མགར་རྡོར།
༡ རྒྱ་གར་དང་ཕྱི་རྒྱལ་ཁག་སོགས་ཡུལ་ལུང་གཞན་དུ་གཞིས་བརྟན་པོ་ཆགས་པའི་བླ་བྲང་ཆེ་ཁག་ཁག་དང་། ཕྱུག་བདག མཐོ་རིམ་དཔོན་རིགས་ཁག གྲོང་མི་གཞིས་ཆགས་ཁག་སོགས་ལ་བོད་དོན་བདེན་མཐའ་སེལ་ནས་བོད་དུ་ལོག་འདོད་ཆེན་པོ་ཡོད་མེད་མི་ཤེས་མོད། མེད་ནའང་འགྲིག་གི་རེད། འོན་ཀྱང་བོད་མི་རིགས་ཀྱི་འཐབ་རྩོད་བྱ་འགུལ་དབུ་མའི་ལམ་འདི ཁ་འཕྲོའི་མི་སྣ་ཁ་ཤས་ཀྱིས་འཚོ་བ་བསྐྱལ་བྱེད། དཔལ་འབྱོར་གསོག་བྱེད། དུས་ཚོད་གཏོང་བྱེད་ཙམ་དང་། ཡང་ན་ཆོས་སྒྲུབ་བྱེད་དམ། སྟོང་ཉིད་རྟོག་བྱེད། བྱམས་སྙིང་སྒོམ་བྱེད་ཙམ་དུ་འགྱུར་བཞིན་པ་འདི་ནི་ཧ་ཅང་མ་རིག་པ་ཞིག་རེད། བདག་ནི་གསར་འབྱོར་བ་ཞིག་ཡིན་པས་ཕྱིར་བོད་དུ་ལོག་པར་བྲེལ་ཤ་དོད་པོ་ཅན་ཞིག་ཡིན། དོན་ངོ་མས་བོད་དོན་བདེན་མཐའ་སེལ་འདོད་ཡོད་མཁན་ཞིག་ཡིན་ན། ད་ནི་རིག་པ་སྒྲིམ་པའི་དུས་ལ་བབ་འདུག་ཞུ་རྒྱུ་ཡིན། བོད་རྒྱལ་ཁབ་ལ་སྙིང་ནས་བློ་དཀར་མཁན་ཞིག་ཡིན་ན། ད་ནི་རེ་བ་སྟོང་པ་ཞིག་ཁུར་ནས་ཉི་མ་འཆོལ་ཐབས་ངང་འདུག་རན་མ་རེད་ཞུ་རྒྱུ་ཡིན་ནོ།། རྩོམ་ཡིག་འདིར་དབུ་མའི་ལམ་གླེང་བའི་ནང་དོན་གཙོ་བོ་ནི་འདི་ལྟར་ཡིན། དབུ་མའི་ལམ་ལ་དུས་ཡུན་ངེས་བཅད་བྱེད་པ། ཡང་ན་དུས་ཚོད་ངེས་གཏན་བཟོ་བ། ཡུན་ཚད་ངེས་བཟུང་བྱེད་པ། དུས་བཀག་བྱེད་པ་ལྟ་བུ་རེད། ཚིག་གང་བདེ་ན་དེ་ལྟར་གཏན་ལ་དབབ་པར་རིག དཔེ་བཞག་ན། དེ་རིང་སྟེ་ཉིས་སྟོང་ཉེར་གསུམ་ནས་ཉིས་སྟོང་སུམ་བཅུ་བར་ལོ་བདུན་གྱི་ནང་ཚུད་དུ་དུས་ཚོད་གཏན་ཁེལ་བྱས་ཏེ་དབུ་མའི་ལམ་གྱི་མཐའ་མའི་དུས་ཚོད་ལ་གཏན་ཁེལ་ཡོད་པར་བཟོ་དགོས་འདུག་ཞུ་རྒྱུ་དེ་ཡིན། གཏན་ཁེལ་བྱས་པའི་ལོ་དེའི་ནང་དུ་དབུ་མའི་ལམ་གྱིས་བོད་རྒྱའི་དཀའ་རྙོག་སེལ་བར་ཤུགས་རྒྱག་རོགས་གནང་། སེལ་ཐུབ་ན་དེ་ཡིན་ལ་མ་ཐུབ་ནའང་དེ་རེད།
