གནམ་གྱི་བཀའ་ལུང་འདྲ་བ་དབུ་མའི་ལམ།།
བརྒྱུད་པ་ཟམ་མི་འཆད་པ་དབུ་མའི་ལམ།།
དད་པ་ཅན་ལ་བྱིན་ཅན་དབུ་མའི་ལམ།།
བྱང་སེམས་རྣམས་ཀྱི་ཉམས་ལེན་དབུ་མའི་ལམ།།
གཞུང་ཞབས་པ་ཡི་ཐུགས་དམ་དབུ་མའི་ལམ།།
བྱིས་པ་རྣམས་ཀྱི་བསླབ་གཞི་དབུ་མའི་ལམ།།
མཁས་པ་རྣམས་ཀྱི་ཁ་ལྕེ་དབུ་མའི་ལམ།།
མཁས་བླུན་ཀུན་པོའི་ཁ་འདོན་དབུ་མའི་ལམ།།
སྲིད་དོན་པ་ཡི་ཁ་ན་དབུ་མའི་ལམ།།
ཆོས་དད་པ་ཡི་གཙུག་ན་དབུ་མའི་ལམ།།
སྤོ་སྤོ་རྨོ་རྨོའི་རྣ་ན་དབུ་མའི་ལམ།།
གྲོང་གི་ཁྲོམ་སྐོར་ཕྱག་ན་དབུ་མའི་ལམ།།
རྒྱ་མི་ཚང་མ་དགའ་ས་དབུ་མའི་ལམ།།
ཁ་བྲལ་འགྲོ་དགོས་མེད་པ་དབུ་མའི་ལམ།།
དགའ་ཡང་ཡ་བྱེད་མི་དགོས་དབུ་མའི་ལམ།།
བསྐྱུར་ནས་བཞག་ཀྱང་ཉེན་ཆུང་དབུ་མའི་ལམ།།
བརྩད་ན་རྩོད་རྒྱུ་ཡོད་པ་དབུ་མའི་ལམ།།
བརྩད་ནས་ཚར་རྒྱུ་མེད་པ་དབུ་མའི་ལམ།།
བརྩད་ཀྱང་གྲུབ་འབྲས་མེད་པ་དབུ་མའི་ལམ།།
གཏན་ཏུ་འགྱུར་བ་མེད་པ་དབུ་མའི་ལམ།།
ང་རང་འགྲོ་དགོས་ཡོད་དོ་དབུ་མའི་ལམ།།
རང་ལམ་རང་གིས་སྙེགས་རྒྱུ་དབུ་མའི་ལམ།།
རང་གི་ཐོབ་ཐང་འཚོལ་རྒྱུ་དབུ་མའི་ལམ།།
རང་ཐག་རང་གིས་གཅོད་རྒྱུ་དབུ་མའི་ལམ།།
ག་ལེ་ག་ལེར་ཕེབས་ཤིག་དབུ་མའི་ལམ།།
ལྷོད་ལྷོད་གནང་སྟེ་བཞུགས་རོགས་དབུ་མའི་ལམ།།
གཟིམ་འཇགས་གནང་གོ་ཨེ་གོ་དབུ་མའི་ལམ།།
གནས་སྐབས་བདེ་བར་བཞུགས་ཤིག་དབུ་མའི་ལམ།
ཚེ་འདིར་མཇལ་བ་འདི་ཙམ་དབུ་མའི་ལམ།།
ད་ནས་མཇལ་མིན་མི་ཤེས་དབུ་མའི་ལམ།།
དག་པའི་ཞིང་དུ་མཇལ་ཡོང་དབུ་མའི་ལམ།།
གཏན་ཏུ་བདེ་བར་སྨོན་ནོ་དབུ་མའི་ལམ།།
རྒན་མདའ་ཚན་པས་གསུང་པ་བདེན། དབུ་མའི་ལམ་འདི་འགྲེལ་བཤད་རིང་ཐུང་བཅོ་བརྒྱད་ཀྱིས་ནུས་མེད་དུ་བསྒྱུར་སོང་ཟེར་མཁན་ཡོང་པ་རེད། འགྲེལ་བཤད་བསྐྱོན་མཁན་ཚོས་འགྲེལ་བཤད་ཀྱི་ཚོས་གཞི་སྣ་ཚོགས་བྱུག་ནས་སྒྲིབ་སོང་ཟེར་མཁན་ཡོད་པ་རེད། དབུ་མའི་ལམ་གྱི་སྲིད་བྱུས་འདི་དང་པོར་རེ་བ་ཡོད་པ་ཞིག་ནས་ད་ཚོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མགོ་བརྒྱུས་པ་ནས། བོད་དོན་ཟེར་བ་འདི་རྒྱ་ནག་གི་ནང་སྲིད་གནད་དོན་དུ་གྱུར་ཡོད། རྒྱལ་ཁབ་སུ་ཞིག་ཡིན་ནའང་། ནང་སྲིད་ཀྱི་གནད་དོན་ལ་ཕྱིའི་ལག་པ་བརྐྱངས་ན་བཀག་འགོག་བྱེད་ཀྱི་རེད་ཟེར་མཁན་ཡོད། ད་ལྟ་ང་ཚོས་རྒྱལ་སྤྱིའི་གནོན་ཤུགས་ཤིག་གི་འོག་ནས་རྒྱ་ནག་འདི་བོད་དོན་ཐག་གཅོད་ཀྱི་ལམ་དུ་སྐུལ་བའི་ནུས་པ་དེ་ཡང་ཤོར་ཚར་བ་རེད་ཟེར་མཁན་ཡོད། དབུ་མའི་ལམ་གྱི་འགྲེལ་བཤད་པ་ཡིན་ཟེར་མཁན་ཚོ་དང་། དབུ་མའི་ལམ་གྱི་ཆབ་སྲིད་པ་ཡིན་ཟེར་མཁན་ཚོ། ད་དུང་དབུ་མའི་ལམ་མི་མང་ལས་འགུལ་ཁང་ཟེར་བ་འདི་ཚོས་འགྲེལ་བཤད་རྒྱག་གིན་ཡོད་པའི་དབུ་མའི་ལམ་དེ་མདོར་དེད་ན་དབུ་མའི་ལམ་ནུས་མེད་བཟོ་བྱེད་ཅིག་རེད་ཟེར་མཁན་གྱི་བར་བལྟས་པ་ཡིན་ན། འགྲེལ་བཤད་ཁ་ཤས་ཤིག་ནི་དགོད་བྲོ་བོ་ཡོད། བོད་བཙན་བྱོལ་གཞུང་གི་སྲིད་བྱུས་ནས་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་ཟེར་བའི་ཡར་འདེགས་དགོས་པ་ལྟ་བུའི་ཚད་དུ་ཡོད་པའི་དབུ་མའི་ལམ་འདིར་དང་པོའི་མགོ་འཛུགས་ཀྱི་དབུ་མའི་ལམ་དེས་ཡར་བསྐྱར་ལམ་སྟོན་ཅིག་བྱེད་རན་ནས་ཡོད།
