—-ཨ་འདུས་པས།
(གྲོགས་པོ་ཞིག་གིས་ཐོལ་བྱུང་དུ་དབུ་མའི་བརྗོད་དོན་ཚིག་ཉུང་དོན་འདུས་ཤིག་དགོས་ཞེས་བསྐུལ་ངོ་མ་བཟློག་ཙམ་དུ་བྲིས་སོ།)
སྤྱིར་མ་དབུ་མ་ཞེས་པའི་ཚིག་འདི་ནི་ལེགས་སྦྱར་གྱི་སྐད་དུ་མདྷྱཡམཀ་ཞེས་པའི་དོན་ཡིན་ལ། དེ་སྔོན་ལོ་ཙཱ་བ་དག་གིས་གསུང་རབ་བོད་སྐད་དུ་འགྱུར་མཛད་སྐབས་དབུ་མ་ཞེས་བསྒྱུར་གནང་བ་ཞིག་རེད། བོད་སྐད་དུ་དབུས་མ་དང་དབུ་མ་གཉིས་དོན་གཅིག་ཡིན་ལ། མདོར་ན་མཐའ་གཉིས་ཀྱི་དཀྱིལ་མའམ། མཐའ་གཉིས་སུ་མ་ལྷུང་བའི་དོན་ལ་གོ་བ་ཡིན། འདིའི་དོན་གསུང་རབ་ཀྱི་འཆད་ཚུལ་ལ་སྦྱོར་སྐབས་འཇིག་རྟེན་བྱེད་པ་པོ་རྟག་པ་ཡོད་པའི་མཐའ་དང་། འཁོར་འདས་ཀྱི་རྟེན་ཀུན་གཞི་དང་། རྒྱུ་འབྲས་སོགས་གང་ཡང་མེད་པ་ཆད་པའི་མཐའ་དང་། ཡང་ན། སྣང་བའི་འཆར་སྒོ་མ་འགག་པས་སྟོང་བའི་མཐའ་ལས་འདས་པ་དང་། སྣང་བ་ཉིད་མཐའ་གང་དུ་ཡང་བཟུང་དུ་མེད་པས་རྟག་མཐའ་ལས་གྲོལ་ཚུལ་ལ་སྦྱོར་བ་ནི་དཔེ་མཚོན་ཙམ་ཡིན།
ཀུན་མཁྱེན་གོ་རམས་པའི་དབུ་མ་སྤྱི་དོན་སོགས་སུ གཞི་དབུ་མ་བདེན་གཉིས་ཟུང་འཇུག ལམ་དབུ་མ་ཚོགས་གཉིས་ཟུང་འཇུག འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་ཅེས་གསུངས་ཡོད་པ་ལྟར་གཞི་ལམ་འབྲས་གསུམ་གང་གི་སྐབས་སུ་ཡང་སྣང་སྟོང་ཡ་བྲལ་དུ་མ་སོང་བ་ཞིག་དགོས་པ་དེ་དབུ་མ་པའི་ལྟ་གྲུབ་ཀྱི་གནད་གཙོ་བོ་ཞིག་ཡིན།
བྱུང་རབས་ཀྱི་ངོས་ནས་བལྟས་ན། འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་བརྩམས་ཏེ་དངོས་སྟོབས་རིགས་པའི་ལམ་ནས་སངས་རྒྱས་ཀྱི་རྟེན་ཅིང་འབྲེལ་འབྱུང་གི་དགོངས་པ་ཟབ་མོ་རྩལ་འདོན་མཛད་ཅིང་། དེའི་རྗེས་སུ་ལེགས་ལྡན་འབྱེད་དང་། སངས་རྒྱས་བསྐྱངས་སོགས་མཁས་གྲུབ་མང་པོས་དབུ་མ་རྩ་བའི་དགོངས་པ་ཐལ་རང་གཉིས་སུ་བྲལ་བ་སོགས་རྒྱ་གར་དུ་རྩོད་སྒྲུབ་ཀྱི་ལམ་ནས་དབུ་མའི་བསྟན་པ་དར་རྒྱས་ཆེན་པོ་བྱུང་།