༢ ༧གོང་ས་ཏཱ་ལའི་བླ་མ་བཅུ་བཞི་བ་མཆོག་ནི་སྔོན་མར་དབུ་མའི་ལམ་སྒོ་འབྱེད་མཁན་གྱི་ལྡེ་མིག་རེད། རྒྱུ་མཚན་དང་གནས་ལུགས་མང་པོའི་སྒང་ནས་སྒོ་ཕྱེས་པ་རེད། སྒོ་ཕྱེས་ནས་ཀྱང་དུས་རབས་ཤིག་གི་ཕྱེད་ཙམ་འགོར་སོང་། འབྲས་བུ་ཡང་ཅུང་ཙམ་རེ་ཐོབ་ཡོད་མོད། འོན་ཀྱང་དེ་ང་ཚོའི་མཐའ་མའི་དམིགས་འབེན་མིན་ནོ།། ༧གོང་ས་མཆོག་ནི་དབུ་མའི་ལམ་གྱི་རྒྱབ་རི་ནུས་ཤུགས་ཆེ་ཤོས་དེ་ཡིན། མ་ཟད་དབང་ཚད་ཀྱང་མཐོ་ཤོས་ཡིན། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་གི་དུས་ཚོད་འདིའམ། ལྷག་ཏུ་ཁོང་གི་སྐུ་ཚེའི་སྨད་ཀྱི་ལོ་ངོ་བཅོ་ལྔ་ཉི་ཤུ་འདི་དབུ་མའི་ལམ་གྱི་དམག་རྒྱག་གི་དུས་བབ་ཡོད་ན་མེད་ན་དེ་ཡིན། དེ་བས་དབུ་མའི་ལམ་གྱིས་རང་གི་ཐབས་དང་ནུས་པ་ཡོད་ཚད་བཏོན་ནས་འབྲས་བུ་བསྐྲུན་པའི་དུས་ལ་སླེབས་ཡོད། དབུ་མའི་ལམ་གྱིས་བོད་རྒྱའི་དཀའ་རྙོག་འདི་སེལ་ཐུབ་པ་དང་ཡང་ན་སེལ་མ་ཐུབ་པ་གཉིས་ཀ་གསལ་བོ་བྱེད་པའི་དུས་ཚོད་ཀྱང་ལོ་ངོ་བཅོ་ལྔ་ཉི་ཤུའི་རིང་འདི་ཁོ་ན་ཡིན། མ་ཟད་རང་བཙན་ལྟ་བུའི་ཆབ་སྲིད་འཐབ་རྩོད་ཀྱི་ལམ་ཁ་གཞན་ཞིག་སྒོ་འབྱེད་པའི་དུས་ཚོད་ཡག་ཤོས་ཀྱང་ལོ་ངོ་བཅོ་ལྔ་ཉི་ཤུ་འདི་ཡིན། མ་གཏོགས་ད་རུང་མི་མང་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ནས་འདུག་པའི་དུས་ཚོད་མ་རེད། དུས་ཚོད་དེ་ཡོལ་ཟིན། སྤྱིར་ན་མི་མང་གིས་དབུ་ལམ་ལ་རྒྱབ་སྐྱོར་ཡག་ཐག་ཆོད་རེད། དེས་འགྲིག་པར་གྱིས་ཤོག་གོ། ༧གོང་ས་མཆོག་དབུ་མའི་ལམ་སྒོ་འབྱེད་པའི་ལྡེ་མིག་ཡིན་པ་མ་ཟད་དབུ་མའི་ལམ་ལ་སྒོ་ལྕགས་རྒྱག་པའི་ནུས་པ་དང་འོས་འགན་གཅིག་ལྕོགས་སུ་ཡང་མཆིས། ལྷག་ཏུ་རང་བཙན་རྩོད་པར་སྒོ་ཆེན་འབྱེད་པའི་ལྡེ་མིག་ལྟ་བུ་ཡང་ཁོང་ཡིན་ནོ།།