དོན་ཆེན་བསྒྲུབ་པར་ངང་རྒྱུད་རིང་དགོས་ཟེར་བའི་དཔེ་ལྟར་༧གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་ནས་དགོངས་པ་རྒྱ་ཆེན་པོ་བཞེད་ནས་ཐབས་ལམ་འདི་འདེམ་པ་རེད། ཐབས་ལམ་འདིར་འཛམ་གླིང་ཐོག་གི་མཁས་པ་མང་པོས་རྒྱབ་སྐྱོར་གནང་ཡོད་ལ་བཙན་བྱོལ་བོད་གཞུང་དང་མང་ཚོགས་མང་པོ་ཞིག་ནས་ཐབས་ལམ་བཞིའི་ནང་ནས་དབུ་མའི་ལམ་འདི་འདེམས། ཐབས་ལམ་གང་འདྲ་ཞིག་ཡིན་ཡང་ལམ་སེང་གྲུབ་འབྲས་འཐོབ་མི་སྲིད། རིམ་བཞིན་རིམ་བཞིན་གྲུབ་འབྲས་ཐོན་རྒྱུ་ཡིན་པ་སྨོས་མི་དགོས། ༧རྒྱལ་བ་རིན་པོ་ཆེར་ཡིད་ཆེས་ཡོད་ན་༧རྒྱལ་བ་རིན་པོ་ཆེས་ལམ་ལོག་འཁྲིད་ཀྱི་མ་རེད། རང་ཉིད་ལ་འཇོན་ཐང་མེད་པ་ཤེས་བཞིན་དུ་གཞན་ལ་སྐྱོན་འཛུགས་ཀྱང་བྱེད་ཀྱིན་གནས་ན་དེ་ནི་བུ་གླེན་པས་ཕ་བསད་པའི་གཏམ་རྒྱུད་དང་གཅིག་པ་ཡིན། ༡༩༥༩ གོང་ང་ཚོར་གོ་ལག་ནི་ཡོད། དམག་མི་ནི་ཡོད། རང་ས་ནི་ཡོད། དེའི་དུས་མ་འཇོན་པས་ད་ལྟ་རང་ས་སྦར་མཐིལ་ཙམ་ཡང་མེད། དཔལ་འབྱོར་ནི་མེད། སྣུམ་གྱི་ཐོན་ཁུངས་ནི་མེད། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་ནི་མེད། རྩ་དོན་ཐོག་ཁྱིམ་མཚེས་རྒྱལ་ཁབ་ཚོས་རོགས་སྐྱོར་ནི་མེད། དམག་མི་ནི་མེད། གནས་སྐབས་དབུ་མའི་ལམ་དུ་བཞུགས་པའི་རྒྱུ་མཚན་གཅིག་དེ་འདྲ་རེད། ཁྱེད་རང་ལ་དབུ་མའི་ལམ་མ་ཡིན་པའི་མགྱོགས་ཚད་ཅན་གྱི་ལམ་ཞིག་ཡོད་དམ༽
མདའ་ཚན་པས་དབུ་མའི་ས་ལམ་གྱི་ཡང་འགྲེལ་འདི་ལ་གོ་རྒྱུ་ཡོད་ཀི། བདེན་པ་མང་གི།
གང་ལྟར་མདའ་ཚན་པ་ལྟ་བུ་ང་ཚོའི་བོད་ཀྱི་ཁྲོད་ཡོད་པས་ནི་ང་ཚོའི་གཟི་བརྗིད་རེད། ཐུགས་རྗེ་ཆེ། ཡག་པོ་བྲིས་འདུག
ང་ཚོས་བཙན་བྱོལ་ནས་དབུ་མའི་ལམ་དང་རང་བཙན་ཟེར་ནས་གླུ་རེ་བླངས། གླེན་པ་འགའ་རེས་སྐད་ཡག་གི་ཟེར་ནས་ངོ་བསྟོད་བྱས། བོད་ནང་དུ་རང་ལུས་ཀྱི་སྒྲོན་མེ་སྤར། གླུ་ལེན་ན་ལེན་རྒྱུ་དེ་ན་ཡོད། རང་བཙན་དང་དབུ་མའི་ལམ་ཟེར་ནས་རྩོད་མཁན་ཚོ་ལ་མདོར་དེད་ན་ཉོབ་ཀི། དངོས་གནས་ཉོབ་ཀི། ལག་ལེན་དུ་བསྟར་ན་གང་ཡིན་ཡང་དགོས་མཁོ་ཆེ། ཁ་ནས་ཕན་ཚུན་ལ་གཤེ་ནས་བསྡད་ན་དགེ་མཚན་ཅི། དེ་ལས་རང་ས་ནས་འཇོན་ཚོད་རེ་བྱས་ནས་ཁ་རོག་གེར་བསྡད་ན་ལེགས།
ངའི་མཆན་དེ་བསུབ་དོན་ཅི་ཡིན་ནམ།
རང་དབང་ཡོད་ན་དེ་གས་འཐུས། །
རང་བཙན་དགོས་ཞེས་མ་ངར་ཅིག །
དབུ་མའི་ལམ་ལ་མ་བརྩོན་པར། །
གཉིས་སྨན་དབུ་མ་ཇི་ལྟར་འོང་། །
ང་ཚོ་རང་དབང་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཞིག་ཡིན་པས་ཆ་ནས། འཐབ་རྩོད་བྱེད་ཕྱོགས་ཀྱི་ཐབ་ལམ་འདྲ་མིན་དགོས་གི་རེད། དབུ་མའི་ལམ་གྱི་ལྟ་བ་དང་རང་བཙན་གྱི་ལྟ་བ་གཉིས་ཆ་དགོས་གི་རེད། སོ་སོས་རང་དབང་གི་ལྟ་བ་རེད་གང་འདམས་ཡང་འདོད་པ་རེད། གཅིག་འདེམས་ནས་གཅིག་ལ་སྐྱོན་བརྗོད་བྱེད་དགོས་དོན་མེད་ལ་དེ་མི་བྱེད་ཀྱི་ཡང་གལ་ཆེན་པོ་ཡིན། ང་ཚོས་འཐབ་རྩོད་བྱེད་སའི་བསམ་བློ་གཏོང་སྟངས་ལ་བལྟ་དགོ་བ་རེད། ང་ཚོས་ཕྱོགས་གཅིག་ལ་བསམ་བློ་བཏང་བསྡད་ན་རྒྱ་གཞུང་གིས་བཤད་སྡད་པ་བོད་པས་རེ་བ་རྒྱག་ས་དེ་་གོང་ས་མཆོག་རེད། ཁོང་གི་རྗེས་ནས་ཚར་འགྲོ་གི་རེད་ཟེར་བ་དེ་ཡང་བདེན་པ་ཆགས་་པ་འདྲ། ང་ཚོས་བསམ་བློ་རྒྱ་ཆེན་པོ་གཏོང་དགོས་ཀྱི་རེད་བསམ་ཡོད།
དབུ་མ་མ་རེད་དབུ་མེད་རེད། མགོ་སྟོང་མི་ལ་མགོ་སྐོར་རེད། དབུ་གཏུག་བྱེད་སར་དབུ་མེད་ཀི། མགོ་རྨོང་ང་ཚོར་མགོན་མེད་ཀི
ཆོས་སྒོར་མ་འགྲིམས་ཆོས་ཀྱི་གནས་ལུགས་ཤེས།
སྲིད་སྟེགས་མ་བུད་སྲིད་ཀྱི་འཛིང་ལུགས་ཤེས།
དམ་ནི་མ་བཅས་དམ་ཚིག་བརྟན་པའི་གྲོགས།
ནད་ཀྱིས་མནན་ཡང་ངར་གྱིས་ལངས་པའི་སེམས།
སྨྱུག་མའི་མདའ་མོ་གཞུ་ལས་ཤོར་འདྲ་ཁྱོད།
མདའ་ཚན་པ་ཞེས་མཚན་འདི་གསོལ་ཡང་རིགས།
དང་པོ་ཀ་ཁ་སློབ་པའི་ཆུང་གྲོགས།
བར་དུ་ཀ་ཁ་ཁྲིད་པའི་དགེ་གྲོགས།
ཐ་མར་རྒྱལ་ཁམས་འགྲིམས་པའི་འཁྱམ་གྲོགས།
ད་ལྟ་འདི་ཕྱིའི་མཚམས་ཀྱི་ཚེ་གྲོགས།
དབུ་མའི་ཁ་ཆེམས་བཞག་ནས་མ་གཤེགས།
ད་དུང་མི་ཚེའི་བྱ་གཞག་ལུས་པས།
སྒྲོལ་མ་དཀར་མོས་སྐྱབས་རེ་གནང་འཚལ།།
ཚེ་འདིར་དངོས་གྲུབ་ཐོབ་པའི་དབུ་མའི་ལམ། །
ད་དུང་གོང་ནས་གོང་འཕེལ་དབུ་མའི་ལམ། །
སྐྱེ་བ་ཕྱི་མར་་མཇལ་ཡོང་དབུ་མའི་ལམ། །
གཏན་བདེའི་རྒྱུ་རུ་སྨོན་ནོ་དབུ་མའི་ལམ། །