རང་ཅག་བོད་ལ་མཚོན་ན། མཁན་སློབ་ཆོས་གསུམ་གྱི་སྐབས་སུ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་དབུ་མའི་ཆོས་སྐོར་བསྒྱུར་བ་ནས་ལོ་ཙཱ་བ་གསེར་རིའི་ཕྲེང་བ་ལྟར་བྱོན་པ་དག་གིས་དབུ་མའི་གཞུང་ལུགས་ཕལ་མོ་ཆེ་བོད་འགྱུར་མཛད་ཅིང་། རིས་མེད་ཀྱི་ཆོས་གྲྭ་ཆེན་པོ་རྣམས་སུ་ཐོས་བསམ་ཅིང་རྒྱ་ཆེན་བྱས་མོད། མཁས་གྲུབ་ཕལ་མོ་ཆེས་ཐལ་འགྱུར་བའི་གཞུང་འཛིན་པ་ལས་རང་རྒྱུད་ཡིན་ཟེར་མཁན་ཧ་ལམ་མ་བྱུང་བར་གྲགས།
དེ་ཡང་ངེས་དོན་གྱི་དབུ་མ་ཆེན་པོ་ཞེས་པའི་གོ་བ་འདི་སངས་རྒྱས་ཀྱི་ཐུགས་རང་ལ་བྱེད་དགོས་པ་ཡིན་པས། ང་ཚོ་མི་དཀྱུས་མ་དག་ཀྱང་མངོན་འཚང་རྒྱ་རྒྱུ་ཡོད་པར་འདོད་པའི་ནང་པའི་གྲུབ་མཐའ་འདིས། དྲི་མ་སེམས་ཀྱི་རང་བཞིན་མ་ཡིན་པས་འདག་རུང་ཡིན་པ་དང་། སེམས་སུ་བསྒོམ་ན་ཡོན་ཏན་ཐམས་ཅད་གོམས་རུང་ཡིན་པས། རྒྱུ་ཚོགས་ལམ་ཆུང་ངུ་ནས་བཟུང་ས་དང་ལམ་གྱི་རིམ་པ་ལྷག་མེད་དུ་བགྲོད་ཟིན་རྗེས། ད་གཟོད་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་སྒྲུབ་བྱེད་དུ། དཔལ་ལྡན་ཟླ་བའི་དབུ་མ་འཇུག་པར་ས་བཅུའི་རྣམ་གཞག་དང་། སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་སོགས་སུ་ཕར་ཕྱིན་གྱི་རིམ་པ་མང་པོ་གསུངས་ཡོད།
དབུ་མ་ཞེས་པའི་གཞུང་ལུགས་འདི་སྦྱང་བའི་དགོས་པ་གཙོ་བོ་དེ། ང་ཚཽའི་ལྷན་སྐྱེས་ཀྱི་བློའི་འཛིན་སྟངས་འདི་དུག་གསུམ་གྱིས་བསྒྲིབས་ནས་ཡོད་པས། གནས་ལུགས་ཀྱི་མདུན་ན། ང་ཚོའི་བློ་འདི་དག་ནོར་འཁྲུལ་ཅན་ཡིན་པ་དང་། སྐྱོན་ཅན་ཡིན་པ། རྗེས་ལུས་ཡིན་པ། ང་ཚོའི་མཐོང་བྱར་གྱུར་པའི་བྱ་དངོས་དག་ཀྱང་། མཐོང་བ་ལྟར་བདེན་པར་མ་གྲུབ་པའི་ཚུལ་སྒྱུ་མའི་དཔེ་བརྒྱད་སོགས་དང་སྦྱར་ཏེ། སྣང་ཡུལ་གྱི་བྱ་དངོས་དེ་དག་ལ་བདེན་ཞེན་དང་། ཆགས་སྡང་བྱ་མི་རུང་བའི་ཚུལ་རིགས་ལམ་གྱིས་བསྒྲུབས་ཡོད།
