གཡུ་སྒང་དགེ་འདུན།
(༢༠༢༡།༠༥།༢༧ སྲིད་སྐྱོང་གསར་པའི་དམ་འབུལ་ལ་ཕུལ།)
༡༽ལྷག་བསམ་ཁ་བའི་འདབ་མ་རེ་རེ་དམངས་སེམས་འཛིན་མའི་ཟུངས་སུ་སིམ།།
འདྲེ་དགུའི་ལག་པ་གྲངས་མེད་བསྐྱངས་ཀྱང་བདེན་པའི་རྒྱལ་ཁའི་དར་ཆ་བསྒྲེངས།།
དྲང་བདེན་ལས་ཀྱི་རིན་ཆེན་དང་པོའི་གཟི་འོད་ནམ་མཁའི་དབྱིངས་སུ་འཕྲོས།།
མདོ་སྨད་སྣང་རའི་སྤེན་པ་ཚེ་རིང་སྲིད་སྐྱོང་གསེར་གྱི་ཁྲི་ལ་འགྱིངས།།
༢༽རང་གཞན་ཕྱོགས་རིས་དྲི་མས་མ་གོས་སྤྱི་སྙོམས་དྲང་བདེན་གཙུག་ཏུ་བཟུང་།།
ཆོལ་གསུམ་དམིགས་འབེན་གོམ་པའི་འདེགས་འཇོག་མ་ཉམས་ནུས་པ་གཅིག་ཏུ་སྤུངས།།
རྐྱེན་ངན་སྟོང་གིས་ལམ་འཕྲང་བཀག་ཀྱང་མི་འཇིགས་གོམ་པ་མདུན་དུ་སྤོ།།
རྩ་ཚིག་གསུམ་གྱི་འབོད་སྒྲའི་ཁྲོད་ནས་སྲིད་ཀྱི་ཁྲི་ན་རྣམ་པར་བརྗིད།།
༣༽མཐའ་ཀླས་རྒྱ་མཚོ་ཅི་འདྲའི་ཆེ་ཡང་ཁྱེད་ཀྱི་བློ་ཡི་ཆ་ཤས་ཙམ།།
ས་འཛིན་མཐོན་པོ་བརྗིད་ཉམས་ཆེ་ཡང་ཁྱེད་ཀྱི་གདེང་སྤོབས་ཅི་ལྟར་དཔགས།།
དབུ་ལམ་མ་ཎི་བགྲང་མཁན་མང་ཡང་ཁྱེད་བཞིན་དོན་ཁེལ་ཡོད་རེ་སྐན།།
ལྷ་མིས་མཉམ་བསྐོས་ཉེར་གཅིག་སྲིད་སྐྱོང་སྐུ་ངོ་སྤེན་པ་དུས་ཐོག་ཆར།།
༤༽དྲང་ཚུགས་མདའ་མོའི་རྣོ་ཁ་རེ་རེ་གཡོ་ཇུས་བདུད་མོའི་སྙིང་ལ་ཟུག །
དྲང་བདེན་གཏམ་གྱི་འགྲམ་ལྕག་རེ་རེས་སྡིིག་ཅན་ཝ་མོས་ཨག་སྐད་བརྒྱབ།།
དྲང་པོ་ལས་ལམ་དཀར་པོ་ཞིག་གིས་ཁྱེད་ཀྱི་རྒྱབ་མདུན་གཉིས་ནས་བསྐྱོར།།
དྲང་སྲོང་ལའང་སྐྱེངས་པ་སྟེར་བའི་དཔོན་ཁྱེད་དབུ་ལམ་རྒྱལ་སྲས་ཉིད།།
༥༽འཇམ་དཔལ་ལྷ་ཡི་ཤེས་རྟོགས་རལ་གྲིའི་རྒྱབ་རྟེན་མཆིས་པའི་སྲིད་སྐྱོང་ཞིག །
ཕྱག་ན་པདྨོའི་བརྩེ་ཆེན་ཐུགས་ཀྱི་འོ་མ་འཐུང་བའི་སྲིད་སྐྱོང་ཞིག །
