འདི་ལོའི་ཕྱི་ཟླ ༣ པའི་ཚེས ༡༦ ནས་ཁ་སང་བར་བོད་ནང་དུ་གྲྭ་བཙུན་ ༩ དང་མི་སྐྱ་༢ བཅས་བོད་མི་ ༡༡ གིས་བོད་ཀྱི་རང་དབང་ཆེད་གཅེས་པའི་ཚེ་སྲོག་མེ་ལ་སྒྲོན་ཡོད། རང་དབང་ནི་བདེ་སྐྱིད་ཐམས་ཅད་ཀྱི་གཞི་རྟེན་ཡིན་པ་ལྟར། ཁོང་རྣམ་པ་ཚོས་དངོས་ཡོད་གནས་ཚུལ་དང་མཐུན་པའི་བོད་ཀྱི་རང་དབང་རྩོད་སྒྲུབ་བྱ་རྒྱུའི་མེར་སྲེག་གི་ཆོད་སེམས་བརྟན་པོ་དེས། ད་ལྟའི་བོད་ནང་རྒྱ་ཕྱོགས་ནས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་རྣམས་རྦད་དེ་ནོར་འཁྲུལ་ཡིན་པ་དང་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་མགྲིན་ཚབ་བྱས་ཏེ་བོད་ཀྱི་ད་ལྟའི་དཀའ་ངལ་རྣམས་གསལ་བཤད་བྱས་་པ་དྲང་བདེན་ཚད་ཐུབ་ཡིན་པ་ར་སྤྲོད་བྱས་ཡོད། རང་དབང་བདེན་དོན་གྱི་ཆེད་དུ་ཚད་མེད་པའི་བློས་གཏོང་འདི་འདྲ་གནང་བའི་རིན་ཐང་ལ་རྒྱ་ནག་གཞུང་གིས་དུས་ལྟར་བསམ་ཤེས་བྱེད་དགོས་པ་ནི་གནད་དོན་གལ་ཆེན་ཞིག་ཡིན། ཁོང་རྣམས་ཀྱི་བརྒྱ་ཆ་དགུ་བཅུ་གོ་དགུས་ཆོས་དད་རང་དབང་། རྩོམ་འབྲི་རང་དབང་། འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་སོགས་ཀྱི་འབོད་སྒྲ་བསྒྲགས་འདུག་པས། ཁོང་རྣམ་པ་ཚོའི་ཚེ་སྲོག་གིས་རྗེན་པར་རེ་འདོད་བྱས་པའི་དོན་དངོས་ཀྱང་། ༧སྐུ་ཚབ་རྣམ་གཉིས་ཀྱིས་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ནས་སྔ་ཕྱིར་སྤྲད་པའི་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར༽ དང་དེའི༼ འགྲེལ་བརྗོད༽་ཀྱི་དགོངས་དོན་དང་ཡོངས་སུ་མཐུན་པ་དེ་རེད། བོད་གཞུང་མང་གཉིས་ཀྱིས་ཚད་མཐོའི་མང་མོས་ཀྱི་ལམ་ནས་ཁ་ཕྲལ་གྱི་ལམ་ཁ་འདེམས་ཀྱི་མེད་པ་དང་། བོད་མིའི་མངོན་འདོད་ཡིག་ཐོག་ནས་གསལ་བཟོ་གནང་བའི་ལོ་རྒྱུས་ལྡན་པའི་བྱུང་རིམ་དེ་དག་གི་སྐབས་སུ་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ཁྲིམས་དང་ཆབ་སྲིད་ཆོད་སེམས་ཀྱི་གཞི་རྟེན་གང་ཡང་མ་ལྡན་པ་ལྟར། ད་ལྟའི་ཆར་༼བསམ་འཆར་༽ཐད་ཀྱི་ཡ་ལན་རྣམས་གནས་སྟངས་དེ་ག་རང་དུ་བསྡད་ཡོད་ཁར། གཅེས་པའི་ཚེ་སྲོག་དེ་དག་གིས་གང་ཞིག་བརྡ་སྤྲད་ཡོད་མེད་ལ་ཉན་འཇོག་གང་ཡང་མ་བྱས་པ་ནི་སྲིད་དབང་སྒེར་གཅོད་པའི་གཞུང་ཞིག་གི་བྱ་སྤྱོད་ངོ་མ་དེ་ཡིན། ང་ཚོས་བརྒྱུད་ལམ་འདི་དག་ནས་ནན་སྐུལ་བྱེད་འདོད་པ་ཞིག་ནི། རང་དབང་གི་ཆེད་དུ་ཚེ་སྲོག་བློས་བཏང་བའི་བོད་མི་དེ་དག་གི་མངོན་འདོད་བཞིན། ཚུལ་མཐུན་མིན་པའི་དྲག་སྤྱོད་མཚམས་འཇོག་ཡོང་བ་དང་། ད་ལྟའི་ཆར་བོད་ཀྱི་ས་ཁུལ་རྔ་བ་དང་དཀར་མཛེས་སོགས་སུ་དམིགས་བསལ་དམ་བསྒྲགས་སུན་བཙེར་གྱི་དྲག་སྤྱོད་ལས་རིགས་ཕྱིར་འཐེན་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ལ། མདོ་དོན་རྒྱ་ནག་གི་བརྟན་བརླིང་དང་བོད་ཀྱི་རང་དབང་གི་ཆེད་དུ་གང་མགྱོགས་རྒྱ་གཞུང་གིས་ཞིབ་འཇུག་ཡུན་རིང་གནང་བའི་ང་ཚོའི་གཞུང་ཕྱོགས་ནས་སྤྲད་པའི་༼བསམ་འཆར་༽ ཡིག་ཆ་དེ་བཞིན་གྲོས་མོལ་གྱི་མ་གདན་དུ་བཟུང་ནས་མདུན་བསྐྱོད་བྱེད་རྒྱུར་སྐུལ་མ་ཞུ་རྒྱུ་ཡིན་ལ། གལ་སྲིད་རྒྱ་བོད་གཉིས་ཕན་གྱི་ལམ་བུ་འདིར་བསྐྱོད་ཀྱི་ཡོད་པ་དང་བསྐྱོད་འདུན་གསལ་བཏོན་བྱས་པ་ཡིན་ན། ད་ལྟའི་བོད་ནང་འབྱུང་བཞིན་པའི་མེར་སྲེག་གི་ལས་དོན་འདི་བཞིན་འབྱུང་མི་སྲིད་པ་དང་། མཚམས་ཆད་ཐུབ་པ་ཚིག་ཐག་བཅད་ནས་སྨྲ་ཐུབ།
དེ་དང་མཉམ་ཏུ་ང་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་ཁ་ཚ་དགོས་གཏུག་གིས་ཉམས་ལེན་གནང་དགོས་པའི་གཉིས་ཕན་ལམ་གྱི་ལས་རིམ་ཁ་ཤས་འབོད་སྐུལ་ཞུ་རྒྱུ་ཡིན།
༡ རྔ་བ་ཀིརྟི་དགོན་པ་དང་ཉ་མཚོ་དགོན་པའི་གཙོས་བོད་ཀྱི་དགོན་སྡེ་ཁག་ཏུ་ཆོས་ལུགས་ཐད་ཀྱི་ནོར་འཁྲུལ་སྲིད་བྱུས་རྒྱལ་གཅེས་ཆོས་གཅེས་ཟེར་བ་དང་། ཡང་སྲིད་དོ་དམ་བྱེད་ཕྱོགས་ཡིག་ཆ་ཨང ༥ ཟེར་བ་སོགས་ཀྱི་དྲག་ཇུས་མྱུར་ཏུ་ཕྱིར་འཐེན་གྱིས། གྲྭ་བཙུན་མང་ལ་གྲོས་བསྡུར་གྱི་ཐབས་ལམ་བརྒྱུད་དེ་ཁོང་ཚོའི་མངོན་འདོད་གང་ཡིན་མྱུར་ཏུ་ལག་ལེན་བསྟར་རྒྱུ།
༢ མེར་སྲེག་རིམ་བསྟུད་དུ་བྱུང་སའི་རྔ་བ་དང་དཀར་མཛེས་བོད་མི་ཚོའི་བསམ་འདུན་ལ་རྒྱ་ནག་གཞུང་གི་སྲིད་བློན་ཝུན་ཅཱ་པའོ་འམ་ཆེས་མཐོའི་དབུ་ཁྲིད་ཅིག་ཕེབས་ནས་གསན་ཞིབ་གནང་རྒྱུ་དང་། སྐབས་དེར་རྒྱལ་སྤྱིའི་རྟོག་ཞིབ་སྡེ་ཚན་ཞིག་གམ་ཡང་ན་གསར་འགོད་ལྷན་ཚོགས་ཤིག་དཔང་པོར་གདན་འདྲེན་ཞུས་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱིས་འདོད་པ་ཁེངས་ཀྱི་ཡོད་མེད་ཀྱི་གནས་སྟངས་ར་སྤྲོད་བྱ་དགོས།
༣ ཞིང་གཤེགས་བོད་ ༡༡ ཀྱིས་མཚོན་བོད་ཀྱི་བདེན་དོན་ཆེད་རང་སྲོག་བློས་བཏང་བ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་ཁོང་རྣམས་ཀྱི་ཞལ་ཆེམས་མངོན་གྱུར་ཡོང་ཕྱིར་ང་ཚོའི་ངོས་ནས་ཞུ་སྒོ་གང་ཡོང་ཞུ་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་གཞུང་དང་ཡོ་རོབ་གྲོས་ཚོགས། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་རྣམས་ལའང་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ཐད་སྔར་ལས་རྒྱབ་སྐྱོར་ཤུགས་ཆེར་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན།