༣ ད་ལྟའི་རྒྱ་ནག་གི་ཁྱོན་ཡོངས་ཀྱི་སྟོབས་ཤུགས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་ཤུགས་ཚད། བོད་པ་རང་གི་ནུས་ཚད་བཅས་ལ་བལྟས་ན། དབུ་ལམ་དང་རང་བཙན་གང་གིས་ཀྱིས་ཀྱང་བོད་དོན་བདེན་མཐའ་སེལ་ཐུབ་པའི་རེ་བ་ནི་བརྒྱ་ཆའི་ལྔ་དང་གསུམ་ཙམ་རེད། རང་བཙན་གསུམ་དང་དབུ་ལམ་ལྔ་ཙམ་རེད། ང་ཚོས་ཕར་བལྟས་ཚོད་ལ་རང་བཙན་ཧ་ཅང་ཁག་པོ་དང་དབུ་ལམ་ཅུང་ལས་སླ་བོར་མཐོང་སྲིད་མོད། དེ་ནི་རང་བཙན་བློ་གཏོང་བྱས་ཡོད་སྙམས་པའི་བོད་པ་རང་གི་བསམ་ཤེས་ཀྱིས་ལྟ་སྟངས་ཤིག་རེད་མ་གཏོགས། རྒྱ་གཞུང་གིས་དེ་ལ་ཁྱད་པར་ཆེན་པོ་བཀར་མི་སྲིད། རྒྱ་གཞུང་གིས་རང་ཉིད་ཨུ་ཐུག་ཐབས་ཟད་བྱུང་ན་མ་གཏོགས་དབུ་རང་གཉིས་གང་ཡང་སྤྲད་འདོད་མེད་པ་གསལ་བོ་རེད། འོན་ཀྱང་དབུ་ལམ་རྩོད་མཁན་རྣམས་ཀྱིས་དབུ་ལམ་གྱིས་བོད་དོན་བདེན་མཐའ་སེལ་ཐུབ་པར་ཡིད་ཆེས་བྱེད་གི་ཡོད་རེད། ཡིད་ཆེས་དེའི་ངང་ནས་ལོ་ངོ་ལྔ་བཅུ་མ་ཟིན་ཙམ་ཡང་འགྲོ་ཚར་རེད། ཆབ་སྲིད་འཐབ་རྩོད་ཅིག་ལ་མཚོན་ན། རེ་བ་ལ་མཐའ་མེད་ན་ཆོག་ཀྱང་དུས་ཚོད་ལ་ངེས་པར་དུ་མཐའ་ཡོད་དགོས་རེད། དེ་བས་བདག་གིས་དོན་ངོ་མར་དབུ་ལམ་གྱིས་བོད་དོན་བདེན་མཐའ་སེལ་ཐུབ་བམ་མི་ཐུབ་གསལ་བོར་བྱེད་པའི་གྲོས་འཆར་ཞིག་བཏོན་ནས་བོད་པའི་མཐོ་རིམ་མི་སྣ་གཙོས་བོད་འབངས་ཡོངས་ལ་སྤྱན་བསྟར་དུ་འབུལ་བསམ་པ་ཡིན་ནོ།།
