད་ཀྱི་ཞེ་འདོད་ཙམ་མིན་པར་རྒྱ་གར་གྱི་ལོ་རྒྱུས་ཁུངས་མ་ནས་བྱུང་ཟེར་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་ཆོས་བྱུང་དུ་གསལ།
དེ་ཡིན་ན་བཞི་བརྒྱ་བཞི་བཅུ་ཞེ་བརྒྱད་མ་གཏོགས་རེད་མི་འདུག དྲུག་བརྒྱ་ག་འདྲ་བྱུང་བ་ཡིན་ནམ
གོང་དུ་དཔྱད་རྗོད་པ་ཀླུ་སྨྱོན་ལགས་ཀྱིས། དེང་གི་ལོ་རྒྱུས་སྨྲ་བ་ཚོར་ཡོངས་གྲགས་སུ་ཀླུ་སྒྲུབ་༥༥༠ནས་༦༥༠བར་ལོ་བརྒྱར་བཞུགས། དེ་ཡིན་ན་ཀླུ་སྒྲུབ་འདས་ནས་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་ཅིག་ལས་སོང་མི་འདུག དེ་ལྟར་ན་ཀླུ་སྒྲུབ་དེ་དབུ་བ་རྩ་བ་རྩོམ་མཁན་དེ་མ་ཡིན་པ་འདྲ། ངས་ལོ་རྒྱུས་ཤིག་བཀླགས་པའི་ནང་དུ་ལི་ཡུལ་གྱི་ལོ་ཙཱ་བ་ཀུ་མ་ར་ཤིས་དབུ་བ་རྩ་བ་རྒྱ་ནག་སྐད་དུ་བསྒྱུར་ནས་མི་ལོ་གཅིག་སྟོང་བདུན་བརྒྱ་ཡན་ཞིག་འགོར་བ་རེད་ཅེས་བྲིས་འདུག་སྙམ། ངས་ལོ་རྒྱུས་དེ་ཡང་བསྐྱར་ཨེ་རྙེད་བལྟས་ནས་གསལ་གསལ་ཏག་ཏག་འདིར་བྲིས་ཡོང་ཆོག དེ་ལྟར་བྲིས་ཡོད་ས་དེ་ཕལ་ཆེར་དུང་དཀར་ཚིག་མཛོད་ཡིན་ནམ་ཞིག་ཡིན་སྙམ། མ་གཞི་ཀུ་མ་ར་ཤིས་ལོ་རྒྱུས་མང་ཐག་ཆོད་རེད།
དཔྱད་བརྗོད་ལ་དགའ་བསུ་ཞུ། མགོན་པོ་ཀླུ་ལོ་དྲུག་བརྒྱ་ཡིན་ཡང་ཆོག་ལ་དྲུག་ཅུ་བཞུགས་ཀྱང་ཆོག ཁོང་གིས་ཞལ་གསུང་དག་ང་ཚོའི་སྙིང་གི་དཔྱིད་དུ་འཇོ་བཞིན་པ་འདི་རེད། རིགས་ཚོགས་ཀྱི་དྲང་ངེས་སྐོར་དེ་རྒྱུས་མེད་ཀྱི་སྐད་ཆ་ལྷུག་པོ་ཞིག་བརྗོད་འདུག་པ་ལ་བློ་མིག་ཞིག་སྦྱིན་པ་ལ་མོས། རྗེ་ཡབ་སྲས་ཀྱི་རིགས་ཚོགས་ལྔར་བཞེད་པ་བཤད་པ་ནི་ཞིབ་ནན་མེད་པ་སྟེ། གསེར་ཕྲེང་དུ་ཐ་སྙད་གྲུབ་པའང་རིན་ཆེན་ཕྲེང་བ་དང་ག་ལས་འཇིགས་མེད་བཅས་བསྣན་ནས་དྲུག་ཏུ་འདོད་པ་མི་འཐད་པར་གསུངས་ཀྱང་། རྩ་ཤེའི་རྣམ་བཤད་ཆེན་མོར་དྲུག་ཏུ་གསུངས་པ་དང་། ག་ལས་འཇིགས་མེད་རང་འགྲེལ་དུ་འདོད་པ་ལ་ལེགས་བཤད་སྙིང་པོར་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་བགྲངས་པས་མི་འཐད་ཅེས་སྔར་ནས་བཀག་ཟིན་པ་ལ་ཕྱིས་སུ་ཀུན་མཁྱེན་གོ་ཡིས་བསྐྱར་ལྡབ་མཛད་པ་ཙམ་ཡིན།
ཀླུ་སྒྲུབ་ལོ་ལ་བར་ཆད་མ་འབྱུང་ན་ལོ་དྲུག་བརྒྱ་བཞུགས་རྒྱུ་ཡིན་པ་འདྲ་ཡང་གོང་དུ་སྤྲུལ་དབང་ཆེན་གྱིས་གསུངས་པ་ལྟར་རྒྱལ་པོ་བདེ་སྤྱོད་ཀྱི་བུས་དབུ་སྦྱིན་པ་སློང་བར་བརྟེན་བར་ཆད་བྱུང་ནས་ལོ་དྲུག་བརྒྱ་མ་ཟིན་ཙམ་གྱི་སྔོན་དུ་སྐུ་གཤེགས་དགོས་བྱུང་བ་འདྲ། ལོ་དྲུག་བརྒྱ་ཞེས་པ་ཡང་དེང་སང་ང་ཚོས་ལོ་གཅིག་བརྩིས་པ་ལ་དེ་དུས་རྒྱ་གར་པས་ལོ་གཉིས་བརྩིས་ཟེར། དེ་ཡང་ལོ་གཅིག་ལ་ཉི་མའི་བགྲོད་པ་གཉིས་ཏེ་བྱང་བགྲོད་དང་ལྷོ་བགྲོད་གཉིས་ཡོད་པས་ཡིན་ནམ་ཟེར།
གདོང་དམར་བས་རྗེ་རིན་པོ་ཆེས་རིག་ཚོགས་ལྔ་དང་དྲུག་གང་བཞེད་ལ་རྒྱུས་མངའ་ཡོད་པ་འདྲ། གོང་དུ་གསལ་ཁ་རང་བྱུང་མི་འདུག་པས་ད་དུང་གསལ་ཁ་ཞིག་གཏོང་ན་ག་འདྲ་འདུག།