༤ ཉེ་འཆར་ཨ་རིའི་ཨ་ཝ་ཌི་གཙུག་ལག་སློབ་ཐོན་པ་རྒྱ་རིགས་སྐུ་ཞབས་ཡང་ཅུན་རན་གྱིས་སྣེ་ཁྲིད་པའི་རྒྱ་རིགས་ཤེས་ཡོན་ཅན་དང་རྩོམ་པ་པོ ༢༠༠ ལྷག་གིས་ས་རྟགས་བསྡུ་རུབ་ཀྱིས་བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གི་སྲིད་བྱུས་ཡོངས་སུ་ནོར་འཁྲུལ་ཡིན་པའི་གནས་སྟངས་གསལ་འདོན་གནང་བ་དེ་དང་། དེ་བཞིན་འཇར་མན་དུ་རྟེན་གཞི་བྱས་པའི་རྒྱ་ནག་དམངས་གཙོ་སྤྱི་མཐུན་ཚོགས་པ་དང། ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་མང་གཙོ་ཚོགས་པ། ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་སྤྱི་ཚོགས་མང་གཙོ་ཚོགས་པ་བཅས་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་བབ་ཐད་ས་རྟགས་འཁོད་པའི་ཞུ་སྙན་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིའི་སྲིད་གཞུང། དེ་བཞིན་ཡུ་རོབ་སྤྱི་མཐུན་ཚོགས་པ་བཅས་ལ་འབུལ་འཆར་ཡོད་འདུག་པ་དེ་ལ་བསྔགས་བརྗོད་ཞུ་རྒྱུ་དང་། ཁོང་ཚོའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཉམས་ལེན་གནང་ཕྱོགས་དེ་དག་གིས་རྐྱེན་པས་རྒྱ་ནག་ནང་མང་གཙོའི་ཚ་རླབས་འཕྱུར་རྒྱུ་ནི་གདོད་མི་ཟ་ཞིང་། རྒྱ་བོད་གཉིས་ཀྱི་ཕུགས་རྒྱང་རིང་པོའི་མདུན་ལམ་ལ་བསམ་ཞིབ་གནང་བར་ང་ཚོའི་ངོས་ནས་རྒྱབ་སྐྱོར་གང་ཡོང་ཞུ་རྒྱུ་ཡིན།།
དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས། ༢༠༡༡། ༡༡། ༤། ཉིན།
ད་གཞི་ནས་ང་ཚོའི་དབུས་དབུ་མའི་ལམ་མི་མང་ལས་འགུལ་སླེབས་བྱུང། གསར་འགོད་གསལ་བསྒྲགས་ཡག་པོ་ཞིག་གནང་འདུག ས་གནས་མི་མང་དང་མཉམ་འབྲེལ་གྱིས་ལས་གཞི་འགའ་རེ་བང་སྒྲིག་ན་བཟང་གི
མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ། འདི་ནི་ང་ཚོའི་དམ་བཅའ་དང་ལས་འགུལ་གྱི་དམིགས་ཡུལ་ཡིན། འོས་འགན་ཡིན།
གསར་འགོད་ལྷན་ཚོགས་དེ་བོད་རྩ་དོན་གྱི་ལས་འགུལ་གྲས་ལ་བརྩི་ཆོག་ན་ལས་སླ་པོ་ཞེ་དྲག་རེད་འདུག མ་རྩ་དབུ་མའི་ལམ་གྱི་ལས་འགུལ་ངོ་མ་ནི་རྒྱ་གཞུང་ལ་འབོད་བསྐུལ་བྱེད་རྒྱུ་དེ་ཁོ་ན་རེད་ཟེར་བཞིན་ཡོད་ལ་དེ་འདྲ་བོ་ཞིག་ངོ་མ་རེད་འདུག
གསལ་བསྒྲགས་ལ་ནོར་བཅོས་ཞུ་རྒྱུ་ཞིག་ལ། དེའི་ནང་དུ། ཞིང་གཤེགས་བོད་ ༡༡ ཀྱིས་མཚོན་བོད་ཀྱི་བདེན་དོན་ཆེད་རང་སྲོག་བློས་བཏང་བ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་ཁོང་རྣམས་ཀྱི་ཞལ་ཆེམས་མངོན་གྱུར་ཡོང་ཕྱིར་ང་ཚོའི་ངོས་ནས་ཞུ་སྒོ་གང་ཡོང་ཞུ་རྒྱུ་དང་། ཞེས་འཁོད་འདུག་པས། སྐུ་ལུས་ལ་མེ་བསྒྲོན་མཁན་བཅུ་གཅིག་བྱུང་ཡོད་ཀྱང་ཞིང་ལ་གཤེགས་མཁན་ནི་བཅུ་གཅིག་མ་རེད་ཅེས་གསལ་བཤད་ཀྱི་ཚུལ་དུ་ཡིན།
I am 100% support for Middle Path Policy. If there is any from my part to do, please let me know. I am more than happy to try. Thank You