༤ ཉེ་ཆར་སྲིད་སྐྱོང་གིས་འཛམ་གླིང་རྒྱལ་སྤྱིའི་སྒང་། ལོ་རྒྱུས་ཐོག་བོད་འདི་ནམ་ཡང་རྒྱ་ནག་གི་ཆ་ཤས་ཆགས་མྱོང་མི་འདུག་ཅེས་གསུང་བ་རེད། ཚིག་འདི་གསུང་བས་གསུང་མཁན་ཁོང་ལ་རེ་བ་གསར་རྙིང་གཉིས་འགོ་རྩོམ་ཐུབ་པའི་རྟེན་འབྲེལ་ཡོད་པར་བདག་གིས་སེམས་བཞིན་མཆིས། གོང་གི་ཚིག་འདིས་ཡིན་པ་ནི་དབུ་མའི་ལམ་ལ་ངར་ལྡུད་པ་ཡིན་མོད། ཞོར་དུ་རང་བཙན་རྩོད་པར་ལམ་ཁའང་ཕྱེས་ཡོད་པ་རེད། འོན་ཀྱང་ད་ལྟའི་རང་བཙན་རྩོད་ཀྱི་ཡིན་ཟེར་མཁན་ཚོའི་བསམ་བློ་ཁུར་སྟངས་ལ་བལྟས་ན། རང་བཙན་ལེན་རྒྱུ་ཟེར་ན་ཉིན་མོའི་སྐར་མ་རེད། ཁོང་ཚོར་རང་བཙན་བརྩད་ནས་གྲུབ་འབྲས་ཐོན་ཐུབ་པར་རེ་བ་དང་ཡིད་ཆེས་མི་འདུག ཆེས་མ་མཐའ་ཡང་དབུ་མ་རྩོད་མཁན་ཚོར་དབུ་ལམ་ལ་རེ་བ་དང་ཡིད་ཆེས་ཡོད་པ་ནང་བཞིན་ཞིག་དགོས་ངེས་རེད། དེ་ཙམ་ཡང་མེད་ན་རང་བཙན་རང་བཙན་ཇི་ཙམ་ལབ་ཀྱང་ཁ་སྟོང་ནང་གི་ཚིག་སྟོང་ཙམ་རེད། དེ་བས་དང་པོ་རང་བཙན་གྱི་སྟོང་གཏམ་དེ་ཕར་ལ་བཞག་ནས། དབུ་རང་གཉིས་ཀྱིས་མཉམ་དུ་དབུ་མའི་ལམ་གྱིས་བོད་དོན་བདེན་མཐའ་སེལ་ཐུབ་མིན་ལ་ལོ་བདུན་གྱི་དུས་ཚོད་ཅིག་སྤྲད་ནས་བལྟས་ན་ཧ་ཅང་བདེ་སྙམ་མོ།།
༥ དབུ་མའི་ལམ་ནི་བོད་རྒྱའི་དཀའ་རྙོག་སེལ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ཡིན་པ་ཀུན་གྱིས་མཁྱེན་གསལ་རེད། ནང་དོན་ནི། བོད་རྒྱ་གཉིས་ལ་ཁེ་གྱོང་མཉམ་གནས་བྱེད་པའི་དཀྱིལ་ལམ་ཟེར་ནས་འགྲེལ་བཞིན་ཡོད་རེད། ད་ལྟའི་བཙན་བྱོལ་བོད་གཞུང་གིས་རྒྱ་གཞུང་ལ་བོད་དོན་འཐབ་རྩོད་བྱེད་པའི་ལམ་ཡིག་ཀྱང་རེད། ༧གོང་ས་ཏཱ་ལའི་བླ་མ་ནི་ལམ་དེའི་སྲོལ་འབྱེད་པའམ་ལམ་དེར་ཐོག་མར་རེ་བ་རྒྱག་མཁན་ཁོང་རེད། དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུའི་ནང་ནས་འགོ་བརྩམས་པ་རེད། སྤྱིའི་ཆ་ནས་ལོ་དུས་དེ་ནི་འཛམ་གླིང་ཧྲིལ་བོས་ཁེ་གྱོང་མཉམ་བགོ་བྱེད་པའི་དུས་ཚོད་ཡག་ཤོས་ཤིག་ལ་ཁེལ་ཡོད་མོད། འོན་ཀྱང་རྒྱ་གཞུང་གིས་ད་ལྟའི་བར་དབུ་མའི་