གདོང་དམར་བས་མཁས་ཉམས་ཀྱིས་ལོ་དྲུག་བརྒྱ་བཞུགས་ཀྱང་ཆོག་ལ་དྲུག་ཅུ་ཡིན་ཀྱང་ཆོག་ཟེར་བ་ནི་དགོད་ཁ་སློང་བ་སྟེ། མི་ཞིག་ལོ་དྲུག་བརྒྱ་དང་དྲུག་ཅུ་གཉིས་ཀ་ཡིན་སྲིད་ཐབས་མེད་པས་ལོ་རྒྱུས་ཁུངས་དག་དགོས།
གདོང་དམར་བས་བྱས་ན་སློབ་དཔོན་ཀླུ་སྒྲུབ་ལོ་ག་ཚོད་བཞུགས་མི་བཞུགས་གལ་ཆེན་མ་རེད། གལ་འགངས་ཆེ་བ་ནི་ཁོང་གིས་གསུངས་པའི་རིག་ཚོགས་དེ་རེད་ཅེས་གསུངས་རྩིས་ཡིན་པ་འདྲ། ལོ་ག་ཚོད་བཞུགས་མི་བཞུགས་མི་ཤེས་ན་ཁོང་ག་དུས་འཁྲུངས་པ་ཡང་མི་ཤེས་ཤིང་། སློབ་དཔོན་ཀླུ་སྒྲུབ་ཅེས་པ་ཞིག་ག་དུས་བྱུང་ངེས་པ་མེད་ན་ཁོང་གིས་བརྩམས་པར་འདོད་པའི་རིག་ཚོགས་ཀྱང་ཁོང་གིས་བརྩམས་མིན་ལ་ངེས་པ་མེད་པར་འགྱུར་བས། ཁོང་གི་གསུང་ཆོས་ལ་གལ་ཆེན་དུ་བརྩི་མཁན་ཞིག་ཡིན་ན་ཁོང་ག་དུས་བྱུང་མིན་དང་ག་ཚོད་བཞུགས་ངེས་པར་ཤེས་དགོས་པ་ཞིག་རེད། ལྷག་དོན་དུ་ཡང་གལ་ཆེན་མིན་ན་སྔོན་མ་ནས་དེའི་སྐོར་སྐད་ཆ་ཟུར་ཙམ་ཡང་མ་གསུངས་པར་བཞག་དགོས་པ་ལ་ལོ་དྲུག་བརྒྱ་བཞུགས་པ་སོགས་མང་དུ་གསུངས་ཟིན་འདུག་པས་ད་ནི་དེ་ལ་བརྟག་དཔྱད་ཅིག་བྱས་ནས་ངེས་པར་དུ་ཡིད་ཆེས་རུང་བའི་ར་སྤྲོད་ཐུབ་པ་ཞིག་བྱ་དགོས། དེ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་བསྟན་བཅོས་ལ་སློབ་སྦྱོང་གནང་མཁན་ཚོའི་ལས་འགན་རེད།
གཡུ་འབྲུག་ལགས། རྗེའི་གསུངས་ལེགས་བཤད་གསེར་ཕྲེང་དང་རྩ་ཤེའི་རྣམ་བཤད་གཉིས་སུ་གསུངས་ཚུལ་མི་འདྲ་བས་དེ་དོན་བརྗོད་པ་ཡིན། མེ་ཏོག་དཀར་པོ་ལགས། མགོན་པོ་ཀླུ་ལོ་ག་ཚོད་བཞུགས་ཡོད་མེད་འུ་ཅག་གཅིག་མཐུན་གྱི་བསྐལ་དོན་དུ་སོང་། གང་ལྟར་ཁོང་གི་ཞལ་གསུང་ལ་ལོངས་སྤྱོད་ཆོག་པ་དེ་ལ་དགའ་བ་བསྒོམས་ན་ལེགས་སྙམས་ནས་དེ་ལྟར་བྲིས་པ་ལས། ངས་ལོ་དྲུག་བརྒྱ་དང་དྲུག་ཅུ་ལ་ཁྱད་པར་མེད་པ་བཤད་པ་མིན་པས་དེ་ལུགས་དགོངས་མངའ་གལ།
དབུ་མ་རིན་ཆེན་འཕྲེང་བར་ལེའུ་ལྔ་རེ་རེ་ལ་ཚིགས་སུ་བཅད་པ་བརྒྱ་རེ་ཡོད་པ་དང་། གཞན་གྱི་ཕྱིས་སུ་བཅུག་པ་ཡིན་ཞེས་པའི་ཚིགས་བཅད་འགའ་ཞིག་ཀྱང་ཡོད། ལེའུ་དང་པོའི་ཚིགས་བཅད་༢༤ཕེད་བར་དུ་མངོན་མཐོ་སྒྲུབ་བྱེད་དང་། དེ་ནས་ལེའུ་གཉིས་པའི་ཚིགས་བཅད་༢༣བར་དུ་ངེས་ལེགས་སྒྲུབ་བྱེད་དང་། དེ་ནས་ལེའུ་བཞི་པས་རྒྱལ་པོའི་ཚུལ་སྟོན་པས་ཕལ་ཆེ་བ་ཐ་སྙད་སྒྲུབ་པ་དང་ཞར་བྱུང་དོན་དམ་ཡང་སྒྲུབ་པ་དང་། ལེའུ་ལྔ་པས་བྱང་སེམས་ཀྱི་སྤྱོད་པ་བསྟན་པས་ཐ་སྙད་སྒྲུབ། དེས་ན། དབུ་མ་རིན་ཆེན་འཕྲེང་བའི་ཐ་སྙད་ཀྱི་བསྟན་དོན་ལ་ཐ་སྙད་གྲུབ་པ་ཞེས་་པ་མ་ཡིན་ནམ། རྒྱ་ནག་སྐད་དུ། ཐ་སྐད་གྲུབ་པ་ཞེས་པའི་གཞུང་ཞིག་ཀླུ་སྒྲུབ་ཀྱི་ཡིན་པ་ཐོས། འཇུ་མི་ཕམ་རིན་པོ་ཆེས་ཀྱང་། དབུ་བ་རྒྱན་གྱི་འགྲེལ་པར་ཐ་སྙད་གྲུབ་པ་ཞེས་པའི་གཞུང་ཞིག་གསུངས་པ་དྲན། ཁྱེད་རྣམས་ལས་འགའ་ཞིག་ལ་ཐུགས་རྒྱུས་ཡོད་ན། ཚིགས་བཅད་འདིའི་ཐད་ན་ཡོད་ཅེ་ན། འཚོལ་བ་ལས་སླའོ།།