གསང་བའི་བདག་པོའི་ནུས་སྟོབས་གོ་ཆས་བརྟན་སྲུང་བྱེད་པའི་སྲིད་སྐྱོང་ཞིག །
རིག་གསུམ་གཅིག་བསྡུས་བླ་མའི་ཐུགས་ཀྱི་དབུ་ལམ་སྲིད་སྐྱོང་ཁྱོད་ལས་སུ།།
༦༽གཞིས་བྱེས་བོད་མིའི་རེ་འདོད་མིག་ཟུང་གཉིས་སྨན་དབུ་མའི་ལམ་ལ་ཅེར།།
བརྩེ་ཆེན་མགོན་པོའི་ཞབས་ཟུང་པདྨོ་དམར་པོའི་རི་ལ་འཁོད་པར་རེ།།
དྲང་བདེན་ཞི་བདེའི་ལམ་ཐིག་དཀར་པོ་འཛམ་གླིང་གོ་ལར་འཐེན་ལ་སྨོན།།
རེ་སྨོན་སྟོང་གི་རྩེ་རུ་བཏེགས་པའི་དབུ་ལམ་སྲིད་སྐྱོང་རྒྱལ་གྱུར་ཅིག །
༢༠༢༡ ཟླ་ ༠༥ ཚེས་ ༢༦ ཉིན།
༥༽འཇམ་དཔལ་ལྷ་ཡི་ཤེས་རྟོགས་རལ་གྲིའི་རྒྱབ་རྟེན་མཆིས་པའི་སྲིད་སྐྱོང་ཞིག །
འདི་ཅུང་གོ་མ་བདེ།
ད་ནས་དབུ་ལམ་ཤིང་རྟའི་ཁ་ལོ་པ་ཞེས་འབོད་ན་ལེགས།
ཨ་ཁུ་འབྲོག་པ་ལགས་ཀྱིས་མཆན་འགོད་བ་ཙམ་མིན་པར་སྐྱོན་སེལ་གནང་བ་ཐུགས་རྗེ་ཆེ།
སྔ་མོའི་དཔེ་ཆའི་ནང་གི་རྒྱལ་སྲས་ཀྱི་ངོ་བོ་དང་དེང་གི་ཁྱེད་ཀྱི་རྒྱ་སྲས་གཉིས་ཀྱི་ངོ་བོ་གཉིས་ཡིག་འབྲུ་དང་དག་ཆ་གཅིག་མཚུངས་ལས་དོན་གཅིག་མཚུངས་ཡིན་ལེ་མི་གདའ། གལ་སྲིད་གཅིག་ཏུ་ངོ་ཞེས་ན་ནི་ངས་ནི་ཁྱེད་ཀྱི་རྒྱལ་སྲས་ཀྱི་དོན་རྟོགས་ཨེ་ཡོད་བསམ་གདའ།
ག་ལེ་ག་ལེ་གནང་དང་། གཟིགས་ཀྱི་གཟིགས་ཀྱི་གནང་དང་།
ལོ་གཅིག་ལོ་གཉིས་མ་རེད། ལོ་ལྔ་བརྡར་རྒྱུའི་དུས་སྐབས་ཡོད།།
ཕོ་རོགས་ཕྲུག་གུའི་མདོག་དཀར་། བསྟོད་པས་མཇུག་ནག་འགྱོད་གནོང་སྲིད་དོ།། ཅེས་པ་དཔེ་རུ་ལེན་ནོ།།
དབུ་ལམ་གྱི་རྒྱལ་སྲས་སོ་མི་ཤེས་གང་ལྟར་སྲིད་སྐྱོང་ལ་ཁེལ་བར་བཀྲ་ཤིས་བདེ་ལེགས་ཡོད། ལས་དོན་ཚང་མ་ལ་ཚང་མས་ཧུར་ཐག་གི་འབད་རྒྱུ་ཧ་ཅང་གི་གལ་ཆེ། ལས་དོན་ལ་འགོག་རྐྱེན་བཟོ་བ་སྒེར་ལ་གྱོང་ཁེ་གང་ཡང་མེད་གཞུང་ལ་གནོད་པ་ཡོད་མེད་བཤད་མི་དགོས།