ལམ་གྱི་རྩ་བའི་དགོས་འདུན་ལ་རེ་བ་ཡོད་པའི་ལན་གང་ཡང་རྒྱབ་མེད། མ་ཟད་རེ་བ་མེད་པའི་བརྡ་ལན་ཤུགས་ཆེར་བསྟན་ཡོད། དེ་ལྟར་ལོ་ཡི་འཁོར་ལོ་བཅུ་ཕྲག་འགའ་འཁོར་རྗེས། ༧གོང་ས་ཏཱ་ལའི་བླ་མ་ནི་དགུང་གྲངས་གྱ་སྟོད་ལ་སོན་པའི་གནས་བརྟན་བགྲེས་སོང་ཞིག་ཏུ་གྱུར་བ་རེད་ལ་དབུ་མའི་ལམ་ཡང་བག་མར་མ་ཐོན་པའི་བུ་མོ་གོ་རྒས་མ་ཞིག་དང་འདྲ་བོ་ཆགས་པ་རེད།
༦ རྩ་བའི་ཆ་ནས་ད་ལྟའི་དབུ་མའི་ལམ་ལ་རེ་བ་བྱེད་མཁན་ཚོས་ཀྱང་དབུ་མའི་ལམ་ནི་འཆི་རྒྱུ་རྒས་རྒྱུ་མེད་པའི་ལྷ་མོ་དབྱངས་ཅན་མ་ལྟ་བུ་ནམ་ཡང་གཞོན་ཤ་དོད་སེ་ཡོད་པ་ཞིག་ལ་ངོས་བཟུང་ན་ནོར་བ་རེད། དབུ་མའི་ལམ་གྱི་དུས་ལའང་ཚེ་དང་ཚད་ཡོད་དགོས་ངེས། དུས་ལ་ཚད་མེད་ན་རང་རྒས་རོགས་རྒས་ཆགས་ནས་གྲུབ་འབྲས་ཐོན་པ་ཕར་ཟད་རང་མེད་རོགས་མེད་ཆགས་རྒྱུར་གཏན་ཁེལ་རེད། གྲུབ་འབྲས་མེད་པའི་ལས་ལ་ཨུ་ཚུགས་རྒྱག་པ་ནི་མ་གཞི་ནས་བྱེད་ཐབས་ཡག་པོ་མ་རེད། དེས་ན་འདིར་གང་བཤད་པར་བྱ་བ་ཡོད་ལབ་ན། ༧གོང་ས་ཏཱ་ལའི་བླ་མ་གཙོ་བྱས་མཐོ་རིམ་དཔོན་རིགས་ཡོངས་ཚང་འཛོམས་ཐོག་དབུ་མའི་ལམ་གྱི་ནུས་པའི་སྐོར་ལ་བསྐྱར་ཞིབ་ཅིག་དགོས་ངེས་རེད། བརྗོད་གཞི་དབུ་མའི་ལམ་གྱི་ཆེས་མཐའ་མའི་དུས་ཚོད་རྫོགས་མཚམས་དེ་གཏན་ཁེལ་དགོས་པ་འདི་རེད། གལ་ཆེ་ཤོས་མཐའ་མའི་ས་མཚམས་ཆུ་མཚམས་གསལ་བོ་བཟོས་དགོས། མ་གཏོགས་དབུ་མའི་ལམ་ནི་རེ་བ་རྐྱང་རྐྱང་བྱེད་སའི་ལྷའི་ཞིང་ཁམས་ལྟ་བུ་ཞིག་ཆགས་པ་ཡིན་ན། དངོས་ཡོད་ལ་ཕན་ཐོག་ཁག་པོ་རེད།