ཐ་སྙད་སྒྲུབ་ཅེས་པའི་མིང་ནི་ཀུན་མཁྱེན་ཀློང་ཆེན་གྱི་གྲུབ་མཐའ་མཛོད་དུ་ཡང་བྱུང་། འགའ་ཞིག་གིས་ཐ་སྙད་སྒྲུབ་ཅེས་པ་བསྟན་འགྱུར་གྱི་ཁྲོད་དུ་དབུ་མ་བདེན་གཉིས་ཟེར་བ་ཞིག་ཡོད་པ་དེ་ཡིན་གསུངས་ཚུལ་ཡང་ཐོས། ཕྱི་རྒྱལ་བའི་ཞིག་འཇུག་པ་ཞིག་གིས་རིན་ཆེན་ཕྲེང་བ་ནི་བཤེས་སྤྲིངས་དང་མཚུངས་པར་འཕྲིན་ཡིག་ཅིག་ཡིན་ཞེས་གསུངས་འདུག། འོན་ཀྱང་བཤེས་སྤྲིངས་ནས་ཅུང་ཙམ་རྒྱས་པ་འདྲ་ཞིག་ཡོད་ཅེས་ཟེར། བཤེས་སྤྲིངས་དང་རིན་ཕྲེང་གཉིས་ཀ་ཀླུ་སྒྲུབ་ཀྱིས་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་བསྐུར་བ་ཡིན་ཟེར་ལ། བཤེས་སྤྲིངས་དེ་ཐོག་མར་བསྐུར་བ་ཡིན་ཙང་ཅུང་ཟད་བསྡུས་པ་འདྲ་ཞིག་དང་། དེ་ཡང་མང་ཆེ་བ་སྤྱོད་པ་གཙོ་བོར་བསྟན་ནས་ཡོད་ཟེར། དེའི་རྗེས་སུ་རིན་ཆེན་ཕྲེང་བ་བསྐུར་བ་ཡིན་པས་རིན་ཆེན་ཕྲེང་བར་ལྟ་བའི་སྐོར་ཅུང་ཙམ་རྒྱས་པར་བསྟན་ཡོད་ཟེར། དེས་ན་རིན་ཆེན་ཕྲེང་བ་རིག་ཚོགས་ཡིན་དགོས་ན་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཡིན་དགོས་ལ། དེ་ཡིན་ན་རྩ་ཤེས་དང་རིག་དྲུག་ཅུ་གང་རུང་ལས་གྱེས་པ་ཞིག་ཡིན་དགོས་ཀྱང་དེ་ལྟར་མིན་པར་གོང་གི་ཞིབ་འཇུག་པས་གྲུབ་ཟིན་འདུག་བསྟུན། རིག་ཚོགས་མིན་པར་ངེས་པས། དེར་ཐ་སྙད་ཀྱི་སྐོར་སྒྲུབ་པ་ལ་ཐ་སྙད་སྒྲུབ་ཅེས་པའི་མིང་གདོགས་ཏེ་རིག་ཚོགས་ཀྱི་གྲངས་སུ་བརྩི་བ་ནི་ཆེས་མི་འོས་པ་ཉིད་དོ། །
གདོང་དམར་བ་ལགས་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། རྗེའི་གསུང་ལེགས་བཤད་གསེར་ཕྲེང་དང་དབུ་རྩ་ཤེའི་རྣམ་བཤད་གཉིས་ལ་དགོངས་པ་མི་འདྲ་བར་བྱུང་བ་ལ་ཁྱེད་རྣམ་པས་ཇི་ལྟར་འགྲེལ་བཞིན་ཡོད། ངས་གོ་ཐོས་ལ་ལེགས་བཤད་གསེར་ཕྲེང་ནི་རྗེ་སྐུ་ན་ཆུང་དུས་བརྩམས་པ་ཡིན་སྟབས་ནོར་བ་ཡོད་ཅེས་ཟེར་ནས་དགེ་ལུགས་ཀྱི་གྲྭ་ས་རྣམས་སུ་འཆང་སྤྱོད་ཀྱང་བྱེད་ཆོག་གི་མེད་ཅེས་ཐོས། དེ་བདེན་པ་ཡིན་ནམ།
གཡུ་འབྲུག་ལགས། ངེད་ཅག་གི་རིགས་ཚོགས་དྲུག་ཏུ་འདོད་བཞིན་ཡོད་པ་ནི་བཤད་ཅི་དགོས། འོན་ཀྱང་ལེགས་བཤད་གསེར་ཕྲེང་བལྟ་ཀློག་ཙམ་ཡང་མི་ཆོག་ཚུལ་ཞིག་གོ་ཡོད་ན་ནི་གཏམ་འཆལ་དུ་ངོས་འཛིན་རོགས། གང་ཞེ་ན། གྲྭ་ཚང་སོ་སོའི་ཕར་ཕྱིན་གཞུང་ཚན་དུ་མཇལ་བ་མ་ཟད། དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་སློབ་དཔོན་ལོ་རིམ་གཉིས་ལ་ཆེད་དམིགས་ཕར་ཕྱིན་རྒྱུགས་གཞུང་དུ་གཞག་ཡོད་པས་ཧ་ཅང་ཞིབ་ཕྲའི་གསན་བསམ་བྱེད་བཞིན་འདུག དེས་ན་ད་ནས་བཟུང་སྐད་དེ་རིགས་ལ་གདེང་འཇོག་མ་བྱེད་རོགས།
ཐ་སྙད་སྒྲུབ་ཡིན་གྱི་མ་རེད། ཐ་སྙད་གྲུབ་ཡིན་འགྲོ