འཆི་དུས་ཁ་ཆེམས་གཅིག་ཉིད་དབུ་མའི་ལམ། །
མཐའ་བཞི་བྲལ་པའི་གཉིས་ཕན་དབུ་མའི་ལམ།།
མཐའ་དག་བདེ་ལ་འཁྲིད་མཁན་དབུ་མའི་ལམ།།
མཐའ་འཁོར་གང་གིས་མི་ཤེས་དབུ་མའི་ལམ།།
མཐའ་མ་ཚང་མ་འཐོམས་པའི་དབུ་མའི་ལམ།།
མཐའ་བརྒྱད་བྲལ་པའི་གཉིས་སྨན་དབུ་མའི་ལམ།།
ཐབས་ཕྱོགས་གྱུར་སྐྲག་པའི་དབུ་མའི་ལམ།།
འཐབ་འཁྲུགས་མི་དགོས་རྒྱལ་པའི་དབུ་མའི་ལམ།།
འཐམ་ནས་གཏོད་འདོད་མེད་པས་དབུ་མའི་ལམ།།
འཐིབས་ནས་དྭངས་རྒྱུ་མེད་པའི་དབུ་མའི་ལམ།།
འཐིགས་ནས་ཚར་རྒྱུ་མེད་པའི་དབུ་མའི་ལམ།།
འཐས་ཏེ་མཉེན་རྒྱུ་མེད་པའི་དབུ་མའི་ལམ།།
འཐུས་མིའི་ཉི་མ་གཏོང་ས་དབུ་མའི་ལམ།།
དང་པོ་གཟི་བརྗིད་ཆེ་བའི་དབུ་མའི་ལམ།
བར་དུ་སུས་ཀྱང་མི་ཤེས་དབུ་མའི་ལམ།
ཐ་མ་གྲུབ་འབྲས་མེད་པའི་དབུ་མའི་ལམ།
སྐྱ་སེར་སུས་ཀྱང་མི་ཤེས་དབུ་མའི་ལམ།
རང་གིས་ཅི་ཡང་མི་མཇོན་པའམ་བྱེད་མི་ཐུབ་པའི་མི་བུ་དག་གི་ཁ་ནང་ན་འདི་དང་འདི་ལྟ་བུའི་དགག་ཚིགས་མང་མོད་འདི་ཡང་ཆོས་ཉིད་ཅིག་ལས་མ་འདས། གང་ལྟར་དབུ་མའི་ལམ་ལ་ནུས་པ་ཡོད་ན་ཆོག་སྟེ་མེད་ཀྱང་ཆོག རང་ཉིད་ལ་མོས་པ་གང་ཡོད་པ་དེའི་རྗེས་སུ་འབྲང་ནས་རང་རིགས་ལ་ནུས་པ་ཐོངས་དང་དེ་ནི་ཨ་མའི་བུ་རེད། དེ་མིན་བཤད་ལ་དགའ་བའི་ཡི་གེ་བ་ཁྱེད་ཅག་གི་རྩོམ་དཟོད་འདི་འདྲ་རིག་ན་ངོ་མ་ཉོབ་གི གོ་རྒྱུ་མེད་པའི་ཉོབ་སྤྱད་ཅིག དབུ་མའི་ལམ་ལ་དེ་འདྲའི་བསམ་ཚུལ་ཞིག་ཡོད་ན་རང་བཙན་དོན་ལ་ལས་དོན་ཅིག་གི་མགོ་རྩོམ་དང་དེ་ལ་དགའ་བསུ་ལ་གཞན་ཅི་ཡང་མེད། ཁྱེད་ཅག་གིས་གང་ཡང་བྱེད་མི་ཐུབ་པ་སུས་ཀྱས་ཤེས་གསལ་རེད། དེ་ལས་ཁ་རོགས་གེར་སྡོད་དང་གཞན་གྱིས་གུག་པ་རེད་འདོད་ནི་མ་རེད།
བཤད་ན་རྫོགས་རྒྱུ་མེད་པའི་དབུ་མའི་ལམ།
བསམ་ན་འཆར་རྒྱུ་མེད་པའི་དབུ་མའི་ལམ།
སྒོམས་ན་སྐྱེ་རྒྱུ་མེད་པའི་དབུ་མའི་ལམ།
མེད་པ་གསུམ་གྱིས་རྣམ་བཞག་སྐྱེས་ནས་ཐལ།
བསྒྲིག་ན་འགྲིག་རྒྱུ་མེད་པའི་དབུ་མའི་ལམ།
རྩོད་ན་འཛིང་རྒྱུ་མེད་པའི་དབུ་མའི་ལམ།
འཐབ་ན་རྒྱལ་གྱུར་མེད་པའི་དབུ་མའི་ལམ།
མེད་པ་གསུམ་གྱིས་རྒྱལ་འཕམ་སྐྱེས་ནས་ཐལ།
སློངས་ན་སྦྱིན་རྒྱུ་མེད་པའི་དབུ་མའི་ལམ།
སྤྲད་ན་གནང་རྒྱུ་མེད་པའི་དབུ་མའི་ལམ།
ལེན་ན་འཐོབ་རྒྱུ་མེད་པའི་དབུ་མའི་ལམ།
མེད་པ་གསུམ་གྱིས་བཏང་ལེན་སྐྱེས་ནས་ཐལ།
དགྲ་ལ་སྡང་་རྒྱུ་མེད་པའི་དབུ་མའི་ལམ།
གཉེན་ལ་ཆགས་རྒྱུ་མེད་པའི་དབུ་མའི་ལམ།
ཀུན་ལ་ཞེན་འཁོན་མེད་པའི་དབུ་མའི་ལམ།
མེད་པ་གསུམ་གྱིས་སྙོམ་ལས་སྐྱེས་ནས་ཐལ།
དབུ་མའི་ལམ་ལ་ཟུར་ཟ་བྱེད་སྟངས་འདི།
ཐམས་ཅད་མཁྱེན་པར་ཟུར་མདའ་འཕེན་ཚུལ་ཞིག
གལ་ཏེ་མིན་ན་འདི་ལྟར་དམའ་འབེབས་ཤིག
ཁོག་ལ་ཤར་ཡང་ཁ ནས་ཇི་ལྟར་འཐོན།
དེ་ཡང་ལོས་ཡིན་དེང་སང་སྙིགས་མའི་དུས།
བྱིས་པ་ཐམས་ཅད་རང་ཉིད་མཁས་པར་རློམ།
རློམ་པའི་ལྕེ་ཡིས་ཅ་ཅོ་ཅི་ཡང་སྒྲོག
གྲོགས་པོ་ལགས། ད་དུང་བདེ་མོ་མ་གསུང་། ང་མིག་ཆུ་འཐོར་སོང་།
༄༅། ། དབུ་མའི་ལམ་འདི་སྔོན་ལས་རེད། ། ན་མོ་གུ་རུ། མི་རབས་དུ་མར་མཁས་པ་ཟམ་མ་ཆད། །ཆོས་དང་རིག་གནས་ལོ་རྒྱུས་ཐམས་ཅད་ཤེས། །མདའ་ཚན་དཔའ་བོའི་ཁ་ཆེམས་ངར་སྒྲ་ཡིས། །ལྷག་བསམ་ཡིད་ཀྱི་རྒྱ་མཚོ་གནམ་དུ་འཕྱོ། །དྲ་ཐོག་མི་ཚེ་གཏོང་ལ་མི་དགའ་ཞིང་། །བདེན་རྫུན་རྩོད་གླེང་སྨྲ་ལ་ཡིད་སྐྱོ་་ཡང་། །གྲོགས་དང་ཚེ་འདིར་གྱེས་ཕྱག་བྱེད་སྲིད་ན། །ཐ་མའི་ཚིག་གསུམ་མ་གླེང་ཐབས་མེད་རེད། །ཁྱོད་ནི་ཕྱི་གླིང་ཡུལ་ནས་ཕྱིར་ལོག་དཀའ། །ང་ནི་རྒྱ་མཐའ་འདི་ནས་འགྲོ་སྡོད་དཀའ། །ངེད་གཉིས་རྨི་མལ་ཞིང་ནས་མཇལ་ཐུབ་དཀའ། །གཏམ་འདི་ཐ་མར་འགྱུར་རམ་ཐེ་ཚོམ་ཟ། །ལས་དབང་བཙན་པོ་འདི་ནི་ལྡོག་ཐབས་དཀའ། །སྲིད་དོན་ཕྱོགས་ལ་མ་འཇུག་སྐུ་ཚེ་རིང་། །རང་ཐོབ་བྱ་