༧ བོད་གཞུང་ནས་དབུ་མའི་ལམ་ལ་མཐའ་མའི་དུས་ཚོད་ངེས་བཅད་བཟོ་དགོས། དཔེར་ན་དེ་རིང་ནས་བཟུང་ལོ་བདུན་རིང་གཏན་ཁེལ་བྱས་ཏེ། རྒྱ་གཞུང་གིས་དུས་བཅད་དེའི་ནང་ཚུད་དུ་དབུ་མའི་ལམ་གྱི་དགོས་འདུན་ལ་འགྲིག་མིན་གྱི་བརྡ་ལན་གསལ་བོ་ཞིག་མ་སྤྲད་ན། དུས་བཅད་རྫོགས་མཚམས་དེ་མ་ཐག་བོད་གཞུང་དམངས་གཉིས་ནས་དབུ་མའི་ལམ་རྩིས་མེད་བཏང་བ་ཡིན་པའི་གྲོས་ཆོད་སྤྱི་བསྒྲག་བྱེད་དགོས་རེད། དེ་ནས་བཟུང་བོད་གཞུང་གིས་ལམ་ཁ་གཞན་ཞིག་མི་འདམས་རང་འདམས་རེད་ཅེས་འཛམ་གླིང་རྒྱལ་སྤྱིའི་སྒང་ལ་ས་བསྒྲག་གནམ་བསྒྲག་བྱེད་དགོས་རེད། དེ་དེ་བཞིན་དུ་ལག་སྟར་ཡང་བྱེད་དགོས་ངེས་རེད། མ་གཏོགས་ཁྲེལ་གཞུང་མེད་པའི་རྒྱ་གཞུང་སྐྱག་ལང་ལ་ཤོར་ཏེ་དུས་ཚོད་མང་པོ་བརླག་ཏུ་གཏོང་འགྲོ། སྤྱིར་ན་བོད་གཞུང་གིས་དབུ་མའི་མལ་གྱིས་རྒྱ་གཞུང་ལ་དུས་ཚོད་རིང་ཙམ་སྤྲད་དེ་འབྲས་བུ་ཐུང་ཙམ་ལ་དམིགས་པ་ཡིན་མོད། རྒྱ་གཞུང་ལ་མཚོན་ན་དུས་ཚོར་ནར་འགྱང་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་ཏུ་འགྱུར་བཞིན་ཡོད།
༨ དུས་བཅད་དེ་ལ་༧གོང་ས་མཆོག་གི་མོས་མཐུན་ཧ་ཅང་གལ་ཆེན་རེད། སྲིད་སྐྱོང་ནི་བོད་གཞུང་གི་དཔོན་རིགས་མཐོ་ཤོས་ཡིན་པས་ཁོང་གིས་ལས་འཆར་དེའི་འགོ་ཁྲིད་དེ་ཆབ་སྲིད་ལངས་ཕྱོགས་གསར་བ་དེ་༧གོང་ས་མཆོག་ལ་ཐོག་མར་སྙན་གསང་འབུལ་དགོས་རེད། ཁོང་ལ་དེ་འབུལ་ཐུབ་པའི་སྤོབས་པའང་ཡོད་དགོས་ངེས། ཆབ་སྲིད་ལངས་ཕྱོགས་གསར་བ་དེ་ནི་དབུ་ལམ་གྱིས་བོད་དོན་བདེན་མཐའ་སེལ་ཐུབ་མི་ཐུབ་གསལ་བོར་བྱེད་པའི་ལམ་གཅིག་པུ་དེ་རེད། སེལ་ཐུབ་ན་རབ་རེད། གལ་སྲིད་བོད་དོན་བདེན་མཐའ་སེལ་མ་ཐུབ་ནའང་དབུ་མའི་ལམ་ལ་རེ་བ་ཡོད་མེད་གསལ་བོ་ཆགས་པ་རེད། མུ་མཐུན་ནས་དབུ་མའི་ལམ་ལ་རེ་སྟོང་འཆང་ནས་འདུག་མ་དགོས་པ་རེད། བོད་ཕྱོགས་ལ་མཚོན་ན་ཕན་ཐོགས་ཆེན་པོ་རེད། དབུ་མའི་ལམ་དེ་ཁ་གསལ་བོ་ཆགས་ན་གཉན་འཕྲང་ཆེ་བའི་དུས་ཚོད་མང་པོ་འཕྲོ་བརླག་ཏུ་གཏོང་མ་དགོས་པ་རེད། ཆབ་སྲིད་ལངས་ཕྱོགས་གསར་བ་གཞན་ཞིག་འགོ་བརྩམ་པར་སྟབས་བདེ་བཟོས་པ་རེད། ལམ་ཁ་གཞན་དེ་ནི་རེ་བ་ཡོད་ན་མེད་ན་རང་བཙན་མ་གཏོགས་འགྲོ་ས་མེད་རེད།