མདོར་ན། སྣང་བ་སྒྱུ་མ་ལྟ་བུ་འདིས་སྟོང་སྟོང་ཉིད་ཀྱི་དོན་ལ་དྲན་སྐུལ་བྱས་ཡོད་ལ། སྟོང་ཉིད་ཀྱིས་ནི། དོན་ལ་མེད་ནའང་། སྒྱུ་མ་དང་། རྨི་ལམ་ལྟར་མངོན་ཡོང་བའི་སྣང་བ་བཙན་པོ་འདིར་གོ་བ་སླེབས་ཐུབ་པ་ཞིག་བྱས་ཡོད་པ་ནི། དབུ་མའི་གཞུང་ལུགས་དག་ན་ནན་གྱིས་བཤད་དང་འཆད་ཀྱིན་པའི་བདེན་གཉིས་ཟུང་འཇུག་ཅེས་པའི་ཐ་ཚིག་ཡིན་པར་སྙམ་མོ།
ཨ་འདུས་པས་རང་ཤག་ནས།
དབུ་མའི་སྐོར་ལ་བྲིས་མཛད་པར་དགའ་བསུ་ཞུ། ད་དུང་དབུ་མའི་སྐོར་ལ་ཕ༹ྱག་དཔེ་གཟིགས་ནས་ཚིག་དོན་གཉིས་ཀ་ལ་བྱང་ཆུབ་པ་ཞིག་མཛད་དགོས ཡོད་མཐའ་དང་། མེད་མཐའ་སྟེ། མཐའ་གཉིས་སུ་མ་ལྷུང་བ་ཞིག་གི་སྒོ་ནས་ཐར་པ་དང་། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་གསུགས་སོ།
ཚིག་འགའ་ཞིག་ལ་དཔྱད་དགོས་པར་མཐོང་་།
་
བོད་སྐད་དུ་དབུས་མ་དང་དབུ་མ་གཉིས་དོན་གཅིག་ཡིན་ལ། ཞེས་པ་ལ་ཁོ་བོས་དབུས་མ་ཞེས་པ་ཁྱད་ཆོས་དང་། དབུ་མ་ཞེས་པ་མིང་དུ་འདོད། དཀྱིལ་མ་དང་དབུས་མ་གཉིས་དོན་གཅིག་ཏུ་འདོད།
་
ཐལ་རང་གཉིས་སུ་བྲལ་བ། ཞེས་པའི་དོན་དག་གང་ཡིན་ནམ།
མཁན་ཆེན་ཞི་བ་འཚོས་རིག་བྱེད་མཐའ་པ་ལ་ཅུང་ཟད་སྐྱོན་ཅན་ཡིན་པར་གསུངས་པའི་དོན་ཡོད་དམ། ཞེས་དྲི་བ་ལགས་སོ།
ཆོས་ཀྱི་དབུ་མ་།
ཆབ་སྲིད་ཀྱི་དབུ་མ་།
ལུང་པའི་དབུ་མ་།
ས་ཆའི་དབུ་མ་།
རྒྱལ་ཁབ་ཀྱི་དབུ་མ་།
གྲོང་སྡེའི་དབུ་མ་།
མི་མང་འདུ་འཛོམས་ཀྱི་དབུ་མ་།
དབུ་མ་མང་རང་དྲག་ནས་མགོ་འཐོམ་ཡོང་།
བདག་གིས་བོད་སྐད་དག་ཆ་མཁས་པས་བྲིས་པ་ལ་བརྩིས་ནས། ཡོང་ཞེས་པ་ལ་འོང་། ཞེས་འབྲི། ངའི་ཁ་སྐད་དུ་ཡང་ཡོང་ཞེས་འབོད། འོན་ཀྱང་ཁ་སྐད་ལས་ཆོས་སྐད་གཙོའོ།