བ་རིག་གནས་དར་སྤེལ་རེད། །དབུ་མའི་ལམ་ལ་རེ་དོགས་ཆོད་པར་མཛོད། །གྲོགས་པོ་ཆབ་བྲག་ཆབ་སྲིད་དོན་གཉེར་རེད། །ཡུ་རོབ་སྐུ་ཚབ་བཀའ་ཡི་བློན་པོ་དང་། །སྐུབ་སྟེགས་གང་བདེ་ཞིག་ལ་འགྲོ་རྐྱང་རེད། །མཐོན་པོར་ངོ་འཛིན་དགོས་པ་སྔོན་གྱི་ལས། །བཀའ་བློན་སྐུ་དགྲ་དྲ་འབུ་སྐྱག་ཟན་རེད། །དྲ་འབུ་ཕལ་ཆེར་བོད་ཀྱི་མི་རིགས་རེད། །སྐུ་དྲག་གསར་བར་ངེད་གཉིས་རེ་བ་མེད། །ཚིག་མཚོན་ནང་ལ་འཁོར་ཡང་སྔོན་གྱི་ལས། །རང་བཙན་གཙང་མ་ཆོལ་གསུམ་རང་སྐྱོང་དང་། །རྒྱལ་ཁབ་གཅིག་ལ་ཁྲིམས་ལུགས་རྣམ་པ་གཉིས། །དབུ་མའི་ལམ་དང་ཁྲིམས་གཅིག་འོག་གི་བོད། །ཐ་མར་སྟོང་གཏམ་ཡལ་ཡང་སྔོན་གྱི་ལས། །དང་པོ་རང་སྐྱོངས་བྱས་ན་ཁྲིམས་འགལ་རེད། །རྒྱ་གར་ཟ་ཁང་མང་པོའི་སྒོ་བྱང་གཏོར། །ད་ལྟ་རང་བཙན་བྱས་ན་ཁྲིམས་འགལ་རེད། །རྣ་སྡུག་གཏམ་ངན་ཉན་པ་སྔོན་གྱི་ལས། །བོད་ཀྱི་རྨ་ཆེན་ཞིབ་འཇུག་ཞིབ་དྲག་ན། །མདའ་ཚན་རྡ་ལམ་ས་ལར་རྡུང་རྐྱང་རེད། །ཁེ་ན་ཋ་ནས་ཁ་ལ་རང་དབང་ཐོབ། །ཁ་བདར་ཁ་རྡུང་བྱུང་ཡང་སྔོན་གྱི་ལས། །བཙན་དབང་འོག་གི་གྲོས་མཐུན་བཅུ་བདུན་པོ། །དང་པོ་རྒྱ་ནག་ཚང་གི་གཡོ་རྒྱུ་རེད ། །བར་ཏུ་རྒྱ་ཁྱི་རྣམས་ཀྱི་ཞལ་འདོན་རེད། །ད་ལྟ་ནོར་བུར་བརྩི་བ་སྔོན་གྱི་ལས། །དང་པོ་དབུ་མའི་ལམ་ཞེས་རིན་ཐང་ཅན། །སྐུ་ཚབ་འགྲོ་ཐེངས་རེ་བཞིན་ཇེ་གསལ་རེད། །ཆ་རྐྱེན་ཆ་མཉམ་ཡོང་ན་འདོད་ཐོག་རེད། །མི་རིགས་རྩ་རྫོགས་གྱུར་ཡང་སྔོན་གྱི་ལས། །དང་པོ་དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་རེད། །བར་ཏུ་གངས་ཅན་བོད་མི་སྤྱི་ཡི་གཞུང་། །ད་ལྟ་བཙན་བྱོལ་བོད་མིའི་སྒྲིགས་འཛུག་ཙམ། །སྒྲིགས་འཛུག་སྣ་ཚོགས་བྱུང་ཡང་སྔོན་གྱི་ལས། །རང་གི་ཐོབ་ཐང་བཤད་ན་རྟག་མཐར་ལྷུང་། །ཡོད་ཚད་རྒྱ་ལ་སྦྱིན་ན་ཆད་མཐར་ལྷུང་། །མཐོ་རིམ་བཀའ་ལུང་བསྒྲུབ་ན་དབུ་མ་རེད། །འགྲེལ་བཤད་མང་ནས་ནོར་ཡང་སྔོན་གྱི་ལས། །དང་པོ་དབུ་མའི་ལམ་འདི་ནམ་མཁའ་འདྲ། །ད་ནི་དྲི་བ་རེ་བཞིན་ཇེ་ཆུང་རེད། །རྒྱ་མིས་བཙུར་ནས་ཡོང་བ་མངོན་གསལ་རེད། །འབྲོ་སའི་རྐང་ལམ་ཤོར་ཡང་སྔོན་གྱི་ལས། །དབུ་མའི་ལམ་འདིར་རྒྱབ་སྐྱོར་མ་བྱས་ན། །དམ་ཉམས་ཞིག་གི་མིང་ངན་གཡོགས་རྐྱང་རེད། །ལུགས་ཟུང་རྐུབ་སྟེགས་ཡོད་ན་ཤོར་རྐྱང་རེད། །འདམས་ཀ་བྱེད་ཐབས་དཀའ་བ་སྔོན་གྱི་ལས། །མདའ་ཚན་འུ་་གཉིས་བོད་མི་ཕྱེད་ཀ་རེད། །མི་ཚེའི་་ཕྱེད་ཀ་བོད་ལ་ཕུལ་ཡང་གྲུབ། །སུ་མ་མགུ་ཡང་ཆོས་དང་རིག་གཞུང་ཆེད། མ་ཤི་བར་ཏུ་འབད་པ་སྔོན་གྱི་ལས། །ཀྱེ་ཀྱེ་གསོན་དང་མདའ་ཚན་སྙིང་གི་གྲོགས། །ཆབ་སྲིད་ཟེར་བ་གཡོ་སྒྱུའི་འཕྲུལ་ཞིག་རེད། །བཤད་ན་མཐའ་མེད་རང་སར་འཇོག་རོགས་དང་། །ང་ཡི་ནང་གྲོས་འདི་ནས་ཁྱོད་ལ་ཞུ། །མི་ཚེ་ཡུན་ཐུང་འདི་ཡི་བྱ་བ་གཅིག །རིག་གནས་ལོ་རྒྱུས་དཔྱད་རྩོམ་ཕྱོགས་སུ་ཐོངས། །མཐོ་རིམ་ཆབ་སྲིད་འུ་གཉིས་ལས་ཀ་མིན། །བློ་ཕམ་འཁང་ར་ཆེ་ཡང་སྔོན་གྱི་ལས། །བླ་མ་མཆོག་གསུམ་འདི་ཕྱིའི་སྐྱབས་གནས་རེད། །ཏཱ་ལེའི་བླ་མ་རང་རེའི་ལྷ་སྐལ་རེད། །ན་ཡང་ཤི་ཡང་གསོལ་འདེབས་སྙིང་ནས་ཀྱིས། །དད་པ་དམ་ཚིག་མ་ལྷོད་བུ་རྒོད་པོ། །འདུས་བྱས་མི་རྟག་འཁོར་བའི་མཚན་ཉིད་རེད། །ན་རྒ་འཆི་བ་ཀུན་གྱི་བསྒྲོད་ལམ་རེད། །འཆི་བའི་སྡུག་བསྔལ་སེམས་ཀྱི་འཛིན་སྟངས་རེད། །བདེ་སྡུག་གཏོང་ལེན་མ་བརྗེད་བུ་རྒོད་པོ། །འདི་དང་ཕྱི་མའི་དོན་ཆེན་གང་སྒྲུབས་ཀྱང་། །རང་མགོ་མ་ཐོན་གྲོགས་ཀྱིས་ཕན་པ་དཀའ། །ད་ལྟ་ཉིད་ནས་འཕོ་བའི་མན་ངག་སྦྱོང་། །འཆི་ཁར་རང་དབང་དགོས་སོ་བུ་རྒོད་པོ། །ཚེ་ཡི་འཕེན་པ་རྫོགས་ཁར་མཚམས་སྦྱོར་བཟང་། །བར་དོའི་འཁྲུལ་བ་རང་སྣང་རང་ངོ་ཤེས། །ཕྱི་མར་གང་དུ་སྐྱེ་བར་བློ་གདེངས་ལྡན། །རེ་དོགས་སྙེམས་ཐག་ཆོད་དང་བུ་རྒོད་པོ། །ངེས་གཉིས་སྲོག་ཐག་བཅད་པ་གཅིག་པ་རེད། །དུས་ཚོད་ཅུང་ཟད་སྔ་ཕྱི་ཡོད་སྲིད་ན། །མར་མེ་བརྒྱ་རྩ་མ་ཎི་དུང་ཡོན་གཅིག །གྲོགས་ཀྱི་དགེ་རྩར་སྒྲུབ་པ་ཁས་ལེན་ཡིན། །ང་ཡི་དུས་གསུམ་བསག་པའི་དགེ་བའི་འབྲས། །བློ་ཡི་བླང་དེ་མདའ་ཚན་དོན་དུ་བསྔོ། །ཚེ་འདིར་སྡུག་བསྔལ་བྲལ་ཞིང་བདེ་དགས་འཚོ། །ཕྱི་མར་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག །ཅེས་པའང་མཁས་དབང་གང་གིས་བདེ་མོ་འཇོག་པའི་གླུ་ཞེས་པ་མཐོང་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་ལ་ཤེས་ཡོན་དང་ལྷག་བསམ་གྱིས་ཕྱུག་པ་གང་གི་སྐུ་ཚེའི་གནས་སྟངས་སེམས་ལ་ཤར་ནས་མིག་ཆུ་དབང་མེད་དུ་ཤོར་བ་དང་། མ་བསམ་བཞིན་དུ་དྲ་ཐོག་འདིར་ཡི་གེ་ཁ་ཤས་འབྲི་དགོས་བྱུང། ། དྲ་གྲོགས་ཡོངས་ལ་མཚམས་འདྲི་དང་་མངཔོ་གླེང་འདོད་མེད་པས་བདེ་མོར་བཞུགས་རོགས་ཞུ། །
དྲི་མེད་ལྷག་བསམ་ལགས་སུ་བཀྲིས་བདེ་ལེགས། ཤིན་ཏུ་ནས་ལེགས།
མི་མང་མགོ་བོ་རྨོངས་བྱེད་དབུ་མའི་ལམ།
གངས་ཅན་སྐྱིད་གཞུང་སྡོད་ན་དབུ་མའི་ལམ།
ལྷ་འདྲེའི་ཁའི་ལུང་བསྟན་དབུ་མའི་ལམ།
དུས་ཚོད་ཆུད་ཟོས་གཏོང་བྱེད་དབུ་མའི་ལམ།
ད་དུང་ལྔ་བཅུ་བསྒུག་ན་དབུ་མར་ཕེབས།
གཞིས་ལུས་རྫོགས་སུ་བཅུག་ན་དབུ་མར་ཕེབས།
བྱེས་འཁོད་ཡལ་བར་འདོད་ན་དབུ་མར་ཕེབས།
གངས་སྐྱིད་ཞབས་སྟེག་དགོས་ན་དབུ་མར་ཕེབས།
ཕ་ས་ཕ་ཡུལ་ལོག་ན་རང་བཙན་རྩོད།
གཞིས་ལུས་རང་རིགས་མངོན་འདོད་རང་བཙན་རྩོད།
པོ་ཏ་ལ་རུ་གདན་ན་རང་བཙན་རྩོད།
གཞིས་བྱེས་མཉམ་འཛོམ་དགོས་ན་རང་བཙན་རྩོད།
དབུ་མའི་ལམ་ལ་བདེ་མོ་འཇོག་གི་ཡོད་པ་འདྲ་བོ། འཇིག་རྟེན་ཁམས་ལ་བདེ་མོ་འཇོག་གི་ཡོད་པ་འདྲ་བོ། རང་ཉིད་བུད་འགྲོ་གི་ཡིན་ཟེར་གི་ཡོད་བ་འདྲ་བོ། དབུ་མར་སོང་ཟེར་གི་ཡོད་པ་འདྲ་བོ། ཟུར་ཟ་དང་ཁ་ཆེམས་གཉིས་འདྲེས་འདི་དངོས་གནས་ཡིད་སེམས་རྨྲེངས་ནི་ཞིག་རེད།
གང་ལྟར་དགའ་བ་ཞིག་ལ་ད་དུང་རྒན་དམ་པ་ནད་ཀྱིས་དམ་ལ་ཐོགས་ས་མ་རེད།
རྒན་ཆབ་བྲག་ཕོ་ཉས་དམ་ལ་ཐོགས་མི་ཐོགས་མྱི་ཤེས!!
མཁས་དབང་མདའ་ཚན་པ་སྐུ་ཁམས་གསལ་དྭངས་ཡིན་པ་འདྲ་བས་བློ་བདེ་བྱུང་། སླར་ཡང་ཞལ་མཇལ་ཡོང་བ་དང་། སྐུ་ཚེ་ཡུན་ཏུ་བརྟན་པར་སྨོན། །
དྲི་མེད་ལྷག་བསམ་ལགས་སོགས་ནས་ངའི་འཕྲོད་བསྟེན་ལ་སེམས་ཁུར་ཤ་ཚ་གནང་བར་ཐུགས་རྗེ་ཆེ་ཞུ། ད་ཆ་བདེ་ཐོག་ན་ཡོད་པས་ཐུགས་བདེ་བར་གནང་། ཉིད་ནས་ཀྱང་། ་་ངེས་གཉིས་སྲོག་ཐག་བཅད་པ་གཅིག་པ་རེད། །དུས་ཚོད་ཅུང་ཟད་སྔ་ཕྱི་ཡོད་སྲིད་ན། ་་ ཟེར་བའི་ཚིག་འདི་དག་ཕྱིར་འཐེན་བྱས་ཏེ་འཆི་བ་གདོང་ཟློག་བྱེད་ལ་འབོངས།
ཁྱོད་སྐུ་ཁམས་བདེ་ཐོག་ཡིན་པ་ཤེས་ནས་དགའ་ཚོར་བྱུང་། ངས་ཀྱང་འཕྲོད་རྟེན་སོགས་ལ་འབད་ངེས་ཡིན། བདེ་མོ་གྱིས།
དེ་རིང་ཕ ཡུལ་ན་རྒྱ་ལོའི་ལོ་གསར་རེད། ང་དྲ་ཐོག་ལ་ལོ་སར་ལ་ཉུག་གི་ཡོད། ད་ལོ་དགའ་ནི་ཟིག་ག བློས་ཐུབ་གྲོགས་པོ་འཆི་བདག་གི་ཁ ནང་ནས་ཐར་བ་དེ་རེད། འདི་བསམ་ན་དེ་རིང་སྦྲ་ནག་གཡག་རྙིང་དང་དྲི་མེད་ལྷག་བསམ་བཅས་དང་འགྲོགས་ནས་བདུད་རྩི་རེ་འཐུང་ནས་སྙིང་གཏམ་རེ་བཤད་ནས་ཐ་ན་གླུ་རེ་ཡང་ལེན་འདོད་ན་འདོད་གི་ཡ་་་་
མགོན་ཚེ་ལགས། ངས་ཁྱོད་ལ་ཕྱིར་དྲན་གྱི་ཆང་གླུ་ཞིག་ལེན། ཉོན་ཨ།
དག་པ་ཤེལ་རིའི་གངས་ཆུ། ཀླུ་བདུད་རྡོ་རྗེའི་ཟིལ་བ། ཆང་མ་ཡེ་ཤེས་མཁའ་འགྲོ བདུད་རྩི་སྨན་གྱི་ཕབ་རྒྱུན། དམ་ཚིག་གཙང་མས་འཐུང་ན། ངན་སོང་མྱོང་དགོས་མི་འདུག