གདོངདམར་ལགས། ཐུགས་རྗེ་ཆེ། དེ་རིང་ནས་ངས་ཁྱེད་ཀྱི་གསུང་ལ་འཛིན་མར་གཟུང་གི་ཡིན། མེ་དཀར་ལགས། ཐ་སྙད་སྒྲུབ་ཅེས་པ་མ་དག་ཚུལ་དང་ཐ་སྙད་གྲུབ་ཅེས་པ་དག་ཚུལ་ཤོད་རྒྱུ་ཡོད་དམ། ངའི་བསམ་པ་ལ་ནི་ཐ་སྙད་སྒྲུབ་ཡིན་དགོས་སྙམ་སྟེ། སློབ་དཔོན་ཀླུས་ཐ་སྙད་ཀྱི་ཆོས་རྣམས་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྒྲུབ་པའི་བསྟན་བཅོས་ཡིན་པའི་ཕྱིར། །
འཛིན་མར་་་་་ཚད་མར་་་ལ་བཅོས།
ཡིན་གྱི་རེད་དྲན་པ་ནི་དྲན་པ་རང་རེད། ཚད་མ་མ་རེད། ཐ་སྙད་སྒྲུབ་མིན་ལ་ཐ་སྙད་གྲུབ་ཡིན་སྟངས་ངས་མི་ཤེས་མོད། ཐ་སྙད་གྲུབ་ཅེས་པ་ལས་ཐ་སྙད་སྒྲུབ་ཡིན་ཁྱོད་བཞུགས་པའི་ཕྱོགས་སུ་ཕྱག་གསུམ་འཚལ་ལོ།།
ཐ་སྙད་དུ་ཡོད་ན་ཡོད་པས་མ་ཁྱབ་པ། ཐ་སྙད་དུ་མེད་ན་མེད་པས་ཁྱབ་པར་བཞེད་སོགས་ལ་བརྟག་ན། ཆོས་ཐམས་ཆད་ཐ་སྙད་དུ་གྲུབ་པའམ་་ཆོས་ཐམས་ཅད་ཐ་སྙད་དུ་ཡོད་པ་དང་ཆོས་ཐམས་ཅད་ཐ་སྙད་ཀྱིས་བཞག་པ་ཙམ་ཡིན་པ་དེ་ལུང་རིགས་གཉིས་ཀྱིས་བསྒྲུབས་ཀྱང་། ཆོས་ཐམས་ཅད་ཐ་སྙད་ཡིན་པ་ལུང་རིགས་གཉིས་ཀྱིས་བསྒྲུབས་པ་ག་ལ་ཡིན། ཆོས་ཐམས་ཅད་ཀྱི་ཡིན་པ་ནི་དེའི་གནས་ལུགས་སུ་གྲུབ་པས་དེ་ནི་སྟོང་པ་ཉིད་དུ་ངེས་ཅིང་། དེས་ན་ཆོས་ཐམས་ཅད་ཐ་སྙད་དུ་ལུང་རིགས་གཉིས་ཀྱིས་བསྒྲུབ་དགོས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། ཁ་གཅིག་གིས་འདོད་པ་ལྟར་གྱི་ཆོས་རྣམས་རྨི་ལམ་དང་སྒྱུ་མ་ལྟ་བུར་སྒྲུབ་དང་ཐ་སྙད་དུ་སྒྲུབ་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པར་སེམས་སོ། །
ང་གྲྭ་ས་ན་ཡོད་དུས་གསེར་ཕྲེང་གི་དབུ་ནས་ཤོག་ལྡེབས་དགའ་རབ་ཅིག་བློར་འཛིན་བྱས་ཤིང་དེ་ནི་ལོ་འཁོར་རྒྱུགས་སྤྲོད་ཀྱི་ཆེད་དུ་ཡིན། ཡིན་ཡང་ད་ལྟ་ཤུལ་ཙམ་ལས་མེད་དོ།།བློ་ངོར་ཡོད་པ་ནི་ཤེར་ཕྱིན་གྱི་རྒྱ་འགྲེལ་ཉེར་གཅིག་གི་སྐོར་ཞིག་རེད།
དགེ་ཆོས་ཀྱིས་གཏམ་རྒྱུད་གསེར་ཐང་དུ་སྨན་དཔྱད་ཡན་ལག་བརྒྱད་པ་རྩོམ་པ་པོའི་ཀླུ་སྒྲུབ་དང་རིག་ཚོགས་རྩོམ་པ་པོའི་ཀླུ་སྒྲུབ་གཉིས་མཁས་པ་མི་འདྲ་བ་གཉིས་ཡིན་པར་གསུངས་ཡོད།
དེ་བཞིན་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་རྩོམ་དེབ་ཏུ་འཇར་པན་མཁས་པའི་ཚིག་ལུང་འདྲེན་གྱིས་མཛོད་རྩ་རྩོམ་པ་པོའི་དབྱིག་གཉེན་དང་ཁོང་མ་ཡིན་པའི་རྒྱ་གར་མཁས་པ་དབྱིག་གཉེན་ཞེས་མིང་འདྲ་བའི་དབྱིག་གཉེན་གཉིས་དྲངས་འདུག
དགེ་ཆོས་དང་ཀླུ་སྨྱོན་གཉིས་ཀྱིས།
་་་་སྨན་དཔྱད་ཡན་ལག་བརྒྱད་པ་རྩོམ་པ་པོའི་ཀླུ་སྒྲུབ་དང་རིག་ཚོགས་རྩོམ་པ་པོའི་ཀླུ་སྒྲུབ་གཉིས་མཁས་པ་མི་འདྲ་བ་གཉིས་ཡིན་པར་གསུངས་ཡོད། ་་་་ཟེར་བ་བདེན་ན། གཞུང་དེ་གཉིས་ཀྱི་རྩོམ་གཤིས་སོ་སོར་ཡོད་པ་དེང་དུས་ཚན་རིག་དང་མཐུན་པའི་གསལ་བཤད་དགོས་པ་ལས། དེ་མིན་དད་ལྡན་མང་པོའི་བློ་ལ་རྨ་ཁ་བཟོ་སྲིད་པ་རེད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དགུང་གྲངས་དྲུག་ཅུ་དང་དྲུག་བརྒྱའི་ཕྱོགས་གང་དུ་ཡང་རྩོད་འདོད་མེད་ལགས།
