གནས་ཚུལ་གཏོང་མཁན། རྨོག་རུ་བསྟན་པ།
ཕྱི་ལོ་༢༠༡༤ །༤ །༢༥ ཀུན་གཟིགས་པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༥ ཕེབས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དབུ་མའི་ལམ་གྱི་མི་མང་ལས་འགུལ་འགོ་འཛུགས་གནང་སོང་། ཐེངས་འདིའི་དབུ་མའི་ལམ་གྱི་མི་མང་ལས་འགུལ་དུ་རྒྱ་གར་དང་བལ་ཡུལ་སོགས་ཀྱི་ས་གནས་ཁག་༣༠ ལྷག་གི་སྐུ་ཚབ་མི་མང་སུམ་བརྒྱ་ལྷག་དང་། དེ་བཞིན་ལྡི་ལིར་གནས་སྡོད་མི་མང་བཅས་མཉམ་ཞུགས་བྱས་ཡོད་པ་དང་། ལས་འགུལ་པ་རྣམས་ལྡི་ལི་ས་གནས་བུད་མེད་ཀྱིས་གོ་སྒྲིག་ཞུས་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་རྗེས་རྒྱལ་ས་ལྡི་ལི་ཡི་རམ་ལེ་ལ་ཐང་ཆེན་ནས་ཇན་དར་མན་དར་བར་ཞི་བའི་གོམ་བགྲོད་སྐད་འབོད་གནང་ཡོད་པ་རེད། ཐེངས་འདིའི་ལས་འགུལ་དུ་མཉམ་ཞུགས་ཁྲོད་ཀྱི་ལོ་ན་མཐོ་ཤོས་དགུང་གྲངས་བརྒྱད་ཅུ་དང་། ཆུང་ཤོས་ནི་ལོ་གྲངས་༡༤ བར་ཡིན་པ་རེད།
ལས་འགུལ་པ་རྣམས་ཀྱིས་དབུ་མའི་ལམ་གྱི་བརྗོད་ཚིག་དང་མཐུན་པའི་འབོད་སྒྲ་གནང་ཡོད་པ་དང་། དབུ་མའི་ལམ་གྱི་མཚོན་རྟགས་ཀྱི་དར་ཆ་དང་འཕྲེད་དར་འཕྱར་ཏེ་སྐད་འབོད་ཀྱི་ལས་འགུལ་གྲུབ་རྗེས་བོད་དང་རྒྱ་གར་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་། རང་ལུས་མེར་བསྲེགས་བཏང་བ་རྣམས་ཀྱི་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་མྱ་ངན་ངག་བཅད་གུས་འདུད་ཞུས་ཡོད་པ་རེད།
དབུ་མའི་ལམ་གྱི་ལས་འགུལ་ཁང་གི་འགན་འཛིན་ལི་ཐང་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་གྱིས་དབུ་མའི་ལམ་གྱི་ལས་འགུལ་ངོ་སྤྲོད་གནང་བ་དང་། ལས་འགུལ་འདི་ནི་དབུ་མའི་ལམ་གྱི་མི་མང་གི་ལས་འགུལ་ཐེངས་དང་པོ་དང་། དགོས་འདུན་དོན་ཚན་གསུམ་གྱི་ཆེད་དུ་ལས་འགུལ་སྤེལ་ཚུལ་སོགས་གསུངས་སོང་།
དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་དབུས་རྒྱུན་ཟུར་བ་བོད་མི་མང་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ཧིན་རྡུའི་སྐད་ཡིག་སྟེང་ལས་འགུལ་ངོ་སྤྲོད་གནང་བ་དང་། དེ་བཞིན་གདན་ཞུས་རྒྱ་གར་གྱི་མཁས་དབང་དང་དཔོན་རིགས་ཁག་གིས་བོད་དོན་གཏམ་བཤད་གནང་ཡོད་འདུག
གསུང་བཤད་དང་ལས་འགུལ་གྲུབ་རྗེས་བདེན་ཚིག་སྨོན་ལམ་དབྱངས་འཐེན་གྱིས་ལས་འགུལ་མཇུག་བསྡུ་གནང་ཡོད་པ་དང་། ཕྱི་ཚེས་༢༦ ཉིན་ཇན་དར་མན་དུ་ཞི་བའི་ཟས་བཅད་ལས་འགུལ་གནང་རྒྱུ་དང་། ལྡི་ལི་རྒྱ་ནག་གི་གཞུང་ཚབ་ཁང་བརྒྱུད་སྲིད་འཛིན་ཞི་ཅིན་ཕིན་གྱི་མཚན་ཐོག་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཚད་ལྡན་སྤྲོད་དགོས་པ་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་ལྷོད་གྲོལ་གཏོང་དགོས་པའི་སྙན་ཞུ་ཞིག་ཀྱང་འབུལ་འཆར་ཡོད་འདུག ཕྱི་ཚེས་༢༧ ཉིན་གྱི་ཞོགས་པར་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སོགས་ཀྱིས་བཀའ་སློབ་གསུང་བཤད་དང་མི་མང་གིས་དྲི་བར་དྲིས་ལན་བཅས་གནང་རྒྱུ་ཡིན་པ་རེད་འདུག