ཕ་ཡུལ་ན་སྟག་ཤ་རའི་དུས་དེར་ཆང་གཞས་འདི་མཉམ་ལེན་གྱིས་ཆང་འཐུང་ཚུལ་དེ་རིགས་ལོས་དྲན། སྐབས་དེར་ངེད་གཉིས་རོགས་ན་ཞི་ལི་དམར་རས་ཡ་སྙིང་རྗེ་ཞིག་ཡོད་པ་དེ་དེ་རིང་གི་གཡག་རོག་ཅིག་དང་འདྲ་བའི་་གཡག་སྙིང་ལགས་མིན་ནམ། རེད་ཡ་ང་ཚོ་སླར་ཡང་མཉམ་འཛོམས་ཀྱིས་ཆང་གླུ་འདི་ཐེངས་གཅིག་ལེན་པའི་སྐལ་བ་ལྡན་པར་སྨོན། ཚང་མ་ཚེ་རིང། ནད་མེད། ཁ་དྲོ།
གླུ་དེ་ད་ལོས་དྲན། ང་ཕ་ཡུལ་ལ་ཐེངས་དང་པོར་ཕྱིན་དུས་ཀྱང་གླུ་དེ་བླངས་པ་ཡིན།
༄། གཡག་སྙིང་གི་ཟེར་བ་འདི་བཞིན་སེམས་སྐྱོ་ཡོང་བ་ཞིག་རེད། གང་ལྟར་གསོན་པོར་བསྡད་ཐུབ་པ་ལ་རྒྱལ་ཁ་ཟེར་བ་རེད། གྲོགས་པོ་ཚོ། འབྲུག་ལོ་འདི་འགྲིག་མཐུན་ཞིག་ཡོང་ནས་གཞིས་བྱས་གཉིས་ངོ་འཛོམ་པར་ཤོག
རྒན་དམ་པ་གཉིས་ཀྱི་མཉམ་དུ་གླུ་ཞིག་ལེན་ན་བསམ་མོད། ཆང་ཞིག་འཐུང་ན་བསམ་མོད། ཡུན་ཙམ་ལ་སྐྱིད་ཅིག་རྒྱག་ན་བསམ་མོད། ཡང་དམྱལ་བ་ཚང་གིས་རྒྱལ་ལོའི་ཚེ་གཅིག་དམར་ཉོག་སེ་བཏངས་དང་ད། ད་ཅི་བྱེད་དགོས་ལེ་རེད། དྲག་པོའི་ལག་ཆ་མ་གཏོགས་འཐམ་ས་མེད་པ་འདི་ཁུར་ཚང་གིས་ཅི་བྱེ་ཤེས་ཀྱི་མེད་པའི་རྟགས་རེད།
བོད་ཡུལ་གྱི་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་སྐལ་དུ་ཆང་རེ་མཆོད་ཆོག་གི་ཡ། སྡུག་བསྔལ་དང་གདོང་ཐུག་བྱུང་ཚེ་བློ་ཕམ་མི་རུང་། ཆང་ཟིག་འཐུང་ན་དཔའ་ངར་ཞིག་སྐྱེ་རྒྱུ་ཡོད། སྤོབས་པ་ཡོད་ན་བྱ་བ་གང་རྩོམ་དགོས་ཀྱང་ནུས་ཤུགས་ཆེ། བོད་ཀྱི་རིག་གཞུང་ལ་ལ་མཁས་ཤིང་ལྷག་བསམ་མཆོག་ཏུ་དཀར་བ་ཁྱོད་གསུམ་དང་ཆང་ཞིག་མཉམ་འཐུང་བྱེད་རྒྱུ་བྱུང་ན་ལོས་བཟང་། མདའ་་ཚན་སྐུ་གཟུགས་ཐུང་། སྨྲ་ར་འཐུག ཆང་ཞིག་བཞེས་ན་སྤྱན་ཁྲ་ཅེར་ཅེར། སོ་དཀར་སངས་སངས་བཞད་མོ་བཞད་གྱིན་གླུ་འདྲ་སྐྱོར་རྒྱུ་རེད། ཆབ་བྲག་ལགས་གཟུགས་སྟོབས་ཆེ། གདོང་ཤ་ཆེ། ཆང་འཐུང་ཚེ་དཀྱུས་རིང་སྤྱན་གཉིས་ཟིམ་ནས་གློ་བུར་ཐོག་བབས་ཀྱི་སྐད་འབོད་འཇིགས་ཅེ་བ་རེ་གནས་ནས། རྩོམ་འདྲ་བྲིས་ན་རིག་པའི་དཔའ་བོ་ཟེར་བ་ལོས་ཡིན་སྙམ་པའི་ཚོར་བ་སྟེར་རྒྱུ་རེད། སྦྲ་ནག་གཡག་སྙིང་རྩོམ་གཤིས་ལ་བལྟས་ན་བཤད་ཕོད་པ། རྣམ་དཔྱོད་དགེ་བ། བོད་ལ་ལྷག་བསམ་ལྡན་པ་ཞིག་ཡིན་ཐག་ཆོད་པས་ཆང་གིས་བཟི་ཚུལ་ལ་ལྟ་དགོས། ཆང་ཡག་པོ་ཧྥ་རན་སི་ན་ཡོད་པས་ཆབ་བྲག་ཕོ་ཉས་སྦྱིན་བདག་གནང་རོགས། བོད་འདྲ་བའི་ས་ཆ་ཁེ་ན་ཌ་ལ་ཡོད་པས་མགོན་པོ་པྱག་གཉིས་པའི་ལ་འགྲོ་རྒྱུ་བྱེད། སྦྲ་ནག་གཡག་སྙིང་ངེད་གཉིས་ཀྱིས་འབྲས་དང་དྷ་ལི། མར་དང་གྲོ་མ་སོགས་གང་ཐུབ་རེ་ཁུར་ནས་ཡོང་། དམག་མ་འཐབ་གོང་ལ་ལྟོ་ཆས་གྲ་འགྲིག་དགོས་པས། ངེད་ཚོའི་ལྟོ་བ་བརྒྱག་པ་དང་། དབུ་མའི་ལམ་དང ། རང་བཙན། དམག་འཐབ་དགོས་མིན། ནམ་ཞིག་ཁ་མཆུ་མུ་གེས་འཇིག་མིན་སོགས་ལ་རྩོད་པ་ཚ་ཐག་ཆོད་བྱེད་ཆོག དེ་ལྟར་མ་བྱུང་ན། མདའ་ཚན་པའི་བསྒྱུར་ཡོད་པ་དང་། ཆབ་བྲག་པ་གནས་སར་གྲགས་ཆེ་བའི་་སྒྲུང་། རྒྱལ་སྲས་ཆུང་ཆུང་ཟེར་བའི་ནང་དུ། ཆང་རྐྱལ་ཞིག་གིས། ཆང་འཐུང་བ་ནི་ངཽ་ཚ་བ་ཞིག་ཡིན་པས། ཆང་གིས་བཟི་ན་ངོ་ཚ་ཐམས་ཆད་བརྗེད་འགྲོ་བས་ཆང་བཏུང་བ་ཡིན་ཟེར་བ་ལྟར་གནང་རྒྱུ་ཡིན། ཁྱོད་རྣམས་ལ་བཀྲ་ཤིས་བདེ་ལེགས་ཡོད།
དེ་རིང་ཡང་ལྷག་དཀར་ཉིན་མོ་ཡིན། ངའི་ནང་ན་མི་ཉུང་ཙམ་ཞིག་གིས་སྨོན་ལམ་རེ་བཏོན་ནས་བོད་དང་བོད་ཀྱི་དཔའ་བོ་ཚོ་དྲན་གསོ་རེ་བྱས་ནས་ཁ་སང་དེ་རིང་གི་གནས་ཚུལ་ལ་ཡང་ལབ་གླེང་རེ་བྱེད་འདོད་ཡོད།
གྲོགས་པོ་ཚོའི་ལྷག་བསམ་དང་འཇོན་ཐང་སོགས་ལ་ཡི་རང་བསྔགས་བརྗོད་ཡོད། ཚང་མ་བོད་དོན་དང་སྤྱི་དོན་སོགས་མི་ཚེའི་རིན་ཐང་ཆེད་དུ་ཚེ་རིང་དོན་འགྲུབ།