དེང་སང་འཆི་བ་མེད་པའི་ཐར་ལམ་དང་། སྟོན་པ་དང་དེའི་རྗེས་འཇུག་རྣམས་ཀྱི་རྫུ་འཕྲུལ་ད་ཕར་ཞོགས། སྔར་འབྱུང་མྱོང་བའི་ཕྱི་ཡི་ཡ་མཚན་ཚན་རིག་གསེར་བསྒྱུར་གྱི་རྩི་དང་། ནང་གི་ཡ་མཚན་པའི་ཚན་རིག་སྨན་དཔྱད་བཅུད་ལེན་བསྒྲུབ་ཡ་ཡོད་པ་སོགས་ལ་དད་པ་ཕལ་ཆེར་ཡལ་འགྲོ་བའི་དུས་རབས་སམ་བརྒྱ་ཕྲག་ཅིག་ཆགས་ཉེན་འདུག་པས་ཀུན་གྱིས་གཟབ་དགོས་པ་མི་འདུག་གམ། ལགས།
མཛོད་རྩ་རྩོམ་པ་པོའི་དབྱིག་གཉེན་དང་ཁོང་མ་ཡིན་པའི་རྒྱ་གར་མཁས་པ་དབྱིག་གཉེན་གཉིས་ཡོད་དུ་ཆུགས་ཀྱང་། ཐོགས་མེད་སྐུ་མཆེད་སློབ་དཔོན་དབྱིག་གཉེན་གྱིས། མཛོད་གནས་གསུམ་པ་འཇིག་རྟེན་བསྟན་གསུངས་པ་ཁས་བླངས་ན། ཞབས་འདྲེན་འདི་ནས་ཞུས་ཚར་བ་རེད།
དེས་ན་མངོན་པ་མཛོད་མཛད་མཁན་གྱི་རྒྱན་དྲུག་མཆོག་གཉིས་ནང་གི་སློབ་དཔོན་དབྱིག་གཉེན་གྱིས། མཛོད་གནས་བདུན་ལས་མ་མཛད་ཀྱང་། རྗེས་སུ་ཕྱིས་ཀྱི་དབྱིག་གཉེན་གཉིས་པས་གནས་བརྒྱད་པ་གསར་བཅུག་བྱས་ནས། གསེར་ལ་རག་བསྲེས་བྱས་པ་ལོ་རྒྱུས་སྔ་ཕྱི་གསལ་སྟོན་ཐུབ་ན། བསྟན་པ་འཛིན་སྲུང་སྤེལ་བའི་ཆ་རྐྱེན་ཆེན་པོར་གྱུར་པ་རེད། ང་ནི་ལོ་རྒྱུས་ལ་ཤིནད་ཏུ་རྨོངས་པ་དང་འགྱིད་ལུགས་གཉིས་ལྡན་ཅིག་ཡིན་པས་ངས་ནི་འཇོན་པ་མི་འདུག་གོ །
མངོན་མཛོད་བསྟན་པ་ཡུན་དུ་གནས་པའི་བཀྲ་ཤིས་ཤོག །
མེ་དཀར་ལགས་ཀྱིས་ངས་ཁོང་ལ་བསྙད་འཚོལ་བ་འདྲ་བསམ་ཡོད་ས་རེད། ང་ལྟ་བུ་ཞིག་གིས་ཁྱེད་ལྟ་བུ་ལ་དེ་འདྲའི་རྩོད་པའི་སྙད་འཚོལ་ག་ལ་ནུས། ངས་ནི་མཁན་པོ་རྣམ་གྲོལ་གྱི་གསུང་ལ་ཉན་ནས་འབྲི་དུས་ཐ་སྙད་སྒྲུབ་ཅེས་པའི་དོན་ཐ་སྙད་དུ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཡོད་པར་སྒྲུབ་པའི་དོན་དུ་འགྲེལ་བས་བྱེད་པོ་དང་འབྲེལ་བའི་བྱ་ཚིག་ཅིག་དགོས་བསམ་ནས་སྒྲུབ་བྲིས་པ་ཡིན། དེ་ལ་ཁྱེད་ཀྱིས་སྒྲུབ་མིན་པར་གྲུབ་ཡིན་འགྲོ་ཟེར་བས་དེ་ལ་རྒྱུ་མཚན་ཞིག་ཡོད་སྲིད་བསམས་ནས་དྲིས་པ་ཡིན། དེས་ན་གལ་ཏེ་སྒྲུབ་ཡིན་སོང་ན་ཡང་སྐུ་ཉིད་ང་ལ་ཕྱག་འཚལ་མི་དགོས་ཏེ་ང་ལ་ཁྱེད་ཀྱི་ཕྱག་ཐུབ་པའི་ནུས་པ་མེད་པས་སོ། །ཚུལ་ཁྲིམས་ལྡན་པའི་དགེ་སློང་ཞིག་གིས་ཁྱིམ་པ་ལ་ཕྱག་འཚལ་ན་ཁྱིམ་པ་བསོད་ནམས་ཟད་པའི་རྒྱུར་སོང་བ་ཡང་ཐུགས་ལ་མངའ་བར་གྱིས།
ཝེ་ལྟོ་ཚང་། དངོས་གནས་ཡིན་གཅིག་གཟིགས་དང་། ཐ་སྙད་གྲུབ་རང་རེད། གཅིག་གཟིགས་ཨ། ང་དགའ་རོགས་གཅིག་དང་མཉམ་དུ་ཡོད། གཉེན་སྒྲིག་གི་འཆར་གཞི་ཡོད་པས་སུས་སུ་ལ་ཕྱག་འཚལ་དང་མ་འཚལ་དེ་ནས་ཤེས་འོང་ལགས།