དབུ་མའི་ལམ་གྱི་མི་མང་ལས་འགུལ་ངོ་སྤྲོད།
སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་གནང་ཞིང་། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བ་དང་། གཞིས་བྱེས་བོད་མི་བརྒྱ་ཆ་དགུ་བཅུ་ལྷག་གིས་གུས་བརྩིའི་རྒྱབ་སྐྱོར་ཐོབ་པའི་གཉིས་སྨན་དབུ་མའི་ལམ་ནི་ཡང་དག་པ་དང་། བདེན་པ། འཚེ་མེད་ཞི་བའི་ལམ་སྟོན་ཉག་ཅིག་ཡིན་པ་བཞིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་སྔ་ཕྱིར་རྒྱ་ནག་ཏུ་ཕེབས་ཏེ་རྒྱ་ནག་དཔོན་རིགས་ཁག་དང་ལྷན་གྲོས་མོལ་གསལ་བཤད་དང་འགྲེལ་བརྗོད་གནང་ཡོད།
ཕྱི་ལོ་༢༠༠༨ ལོར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་། དེའི་རྗེས་སུ་བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆ་སོགས་ཕུལ་ཏེ་དངོས་ཡོད་གྲོས་མོལ་གྱི་གཞི་རྩ་གསལ་འདོན་བྱས་ནའང་། རྒྱ་ནག་དཔོན་རིགས་ཚོས་དབུ་མའི་ལམ་ནི་རྣམ་པ་བསྒྱུར་བའི་རང་བཙན་དང་། ཕྱེད་རང་བཙན་རེད་ཅེས་པས་ལོག་བཤད་ཀྱིས་རྒྱ་ནག་མང་ཚོགས་མགོ་བོ་རྨོངས་སུ་བཅུག་པ་དང་། མི་རིགས་ཁ་བྲལ་གྱི་ལངས་ཕྱོགས་བཟུང་བ་ནི་བློ་ཕམ་གྱི་རང་བཞིན་ལས་མ་འདས།
རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་དང་། སྲིད་བྱུས་མཁྲེགས་བཟུང་། ཆོས་དད་རང་མོས་བཀག་འགོག བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལ་ངོ་རྒོལ་དང་། ལྷག་དོན་བོད་ལ་རང་དབང་དགོས་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་བོད་དུ་ཕེབས་སུ་འཇུག་དགོས་པའི་དགོས་འདུན་དང་ལེན་མ་བྱས་པའི་ཉེར་ལེན་གྱིས་ཕྱི་ལོ་༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོས་བོད་ས་ཡོངས་རྫོགས་སུ་ངོ་རྒོལ་དུས་ཟིང་བྱུང་བ་དང་། ཕྱིོ་ལོ་༢༠༠༩ ནས་ད་ལྟའི་བར་བོད་ནང་དུ་བོད་མི་༡༢༧ ལྷག་གིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་གནང་བ་དང་། ཤེས་ཡོན་པ་དང་། རྩོམ་པ་པོ། ཁོར་ཡུག་སྲུབ་སྐྱོབ་གནང་མཁན། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་ཉེས་མེད་བོད་མི་མང་པོ་ཞིག་འཛིན་བཟུང་བཙོན་བྱས་དང་བྱེད་བཞིན་པ་སོགས་བོད་ནང་རང་དབང་དང་། ལྷིང་འཇགས་མིན་པའི་དྲག་མནོན་གྱི་གདུག་རྩུབ་སྲིད་བྱུས་མུ་མཐུད་ལྷག་བཞིན་ཡོད།
དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གིས་གོ་སྒྲིག་འོག་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་མར་མེ་ཁྲོམ་སྐོར་དང་། གཏམ་བཤད་བགྲོ་གླེང་། མི་མང་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་བོད་དོན་བདེན་སྐྱོབ་ཡོང་བའི་འབོད་སྐུལ་དང་ཞུ་གཏུགས་ལས་འགུལ་སྤེལ་ཡོད་ལ། ད་ལམ་ཡང་དགོས་འདུན་དོན་ཚན་གསུམ་གྱི་ཆེད་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་གནས་གྲངས་སུམ་ཅུ་ལྷག་ནས་མི་མང་གི་སྐུ་ཚབ་རང་བཞིན་ལྡན་པའི་《དབུ་མའི་ལམ་གྱི་མི་མང་ལས་འགུལ་》ཞེས་འཚེ་མེད་ཞི་བའི་གོམ་བགྲོད་སྐད་འབོད་གྱི་ལས་འགུལ་དང་། ཞི་བའི་ཟས་བཅུད་ལས་འགུལ་སོགས་ཉིན་གྲངས་གསུམ་རིང་སྤེལ་བཞིན་ཡོད།
འཛམ་གླིང་རང་དབང་དང་། བརྡ་འཕྲིན་ཅན་དུ་ཁ་ཕྱོགས་བཞིན་པའི་དུས་འདིར་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཀྱང་ཨུ་ཚུགས་མཁྲེགས་བཟུང་དང་། སྒེར་གཅོད་གཉའ་མནོན། སྡིག་པ་མིག་བཙུམ་ཁོ་ན་མིན་པར་རྒྱ་ནག་མི་མང་དུང་ཕྱུར་མང་པོའི་ལ་རྒྱ་དང་མཚན་མཐོང་སྲུང་སྐྱོབ་ཀྱིས་བོད་མི་རིགས་ཀྱི་མངོན་འདོད་ལ་རྩ་འཛིན་གྱིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། སྐད་ཡིག་ལེགས་བྱང་དང་། ཁོར་ཡུག་བདག་གཅེས། གཤིས་གོམས་རྒྱུན་འཛིན་དང་གོང་འཕེལ་སོགས་ལ་མིང་དོན་མཚུངས་བའི་རང་སྐྱོང་སྤྲོད་དགོས་པ་དང་། བོད་རྒྱའི་འབྲེལ་མོལ་གྱི་འགོ་འཛུགས་གང་མགྱོགས་གནང་རྒྱུར་བསམ་ཤེས་གནང་དགོས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཁག་དང་། དྲང་བདེན་ལ་དགའ་བའི་སྲིད་གཞུང་དང་མི་མང་སོགས་ཀྱིས་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་ནན་བརྗོད་བྱེད་ཀྱི་ཡིན།
དགོས་འདུན་དོན་ཚན་གསུམ་ནི།
དང་པོ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་གཞིར་བཟུང་འཕྲལ་དུ་བོད་རྒྱ་གྲོས་མོལ་འགོ་འཛུགས་ཀྱིས་བོད་མི་ཚོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་འཛིན་སྐྱོང་གཅིག་གི་རང་སྐྱོང་ལག་བསྟར་བྱེད་དགོས་པ།
གཉིས་པ། མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་༸གོང་ས་མཆོག་དང་བོད་མི་མང་གི་དགོས་འདུན་དབུ་མའི་ལམ་གྱི་སྲིད་བྱུས་ལ་མིང་དོན་མཚུངས་པའི་རྒྱབ་སྐྱོར་བྱེད་དགོས་པ།
གསུམ་པ། ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པས་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་དགོས་པ་བཅས་ཡིན།
དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གིས་༢༠༡༤།༤།༢༥ ཉིན།