བཀུར་འོས་ཆབ་བྲག་པར་ལྷག་དཀར་ཉིན་མོ་ལ་བཀྲ་ཤིས་བདེ་ལེགས་ཞུ། འདི་ན་རྒྱུས་མེད་ཀྱི་དྲི་བ་ཁ་ཤས་ཞུ་འདོད་འདུག ང་ལ་འདི་ལྟར་གླེང་བའི་འདོད་པ་མེད་ཀྱང་། ཁྱོད་གསུང་ལ་དགའ་བ་ཞིག་ལགས་པས། རྗེས་སུ་ལན་ཞུ་མི་དགོས་པ་དང་། མ་ཤེས་པ་ལ་གསལ་བཤད་ཕྲན་བུ་ཞིག་གནང་རོགས། ༡༽ དབུ་མའི་ལམ་རྒྱལ་བ་རིན་པོ་ཆེས་ཐོག་མར་བསྒྲགས་པ་ཡིན་ཀྱང་ཐག་གཅོད་རྒྱ་ཆེའི་མི་མང་དགོས་ཞེས་བཀའ་སློབ་གནང་པ་པ་མིན་ནམ། ཐམས་ཅད་དེའི་ནང་དུ་སོང་ཞེས་བཀའ་ནན་ཨེ་ཡོད། ༧གོ་ས་མཆོག་རྒྱབ་ལ་ཆོས་གོས་གྱོན་ཡོད་མཁན་ཞིག་གི་ངོས་ནས་དེ་ལས་བཙན་པོ་ཞིག་བཤད་ན་ཆོས་ཁྲིམས་དང་ཨེ་འགལ། མཐར་ཆོས་རྒྱུན་ལ་མཚན་དམས་མི་ཕོག་པའི་ཕྱིར་དགའ་ལྡན་ཕོ་བྲང་མཇུག་བསྡུས་པ་དང་། བགྲེས་ཡོལ་གནང་རྒྱུ་ཡང་སྟབས་མི་བདེ་བ་མང་པོ་ཞིག་ཐག་གཅོད་དགོས་པར་དགོངས་པ་མིན་ནམ། ཐག་གཅོད་མཁན་དེ་གྲྭ་བ་ཞིག་གི་ལག་ཏུ་གཏད་མེད་དོན་ཅི་རེད། ༢༽ དབུ་མའི་ལམ་༧གོང་ས་མཆོག་གི་དགོངས་པ་དངོས་གནས་ཡིན་མི་སྲིད་སྙམ། ཨུ་ཐུག་ཐབས་ཟད་ཀྱི་སྲིད་ཇུས་ཞིག་ངེས་པར་རེད། བོད་ཀྱི་ལོ་རྒྱུས་དང་། མི་རིགས་ཀྱི་བདེ་སྐྱིད། མ་འོངས་པའི་ཆོས་དང་རིག་གཞུང་སྲུང་སྐྱོབས་སོགས་ལ་གཉིས་ཕན་ཞེས་རྒྱ་ནག་འོག་ཏུ་གནས་རྐྱང་བྱས་ན་ཕན་པ་ཅི་ཡོད། རྒྱལ་བ་རིན་པོ་ཆེས་བོད་མི་རིགས་ཀྱི་ལོ་རྒྱུས་ལ་ཐུགས་ཁུར་མི་གནང་བ་ནམ་ཡང་མི་སྲིད་སྙམ། དེ་བཞིན་བོད་རྒྱ་ནག་གི་འོག་རེད་ཅེས་པའི་ལོ་རྒྱུས་ཀྱི་ནག་ཉེས་དེ་ཁོང་གིས་ཁུར་རྒྱུ་དང་། མི་ལོ་བཞི་བཅུ་ཙམ་ལ་རྩོད་པ་བྱས་པ་ཐམས་ཅད་ནོར་འཁྲུལ་ཏུ་ཞལ་བཞེས་གནང་ཨེ་སྲིད། ༣༽ དབུ་མའི་ལམ་ཞེས་པ་བོད་གཞུང་གིས་ཕལ་སྐད་ཏུ་གཉིས་ཕན་ཟེར་བ་རེད་ཅེས་ཁྱབ་བསྒྲགས་མང་པོ་གནང་མོད། དོན་ཏུ་རྒྱ་ནག་ལ་ཕན་པ་ཅི་ཞིག་ཡོད། བོད་ཕྱི་ནང་སྣོད་བཅུད་ཐམས་ཅད་རྒྱ་ནག་ལ་དབང་བཞིན་ཏུ་བོད་ལ་རང་དབང་དུམ་བུ་ཞིག་སྤྲད་ན་ཤོར་བ་ལས་ཐོབ་པ་གང་ཡང་ཨེ་ཡོད། ༤༽ རྒྱ་ནག་གི་རྩ་ཁྲིམས་འོག་གི་རང་དབང་དེ་ཅི་ལྟར་འགྲེལ། སྔར་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་རྩ་ཁྲིམས་འོག་ཏུ་གནས་པ་ཡིན་ན་ཕྱི་ལོག་གི་བོད་མི་ཚོ་ལྡོག་དྲིལ་ཁུར་ནས་འགྲོ་རྐྱང་བྱེད་པ་ལས་རང་དབང་ཅི་ལ་རྩོད། ཁྲིམས་ལུགས་གསར་བ་ཅིག་བཟོ་རྒྱུ་ཡིན་ན་དེའི་དབང་ཆ་རྒྱ་ནག་ལ་ཡོད་པ་དང་། ཆེས་མཐོ་བའི་རྩ་ཁྲིམས་ཏང་གི་རྩ་ཁྲིམས་ཡིན་པས་རང་རེས་འགྱུར་བ་ཅི་ལྟར་གཏོང་། རྒྱ་ནག་གི་ཁྲིམས་བཟོའི་བཅའ་ཁྲིམས་དོན་ཚན་༤༢་པར། ཁྲིམས་བཟོའི་དབང་ཆ་མི་དམངས་མཐུས་མི་ཚོགས་ཆེན་ལ་ཡོད་པ་ཀྱང་། རྒྱལ་ཁབ་ཀྱི་ས་ཁྱོན་མཐུས་ཚང་ཡོང་བར་ཚད་གཞི་ངེས་ཅན་ལོང་དགོས་ཞེས་དང་། ཏང་གི་རྩ་ཁྲིམས་ཟིན་ཐོའི་ནང་། ཁ་བྲལ་རིང་ལུགས་པར་ནམ་ཡང་ངཽ་རྒོལ་ཡོད། ཀྲུང་ཧྭ་གྲངས་ཉུངམི་རིགས་ཀྱི་ཁ་བྲལ་སྲིད་འཇུས་ལ་ཏང་དང་ཁྲིམས་བཟོ་ལྷན་ཚོགས་བརྒྱ་༩༩་མ་ཟིན་པར་ཐག་གཅོད་ནམ་ཡང་བྱེད་མི་ཆོག་ཅེས་བཤད་ཡོད། བོད་ལ་མཚོན་ན། ༡ཆེས་རང་བཙན་ཕྱི་ནང་ཚང་མ་བདག་དབང་སྤྲོད་པ། ༢རང་བཙན་ཙམ་ནང་སྲིད་རང་དབང་། ༣རྣམ་པ་བསྒྱུར་བའི་རང་བཙན་རྒྱལ་ཁབ་གཅིག་ལ་ཁྲིམས་ལུགས་གཉིས། སོགས་ཏང་གི་རྩ་དོན་ལ་གནོད་པའི་རིགས་གྲོས་བསྡུར་བྱེད་ས་མེད་པར་ཐག་བཅད་ཟིན་པ་ཞིག་མིན་ནམ། ༥༽དམངས་གཙོ་ཡིན་ན་ཚོགས་པ་གཅིག་གིས་ཐག་གཅོད་ལ་ལགས་སོ་ཞུས་ན་བཙན་དབང་འོག་ནས་ཁ་གྲགས་མ་ཐུབ་པའི་ཚོར་བ་ཡང་འབྱུང་སྲིད། རྒྱ་ནག་ལ་ཆ་རྐྱེན་བཤད་དགོས་ན་རང་བཙན་ཚོགས་པས་འཕེན། དབུ་མ་ཚོགས་པས་ལྷོད། དམ་ལྷོད་བར་ནས་དོན་ཞིག་འགྲུབ་པ་ལས་བརྒྱ་ཐག་གཅིག་གཅོད་བྱས་ན་གྲོས་བསྡུར་ཅིག་བྱེད་པའི་ཐོབ་ཐང་ཡང་གླེང་མ་ཐུབ་པ་མིན་ནམ། ཚོང་ཞིག་བྱེད་ན་ཡང་གོང་ཚད་ལ་སྐད་ཆ་བཤད་ས་ཡོད་པ་ཞིག་དགོས་པ་ལས། དང་པོ་ནས་ཆེས་དམའ་བའི་གོང་ལས་གཞན་མེད་ནས་ཕྱོགས་གཞན་པ་དེས་དེ་མི་དགོས་བྱས་ན་ཚར་བ་མིན་ནམ། ༦༽ ཇར་མན་གཞུངའཚབ་སྔོན་ཕྱི་སོག་དང་རྒྱ་ནག་ཕྱོགས་སུ་དོན་གཅོད་བྱེད་མྱོང་མཁན་ཞིག་གིས། བོད་ཀྱི་བཀའ་བློན་ཁྲི་བ་བློ་བཟང་སེང་གེ་ནི་ལས་བྱ་མགོ་འཇུག་ནོར་བ་འདུག་ཟེར། གང་རེད་ཅེ་ན། མ་འོངས་པའི་ལམ་ཆེན་ལ་སྐད་ཆ་དྲིས་ན་འཆར་གཞི་གང་ཡང་མེད་པ་ཞིག་དང་། རང་ཉིད་སྲིད་འཛིན་ཡིན་ནམ། དྲིལ་སྒྲགས་བློན་པོ་ཡིན། ད་དུང་སྐད་འབོད་མཁན་ཞིག་ཡིན་སྐབས་རེར་གོ་ནོར་བ་འདྲ་བོ་དང་། དོན་ཆུང་ས་ལ་མིག་དོག་ཅིང་། ཆེ་ས་ལ་མཐོང་རྒྱ་མེད་པའི་ཚོར་བ་ཞིག་བྱུང་ཟེར། དེ་ལ་དགོངས་འཆར་ག་འདྲ་ཡོད། ཚིག་དེས་རྐྱེན་བྱས་ང་ལ་ཡང་རྣམ་རྟོག་ཅིག་བྱུང་། ད་ཐེངས་རྡོར་གདན་དུ་བོད་གཞིས་བྱེས་མཉམ་འཛོམས་སྐབས་ཀྱི་གསུང་བཤད་དེར་ཉན་པས་ང་ལ་ཡང་ཚོར་བ་དེ་འདྲ་ཞིག་སྐྱེས་བྱུང་། བསྔོ་ཡིག་འདོན་རྒྱུ་དེ་དགོན་པ་ཡིན་ན་ཚོགས་ཆེན་ཞལ་ངོའི་ལས་ཀ་དང་། གཙོ་བོ་ཕྱི་དྲིལ་ཁང་གིས་ལས་ཀ་གཙོ་བོ་བྱེད་དགོས་མོད། དེ་དག་ཐམས་ཅད་གཅིག་ལྕོག་བཀའ་དྲིན་གནང་བསྩལ་བས་བཀའ་བློན་ཁྲི་བའི་ལས་འགན་གང་ཡང་མ་བྱུང་བ་ལྟ་བུ་བྱུང་། ངའི་ལྟ་བ་འདི་ནོར་འཁྲུལ་ཡིན་ཡང་སྲིད། མ་ཤེས་པར་དྲིས་པ་ཡིན། ཐག་བཅད་དེ་བགྲོ་གླེང་བྱས་པ་མིན་པས་དགོངས་འགལ་མེད་པར་ཞུ། །གཟིགས་མཁན་རྣམས་དགོངས་པ་མི་ཚོམས་པར་ཞུ། ཞུགས་ལ་འགལ་བ་ཡོད་ན་མཐོལ་ལོ་བཤགས།
ཆབ་བྲག་ཕོ་ཉ་ལགས་ལ་བཀའ་འདྲི་ཞུ་རྒྱུ། ༡༽སྤྲུལ་བསོ་བྷེའི་ཞལ་ཆེམས་སྒྲ་ཐག་ཏུ། ཐམས་ཅད་ཀྱིས་མཐུན་སྒྲིལ་ལག་སྡང་སྤྲེལ་ནས་བོད་མི་རིགས་ཟེར་བ་འདི་མ་འོངས་པར་འོད་སྟོང་འབར་བའི་གཟི་བྱིན་ཅན་གྱི་རྒྱལ་ཁབ་ཞིག་ཏུ་བསྐྲུན་ཐུབ་རྒྱུ་འདི་དཔའ་བོ་དཔའ་བོ་རྣམས་ཀྱི་ཐུགས་བཞེད་ཡིན།ཞེས་གསུང་འདུག་མོད། ཕྱིས་སུ་ཞལ་ཆེམས་ཟེར་བ་དེའི་ནང་དབུ་མའི་ལམ་གྱིས་བདེན་མཐའ་གསལ་ཐབས་ཞེས་བཅོས་དོན་ཅི་ཡིན། ༢༽བོད་ནང་གི་རྩོམ་པ་པོ་དྷཱིཿལྷ་ལྡན་གྱི་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་ཞེས་པའི་དེབ་དུ། ད་ལྟའི་བོད་མི་ཕལ་ཆེ་བ་ཞིག་ལ་གསང་བའི་གཏམ་གླེང་འདི་འདྲ་ཞིག་མཆིས་ཏེ། ་་་འུ་་ཚོས་ཞི་བའི་མཐེ་བོང་བསྟན་ཏེ་མི་ལོ་དྲུག་ཆུ་ལྷག་སོང་བ་རེད། འོན་ཀྱང་དུས་ཚོད་དེ་ཀའི་རིང་གནད་དོན་གང་ཡང་ཐག་གཅོད་ཐུབ་མེད། ད་ནི་ང་ཚོས་ཞི་བའི་འཐབ་རྩོད་བྱེད་སྟངས་གཞན་ཞིག་འཚོལ་ན་མི་དགའ་འམ་། ཟེར་མཁན་བྱུང་བཞིན་ཡོད། ཞེས་གསལ་ཡང་ཕྱི་ལོག་ནས་རྩོམ་དེབ་དེ་ངོ་སྤྲོད་བྱེད་ཚེ་རང་དབང་དང་དབུ་མའི་ལམ་གཙོ་བོར་བཤད་པའི་རྩོམ་དེབ་གསར་བ་ཞིག་ཞེས་ངོ་སྤྲོད་དགོས་དོན་ཅི་ཡིན། །༣༽ཁམས་གསེར་རྟ་དང་། དཀར་མཛེས། མགོ་ལོག་པདྨ་རྫོང་གི་སྦྱར་ཡིག་སྐྱར་པར་བདག་རང་གིས་དངོས་སུ་མཐོང་བར་་་་་བོད་ལ་རང་དབང་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་དགོས། ཞེས་འཁོད་པ་ཕྱི་ལོག་གི་གསར་འགྱུར་ཁང་གི་བརྒྱུད་ལམ་ཁག་ཏུ་རང་དབང་། བདེན་མཐའ་གསལ་ཐབས་ཞེས་བཅོས་དགོས་དོན་གང་ཡིན། ༤༽དབུ་མའི་ལམ་ནི་གོང་ས་མཆོག་གི་རླབས་ཆེ་བའི་བགྲོ་གླེང་གི་ཐབས་འཇུས་ཞིག་དགོངས་འཆར་གནང་བ་ཙམ་ལས། བྱེད་སྒོ་ཚང་བའི་ལམ་ཕྱོགས་ཞིག་དང་། བོད་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབས་ལ་ཕན་ནུས་ལྡན་པའི་ལམ་ཕྱོགས་འཐུས་ཚང་ཞིག་ཨེ་ཡིན། མ་ཟད་བཙན་བྱོལ་གཞུང་གིས་ལོ་མང་རིང་འབད་བརྩོན་བྱས་པའི་རྩ་ཁྲིམས་དང་འགལ་བའི་གནས་ཚུལ་ཡང་མི་ཉུང་པ་འདུག་མོད་ཞུ་ཕོད་པ་དང་བསྒྲོ་གླེང་གནང་ཐུབ་པ་མི་འདུག་པས། རང་ལྟ་བུ་ཡིན་ན་དགོངས་པ་ཟབ་མོ་རྟོགས་ཐུབ་པ་མི་འདུག་པས་དག་སྣང་སྦྱང་ནས་བརྩི་བཀུར་བྱེད་རྒྱུ་ཙམ་ལགས་སོ། །ཕྲན་རང་ཆབ་སྲིད་ལ་ཞུགས་མ་མྱོང་ཞིང་། ཆབ་སྲིད་ཀྱི་ཤེས་བྱ་ཞན་པ་དང་། དེ་ཙམ་དོ་སྣང་ཡང་མ་བྱུང་བས། ཆབ་སྲིད་ལ་རྒྱུས་མེད་པ་བདག་གིས་བླུན་པོའི་དྲི་བར་དགོངས་ཁྲེལ་མི་གནང་བར་ཞུ། །