དིང་སང་བོད་ཀྱི་མཁས་པ་མང་པོ་ལ་རིག་པ་དང་རིགས་པའི་ཁྱད་པར་ཡང་ཤེས་དཀར་བར་འགྱུར། དེའི་རྐྱེན་གྱིས་དབུ་མ་རིགས་ཚོགས་དྲུག་ལ་དབུ་མ་རིག་ཚོགས་དྲུག་དང་། རིགས་པ་དྲུག་ཅུ་པ་ལ་རིག་པ་དྲུག་ཅུ་པ་ཞེས་དུ་མས་བྲིས་པ་མང་། ལེགས་སྦྱར་སྐད་དོད། རིག་པ་ལ། བིདྱཱ་དང་། རིགས་པ་ལ། ཡུཀྟི་ཞེས་པ་ཡོད། བོད་སྐད་ཡིག་དཔྱིས་ཕྱིན་པ་ཤེས་པ་ལ་ལེགས་སྦྱུར་གི་ཚིག་ཤེས་པ་གལ་ཆེ་བ་མཁས་པ་མང་པོས་གསུངས་པ་དེ་བདེན་པར་སྣང་ངོ་།།
རྒན་ལེགས་ཀྱིས་མོལ་བ་དེ་ཤིན་ཏུ་བདེན། གཡུ་འབྲུག་གིས་ཐུགས་ལ་འདོག
ལྟོ་ཚང་ད་ལྟོ་ཨ་རི་ལུ་ཡོདཔ་ཨིན་ན
འོ་ད་དུང་རྒན་ལགས་ལ་བསྙད་འཚོལ་ས་ཞིག་རག་སོང་། ཧ་ཧ་ཧ་རྩེད་མོ་ཡིན། རྒན་ལགས། གཏན་ཚིག་རིག་པའི་རིག་པ་ལ་རིགས་ཞེས་འབྲི་དགོས་པ་ཡིན་ནམ། དེ་ལྟར་ན་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔའི་རིག་ལ་ཡང་ཡང་འཇུག་ཡོད་དམ། ངའི་བསམ་པར་རིགས་བརྒྱུད་ཀྱི་རིགས་ལ་ཡང་འཇུག་ཡོད་པ་དང་དེ་ལས་གཞན་བློ་འམ་ཤེས་པ་དང་འབྲེལ་བའི་རིག་པ་ལ་ཡང་འཇུག་མེད་པར་སེམས་པ་ཡིན།
མེ་དཀར་ལགས། ང་རང་ད་ལྟོ་འབྲུག་ལུ་རང་ཡོད་ལགས།
གཡུ་འབྲུག་དཀར་པོ་ལེགས། ཁྱེད་ཀྱི་བགྲོ་གླེང་ལ་བདག་དགའ། འོན་ཀྱང་། ངས་ཉ་དང་ཉུང་མ་བསྲེས་པར་སོ་སོར་ཤེས།
་
རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན།
འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ།
དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་གཟུང་དང་།
བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་དང་དེར་བརྩོན་བྱ།། བྱམས་ཆོས་མདོ་སྡེའི་རྒྱན་ན། ཡིན་བསམ།
་
འདིའིསྐབས་ཀྱི་རིག་པའི་གནས་ལྔའི་གྲས་གཏན་ཚིགས་རིག་པ་དེ། ལེགས་སྦྱར་དུ། ཧེ་ཏུ་བིདྱཱ། ཞེས་པ་དེ་ཡིན། དཔལ་ལྡན་འབྲུག་པའི་སྐད་དུ་ཡང་། རྗེས་འཇུག་དང་ཡང་འཇུག་གི་ས་ཡིག་མེད་པར་སོང་བ་ཤེས། སླར་གསོ་བའི་ཕྱིར་དུ། ལྷོ་མོན་གྱི་གྲོང་ཡུལ་དག་ན། འབྲས་མོ་ལྗོངས་དང་། ལ་དྭགས་གཤམ་ཕྱོགས་ཀྱི་གྲོང་ཡུལ་རྣམས་སུ་གནའ་བོའི་སྒྲ་གདངས་ལུས་ཡོད་ན་རང་རེས་དེ་དག་ལ་སློབ་སྦྱོང་བྱེད་དགོས་པར་མཐོང་ངོ་།།
ངས་ཉ་དང་ཉུང་མ་མ་བསྲེས་པར་སོ་སོར་ཤེས། ཞེས་ཀློག
རྒན་ལེགས་་་་རིག་པ་དང་རིགས་པགཉིས་ཀྱི་ཁྱད་པར་གཡས་སྐོར་གཡོན་སྐོར་བྱེད་མི་དགོས་པར་ཁ་རི་ཁ་ཐུག་གོ་བརྡ་སྤྲོད་ན་འགྲིག་པ། རིག་པ་ནི་བཅུག་རིག་ཤེས་རིག་བློ་རིག་ཅེས་པ་སོགས་ལ་གོ་ཞིང། རིགས་པ་ཞེས་པ་ནི། རྟགས་དང་རིགས་པ་རྒྱུ་མཚན་དོན་གཅིག་ཏུ་འདོད་པའི་སྐབས་སུ་་་་རིགས་པ་ཞེས་འབྲི་དགོས། རྟགས་དང་རིགས་པའི་རྣམ་གཞག་ཤེས་མཁན་ཞིག་གིས་ལས་སླ་མོའི་སྟེང་ནས་ཤེས་ཐུབ་པ་རེད། རིགས་པ་འགྲོ་ས་མེད་མཁན་དེ་ཚོ་ལ་ཞུ་དགོས་པར་མ་མཐོང་ངོ།
བཅུག་རིག་་་་་་བཅུ་རིག་ལ་བཅོས་རོགས
མངདུ་མགོ་རྙོགས་བྱུང་སོང་། རྒན་ལེགས་ཀྱིས་ནི་གཏན་ཚིག་རིག་པའི་རིག་པ་ལ་ས་མེད་པར་གསུངས་ལ། བན་དེ་ལེགས་ཀྱིས་ནི་གཏན་ཚིག་རིག་པའི་རིག་ལ་ཡང་འཇུག་ཡོད་གསུངས།