བཀུར་འོས་རྒན་ལ་དྭགས་བློ་བཟང་ལགས་ལ་བཀའ་དྲིན་ཆེ། གུས་པའི་རྨོངས་འཆར་སྤེལ་བ་ལ་བུང་བ་གསེར་གཟིགས་ཀྱིས་དགོངས་ཚུལ་བཏོན་པར་ཡི་རངས་ཡོད།
༡] ཉིད་ཀྱིས་དབུས་མ་ཞེས་པ་ཁྱད་ཆོས་དང་། དབུ་མ་ཞེས་པ་མིང་དུ་འདོད། ཅེས་དེ་གཉིས་རྦད་དེ་ཐ་དད་པའི་ལྟ་ཚུལ་བཟུང་ཀྱང་། མིང་ལ་ཆོས་ཅན་བརྗོད་པའི་མིང་དང་། ཆོས་བརྗོད་ཀྱི་མིང་གཉིས་ཀ་ཡོད་ཆོག་པས་འགལ་བ་མེད་སྙམ། མ་གཞི་དབུ་མའི་དོན་འགྲེལ་ཚུལ་ཐད་བོད་སྔ་ཕྱིའི་མཁས་པ་སྟག་སེང་འདྲ་བ་དག་ཞལ་མི་མཐུན་པས། དེ་སྐོར་ནས་གཏན་ཚིགས་རྨང་གཞིར་བཟུང་སྟེ་མཁས་གྲུབ་དག་གི་ལུགས་སོ་སོར་འཆད་དུ་ཡོད་པ་ལས། འདི་བདེན་དང་འདི་ནོར་ཞེས་ཁོ་བོ་ལྟ་བུས་ནི་ནམ་ཡང་ཁ་ཚོན་གཅོད་པར་མ་སྤོབས་སོ།
༢] སངས་རྒྱས་བསྐྱངས་སོགས་མཁས་གྲུབ་མང་པོས་དབུ་མ་རྩ་བའི་དགོངས་པ་ཐལ་རང་གཉིས་སུ་བྲལ་བ་སོགས་རྒྱ་གར་དུ་རྩོད་སྒྲུབ་ཀྱི་ལམ་ནས་དབུ་མའི་བསྟན་པ་དར་རྒྱས་ཆེན་པོ་བྱུང་། ཞེས་པའི་དོན་དབུ་མའི་གཞུང་ལུགས་ལ་སྦྱང་ཅུང་ཟད་ཙམ་སོང་བ་ཞིག་ཡིན་ཚེ་མ་གོ་བའི་གནད་མེད་པས་གནས་སྐབས་བཞག་གོ །
༣] ཞི་འཚོ་དང་རིག་བྱེད་མཐའ་པའི་སྐོར་དེ་ཁོ་བོ་ཉིད་ཀྱང་རྨོངས་པའི་དྲར་ཚུད་པས་ཁར་མཛུབ་མོ་བཙུགས་ནས་ཡོད་དོ།
མདྷྱཡམཀའི་དབུ་མ་ནི། རྟག་པ་ཡོད་དྲགས་པའི་མཐའ་དང་གཅིག ཆད་པ་མེད་དྲགས་པའི་མཐའ་དང་གཉིས། མཐའ་དེ་གཉིས་ཀ་ལས་བྲལ་བའམ། མཐའ་དེ་གཉིས་སུ་མ་ལྷུང་བའི་ལྟ་བ་དེ་དབུ་མ་ཞེས་བརྗོད། དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་རང་ལུགས་ལྟར་ན། རང་སྡེ་གྲུབ་མཐའ་འོག་མ་རྣམས་དང་། ཕྱི་རོལ་མུ་སྟེགས་པ་དག་ནི། མཐའ་དེ་གཉིས་གང་རུང་དུ་གནས་པར་འདོད། དེས་ན། མུ་ནི་ཟུར་ཏེ། མུ་སྟེགས་ཞེས་པའི་སྒྲ་བཤད་དང་། མཐའ་པ་ཞེས་པའི་སྒྲ་དོན་ཡང་རང་གྲོལ་དུ་གྱུར་ཐུབ་བོ།།