ག་ལས་འཇིགས་མེད་རྩ་ཤེས་རང་འགྲེལ་མིན་པ་དགེ་ལུགས་ཀྱི་གདན་ས་རྣམས་སུ་གྲགས་ཆེ་ཡང། ལེགས་བཤད་སྙིང་པོར་རྩ་ཤེས་འགྲེལ་པ་འདྲེན་པའི་སྐབས་ རྩ་ཤེས་རང་འགྲེལ་ག་ལས་འཇིགས་མེད་ཅེས་འདྲེན་འདུག། ག་ཞིག་གིས་ཡིག་ནོར་དུ་དངོས་འཛིན་ནས་སུབ་པ་བྱུང་འདུག གང་ལྟར་ཡང་བོད་ཙམ་མ་ཡིན་པ་རྒྱ་གར་དུ་ཡང་རྩ་ཤེས་ཀྱི་འགྲེལ་པར་དངོས་འཛིན་གྱི་ཡོད་ས་རེད། རྩ་ཤེས‚རྩ་ཤེ་‚ འབྲི་ཚུལ་གཉིས་འདུག་ གཉིས་ཀ་དག་པ་ཡིན་ནམ།
ལེགས་བཤད་གསེར་ཕྲེང་དུ་རིན་ཆེན་ཕྲེང་བ་རིགས་ཚོགས་མིན་གསུངས་པ་འདི་ལ་དགོངས་པ་འགྲེལ་ཚུལ་གཉིས་ཡོད། བསྒྲུབ་བྱ་བདེན་དངོས་དང་། སྒྲུབ་བྱེད་རྟོག་གེ་རིགས་པ་འགོག་པའི་དབང་དུ་བྱས་ན་རིགས་ཚོགས་དྲུག་དུ་བྱེད་པ་ནོར་བ་ཡིན་ཞེས་པ་གཅིག་དང། རིགས་ཚོགས་དང་གཏམ་ཚོགས་གཉིས་སུ་ཕྱེ་བའི་རིགས་ཚོགས་ལ་རིན་ཆེན་ཕྲེང་འདྲེན་པ་ནོར་ཡིན་ཞེས་པ་གཉིས་རེད། དགེ་ལུགས་ཀྱི་གདན་ས་ཁག་ཏུ་ལེགས་བཤད་གསེར་ཕྲེང་འཆང་སྤྱོད་བྱེད་པ་མ་ཟད་བློ་འཛིན་བྱེད་མཁན་ཡང་དུ་མ་ཡོད་ཅིང་ང་ཡང་དཔེ་རིང་བརྒྱ་ལྷ་བློ་འཛིན་བྱེད་མཁན་གྱི་གྲལ་ཡིན།
སྔར་འཇིག་རྟེན་ཆུང་ཆུང་ཞིག་ལ་མགོ་ཁོར་ནས་བསྡད་སྐབས་འདི་འདྲ་བའི་ནོར་འཁྲུལ་རིགས་མང་ཡང། དེང་དུས་ཐབས་ལམ་འདི་དག་བརྒྱད་ནས་ཕྲལ་དུ་འདོགས་བསེལ་ཐུབ་པས་དེ་འདྲ་བའི་ནོར་ཁྲུལ་མི་ཆེ་བར་སྨོན།
རིག་གནས་བློ་རིག་ཤེས་རིག་དང་། །མི་རིགས་རྟགས་རིགས་རིགས་པའི་ཚོགས། །ཤན་འབྱེད་མེད་ན་གཏམ་ཚོགས་དང་། །རིགས་ཚོགས་གྱཉིས་ཀ་འཆོལ་བར་འགྱུར། །
དཔལ་མགོན་འཕགས་པ་ཀླུ་སྒྲུབ་དགུང་ལོ་དྲུག་བརྒྱ་བཞུགས་པའི་དབང་དུ་བྱས་ན། ལོ་བརྒྱར་ཉེ་བའི་དུས་སུ་དབུ་བཅད་ནས་སྦྱིན་པ་དང་། རྡོ་དེ་སྐུར་གྱུར་པ་དེ་ཕྱིིས་སུ་དབུ་གཟུགས་གཉིས་སྦྱར་ནས་གདུལ་བྱ་མཐུན་མོང་མ་ཡིན་པའི་ངོར་སླར་ཡང་ལོ་ལྔ་བརྒྱ་ལྷག་ཙམ་གཞན་དོན་མཛད་ནས་མཐར་བདེ་བ་ཅན་དུ་ཕེབས་པའང་སྲིད་པས་སོ། །
དཔལ་རིགས་པར་སྨྲ་བ་ལྷན་རྒྱས་ལ།
་
ག་ལ་འཇིགས་མེད་ཀླུ་སྒྲུབ་ཀྱི་ཡིན་པར་བུ་སྟོན་རིན་པོ་ཆེ་བར་དུ་ཐམས་ཅད་ཀྱིས་འདོད་པར་བསམ། རྗེ་བླ་མས་ཀླུ་སྒྲུབ་ཀྱི་མིན་གསུངས་པ་ལ་རྒྱུ་མཚན་ཡང་དག་ཏུ་མཐོང་། རྩ་བ་ཤེས་རབ་ཅེས་པ་ཚིག་བསྡུས་པ་ལ། རྩ་ཤེས། ཞེས་པ་རིགས་པར་སྣང་། རྩ་ཤེ། ཞེས་པ་ནི་རྗེས་འཇུག་ས་ངག་ནས་མ་འཐོན་པ་ཞིག་གིས་བྲིས་པ་མ་དག་རྒྱུན་འབྱམས་སུ་སོང་བར་མངོན། ༼རིགས་ཚོགས་དང་གཏམ་ཚོགས་གཉིས་སུ་ཕྱེ་བའི་རིགས་ཚོགས་ལ་རིན་ཆེན་ཕྲེང་འདྲེན་པ་ནོར་ཡིན་ཞེས༽ཞེས་པར་དཔྱད་པ་བྱེད་དགོས་པར་སྣང་།
་
གཏན་ཚིགས་ལ་ས་ཡང་འཇུག་ངེས་པར་དུ་དགོས་ཏེ། གཏན་ཚིགས་དང་། རྟགས་དང་། རིགས་པ་རྣམས་དོན་གཅིག་ཏུ་མངོན། དེས་ན། རིགས་པའི་རིག་པ། ཞེས་པ་ཡོངས་གྲགས་ཡིན་མིན་མ་གཏོགས་གཞན་གནོད་པ་མ་མཐོང་། ༼བན་དེ་ལེགས་ཀྱིས་ནི་གཏན་ཚིག་རིག་པའི་རིག་ལ་ཡང་འཇུག་ཡོད་གསུངས།༽ སླར་དགོངས་དགོས་པར་མཐོང་།
་
འཇིག་རྟེན་འདི་དང་ཁ་བརྡ་ཀློག་པ་པོ་མོས་པ་སྣ་ཚོགས་པ་ཡོད་པས། ཐམས་ཅད་མགུ་བར་སུས་ནུས་མི་ནུས་སོ།།
ཚན་རིག་པ་ཀླ་ཀློ་ཚོས་ཆོས་སྣུབ་སྲིད་ཟེར་བ་ལ་གོ་དོན་ཁྱོན་ནས་མེད་པ་མིན། བོད་མི་བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་མི་ལོ་དྲུག་ཅུ་ནས་ལྡབ་གྱུར་དུ་སོང་ནས་བརྒྱ་དང་ཉི་ཤུ་བཞུགས་པར་གྲགས་པ་དང་། སྔར་རྒྱ་གར་ཡུལ་དུ་ནང་པ་དང་ཕྱི་རོལ་པ་ལོ་ལྔ་བརྒྱ་ཙམ་བཞུགས་ཐུབ་མཁན་ཡོད་པ་ཡོངས་གྲགས་ལྟ་བུ་གོ་བ་ཡང་ནོར་བ་ཨ་ཡིན་ནམ། ད་དུང་ཡང་དཔྱད་པར་འཚལ།
དགུང་ལོ་ཉིས་བརྒྱ་བཞུགས་ཟེར་བ་ཞིག་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་དུ་ཡང་གསལ། གཏེར་སྟོན་སུ་ཡིན་དྲན་མ་བྱུང་།
་་་་ དེས་དཔལ་གྱི་རི་ལ་སློབ་དཔོན་གྱི་དྲུང་དུ་དབུ་སློང་པའི་ཕྱིར་དུ་འོང་། སློབ་དཔོན་གྱིས་ཇི་ལྟར་འདོད་པ་བཞིན་ཆོད་ཅིག་ཅེས་བཀའ་བརྩལ་པ་དང་དེས་རལ་གྲི་ཤིན་ཏུ་རྣོ་བས་བཅད་པས་ཆད་པར་མ་འགྱུར། དེ་ཚེ་སློབ་དཔོན་གྱིས་དེ་ལ་སྨྲས་པ། ང་ཉིད་སྔོན་དགེ་འདུན་གྱི་ཞལ་ཏ་བར་གྱུར་པའི་ཚེ་འཇག་མ་ཞིག་བཅད་པའི་ཞོར་ལ་འབུ་གཅིག་གི་སྐེ་བཅད་པའི་ཉེས་པ་ཡོད་པས་རྩ་ཀུ་ཤས་ཆོད་ཅིག་གསུངས་པ་ལྟར་བྱས་པས་ཆོད། དེའི་ཚེ་སྐུ་ཁྲག་འོ་མའི་རང་བཞིན་དུ་བྱུང་ཞིང་དབུ་དེའི་ཞལ་ནས། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། ཕྱིན་ནས་ལུས་འདི་ལ་ཡང་འཇུག་པར་གྱུར། ཅེས་པའི་ཚིག་བྱུང་བར་གྲགས། ་་་ཞེས་སོགས་གསུངས་པ་འདི་ལ་རྒྱུ་མཚན་ཆེན་པོ་འདུག་སྙམ་ལགས།
སློབ་དཔོན་འདིའི་སྐོར་ཕྱི་རྒྱལ་བས་བྲིས་པ་འདིར་འདུག། http://en.wikipedia.org/wiki/Nagarjuna
ངས་བརྒྱ་ལོ་ནོར་བ་ལས་ལོ་གྲངས་ནོར་མི་འདུག ཀླུ་སྒྲུབ་ལོ་བརྒྱ་ལས་བཞུགས་མེད་ཐག་ཆོད་རེད།
ཀླུ་སྒྲུབ་གཉིས་ཡོད་ན་དགེ་ཚུལ་གྱི་བསླབ་བྱ་ཀཱ་རི་ཀ་རྩོམ་པ་པོ་དང་རིགས་ཚོགས་དྲུག་གི་རྩོམ་པ་པོ་གཉིས་གཅིག་ཡིན་ནམ་ཐ་དད་ཡིན། ཁྱེད་རྣམ་པ་མང་ཆེ་བ་ཀཱ་རི་ཀ་དང་རིགས་ཚོགས་གཉིས་ཀར་སློབ་སྦྱོང་གནང་ཡོད་ངེས་པས་རྩོམ་འགྲོས་ལ་ལྟས་ན་མཁྱེན་སྲིད། དེ་ལ་དགོངས་འཆར་གསུངས་རྒྱུ་ཡོད་དམ།
ཀླུ་སྒྲུབ་ལོ་ཇི་ཙམ་བཞུགས་པ་ལོ་རྒྱུས་ལྡན་པའི་ཁུངས་ཤིག་སུ་ལའང་བཤད་ཐུབ་པ་མེད། ལོ་ཇི་ཙམ་བཞུགས་པ་ལ་མ་བརྟགས་ཉམས་དགའ་བར་གནས་ན་མི་ལེགས་སམ།
དེ་ནི་ཐལ་འགྱུར་ཤིང་རྟ་སྲོལ་གྱི་ཁྱེན།
ཀླུ་དབང་ཟླ་བ་གྲགས་པའི་ཁྱེ་ཆོས་ཡིན།
ཞེས་པའི་ཐལ་གྱུར་པའི་ཤིང་རྟ་སྲོལ་བྱེད་གཞན་ཡང་ཡོད་དམ། ཡང་ན་ཁོང་གཉིས་ནས་གཞན་མེད་པའི་སྐད་ཆ་རེད་བས། གསུང་རོགས་གནང་།