སྡོད་གནས་མི་མཚུངས་མི་གསུམ་ཅིག་ཅར་དུ།།
རྩིག་པའི་ངོས་ལ་མིག་གིས་ལྟོས་པའི་ཚེ།།
ངོས་མཉམ་ཡིན་མིན་སོ་སོར་སྣང་ན་ཡང་།།
རང་རང་ངོར་བལྟས་ཐམས་ཅད་ཚད་མ་མིན།།
ཕྱ་ལེ་བ་སོགས་རྟོགས་པའི་ཚད་མ་ཡང་།།
སྣང་ངོར་ཙམ་ལས་དོན་གྱིས་གྲུབ་པ་མེད།།
མིག་དང་རྣ་བ་ལ་སོགས་ཚད་མ་མིན།།
གསུང་བའི་དོན་ཡང་དེ་ལྟར་འགྲེལ་དགོས་སྙམ།།
ཨ་འདུས་སྐལ་བཟང་རྒྱ་མཚོ་མཆོག་གིས་ལན་གསུངས་པར་བཀའ་དྲིན་ཆེ། སློབ་དཔོན་ཞི་བ་འཚོ་དགོངས་ལོ་དགུ་བརྒྱ་བཞུགས་པ་བོད་ཀྱི་གསུང་ཚུལ་དེ་། རྒྱ་གར་པ་མཁས་པ་ཆེན་པོ་རཱ་ཧུ་ལས། ཞི་བ་འཚོས་མཛད་པའི་ཚད་མའི་དེ་ཁོ་ན་བསྡུས་པའི་མཛད་པ་ལ་དཔགས་ན། ལོ་ངོ་དགུ་བརྒྱ་བཞུགས་ཞེས་བཤད་ཆོག་པ་འདུག་ཅེས་བྲིས་སོ།
དེ་ཁོ་ན་བསྡུས་པ་ཚིགས་བཅད་དང་། དེའི་དཀའ་འགྲེལ་ཀ་མ་ལ་ཤི་ལས་མཛད་པ་རྒྱ་གར་ནུབ་ཕྱོགས་རཱ་ཇ་སྟན་ན། མུ་སྟེགས་གཅེར་བུ་པའི་དཔེ་མཛོད་ན་རྙེད་སོན་བྱུང་། དོན་ཤེས་བྱ་ནི་རྒྱ་གར་གྲུབ་མཐའ་སོ་སོའི་འདོད་ཚུལ་དང་། དེ་དག་རེ་རེ་བཞིན་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་བཞེད་ཚུལ་གྱི་སྒོ་ནས་དགག་པ་བརྒྱབས། བདག་གིས་དཔྱིས་ཕྱིན་པ་མི་ཤེས་མོད། རགས་ཙམ་ནི། རིག་བྱེད་མཐའ་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཕྱི་དོན་འགོག་པར་མཚུངས་ཤིང་། ནང་སེམས་ཀྱི་ངོ་བོ་མི་རྟག་པ་དང་རྟག་པར་འདོད་པ་མི་འདྲ་བས། རིག་བྱེད་མཐའ་པས་སེམས་ཀྱི་ངོ་བོ་རྟག་པར་འདོད་པ་ལ་ཅུང་ཟད་སྐྱོན་ཅན་དུ་གསུངས་སོ་སྙམ། འདི་ལ་གསལ་བར་གསུང་མཁན་ཡོད་ཚེ་བོད་ཀྱི་རིག་གཞུང་ལ་ཕན་པར་འགྱུར་རོ།
ཨ་འདུས་སྐལ་བཟང་རྒྱ་མཚོ་མཆོག་གིས་ལན་གསུངས་པར་བཀའ་དྲིན་ཆེ། སློབ་དཔོན་ཞི་བ་འཚོ་དགོངས་ལོ་དགུ་བརྒྱ་བཞུགས་པ་བོད་ཀྱི་གསུང་ཚུལ་དེ་། རྒྱ་གར་པ་མཁས་པ་ཆེན་པོ་རཱ་ཧུ་ལས། ཞི་བ་འཚོས་མཛད་པའི་ཚད་མའི་དེ་ཁོ་ན་བསྡུས་པའི་མཛད་པ་ལ་དཔགས་ན། ལོ་ངོ་དགུ་བརྒྱ་བཞུགས་ཞེས་བཤད་ཆོག་པ་འདུག་ཅེས་བྲིས་སོ།
དེ་ཁོ་ན་བསྡུས་པ་ཚིགས་བཅད་དང་། དེའི་དཀའ་འགྲེལ་ཀ་མ་ལ་ཤི་ལས་མཛད་པ་རྒྱ་གར་ནུབ་ཕྱོགས་རཱ་ཇ་སྟན་ན། མུ་སྟེགས་གཅེར་བུ་པའི་དཔེ་མཛོད་ན་རྙེད་སོན་བྱུང་། དོན་ཤེས་བྱ་ནི་རྒྱ་གར་གྲུབ་མཐའ་སོ་སོའི་འདོད་ཚུལ་དང་། དེ་དག་རེ་རེ་བཞིན་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་བཞེད་ཚུལ་གྱི་སྒོ་ནས་དགག་པ་བརྒྱབས། བདག་གིས་དཔྱིས་ཕྱིན་པ་མི་ཤེས་མོད། རགས་ཙམ་ནི། རིག་བྱེད་མཐའ་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཕྱི་དོན་འགོག་པར་མཚུངས་ཤིང་། ནང་སེམས་ཀྱི་ངོ་བོ་མི་རྟག་པ་དང་རྟག་པར་འདོད་པ་མི་འདྲ་བས། རིག་བྱེད་མཐའ་པས་སེམས་ཀྱི་ངོ་བོ་རྟག་པར་འདོད་པ་ལ་ཅུང་ཟད་སྐྱོན་ཅན་དུ་གསུངས་སོ་སྙམ། འདི་ལ་གསལ་བར་གསུང་མཁན་ཡོད་ཚེ་བོད་ཀྱི་རིག་གཞུང་ལ་ཕན་པར་འགྱུར་རོ།
་་་་་་་ རྒྱ་གར་པ་མཁས་པ་ཆེན་པོ་རཱ་ཧུ་ལས། ཞི་བ་འཚོས་མཛད་པའི་ཚད་མའི་དེ་ཁོ་ན་བསྡུས་པའི་མཛད་པ་ལ་དཔགས་ན། ལོ་ངོ་དགུ་བརྒྱ་བཞུགས་ཞེས་བཤད་ཆོག་པ་འདུག་ཅེས་བྲིས་སོ། ་་་་་་་་་
ལོ་ངོ་དགུ་བརྒྱ་འདི། ཞི་འཚོའི་ཡབ་ཀྱི་དུས་རབས་ངོས་བཟུང་ཐུབ་ནས། སློབ་དཔོན་ཀ་མལ་ལ་ཤིའམ། པད་མའི་ངང་ཚུལ་མཇལ་དུས་དགུང་ལོ་བརྒྱད་བརྒྱ་ཡོལ་ཟིན་པའི་ཁུངས་ཐུབ་ཡོད་ན་ཡིད་འཆེས་ཐུབ། རྒྱལ་རབས་ཅིག་གི་ནང་ལ། ཞི་འཚོས། ཁྱོད་དང་རྒྱལ་༼ ཁྲི་སྲོང་ ༽ པོ་མ་སྐྱེས་བར་དུ་ངས་བསྒུགས་བསྡད་པ་ཡིན་ཞེས་པ་ཞིག་ཀྱང་ཡོད་པས། དཔྱད་པ་འདི་གལ་ཆེན་དུ་གྱུར་འདུག