༩ ༧གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་རིང་འདིར་དབུ་ལམ་གྱིས་གྲུབ་འབྲས་ཐོན་ན་ཐོན་རེད་མ་གཏོགས། གལ་སྲིད་དབུ་ལམ་འདི་ཁ་གསལ་བོ་མ་ཆགས་པར་ཁོང་ཞིང་ཁམས་སུ་གཤེགས་པ་ཡིན་ན། དབུ་མ་དང་རང་བཙན་གཉིས་གདོང་ཐུག་རྒྱག་པའི་མགོ་བརྩམ་རྒྱུ་ཡིན་པ་རྗེས་དཔག་ཚད་མས་གྲུབ། དབུ་ལམ་འདི་བཙན་བྱོལ་གཞུང་དམངས་གཉིས་འཐོར་ཞིག་ཏུ་འགྲོ་བའི་རྒྱུ་རུ་འགྱུར་ངེས་གཏན་ཡིན། སྐབས་དེར་གདོང་ཐུག་འདི་འདུམ་འགྲིག་བྱེད་ཐུབ་མཁན་མི་གཅིག་ཀྱང་མེད། ཀུན་སློང་གཙང་མིན་གང་ལྟར་ཡང་། གཞུང་འཛིན་མི་སྣ་ཁ་ཤས་ཀྱིས་དབུ་ལམ་འདི་༧གོང་ས་མཆོག་གི་དགོངས་གཞི་ཡིན། ཡང་དག་པའི་ལངས་ཕྱོགས་འདི་རྒྱུན་སྐྱོངས་དགོས་གསུང་ངེས་ཡིན། འོན་ཀྱང་གཞུང་འཛིན་མི་སྣ་ཁ་ཤས་ཀྱིས་དེ་ལ་དགག་པ་རྒྱག་ངེས་གཏན་རེད། མི་མང་ཕྱོགས་གཅིག་གིས་དབུ་ལམ་ལ་རྒྱབ་སྐྱོར་བྱེད། ཕྱོགས་གཅིག་གིས་དེ་ལ་དགག་པ་རྒྱག ཕྱོགས་གཅིག་གིས་རང་བཙན་རྩོད། གཞན་དེས་དེ་ལ་དགག་པ་རྒྱག རང་བཙན་དང་དབུ་ལམ་གཉིས་ཕྱོགས་གཉིས་སུ་གྱེས་ཏེ་ལོ་ངོ་བཅོ་ལྔ་ཉི་ཤུའི་རིང་འགལ་བ་རྣོ་ངར་ཅན་དུ་གནས་ངེས། འདི་ལ་ཆབ་སྲིད་དཔྱད་བརྗོད་པ་ཚོས་བར་བརྒལ་སྲིད་གཞུང་ཟེར། ཧ་ཅང་སྐྱུག་བྲོ་བའི་ནང་འཛིང་གི་ལོ་རབས་ཤིག་ཡིན། དེའི་རིང་གསེར་ལས་ལྷག་པའི་དུས་ཚོད་དང་གོ་སྐབས་གྲངས་མེད་ཅིག་འཕྲོ་བརླག་ཏུ་གཏོང་སྲིད་པ་རེད། ཡིན་ཡང་ལོ་རྒྱུས་འདི་ལྟ་བུ་ཞིག་འབྱུང་རུང་ཡིན་ཡང་འབྱུང་ངེས་མིན་པའི་གཏན་ཚིགས་འོག དབུ་ལམ་གྱིས་འཇོན་ན་ནུས་པ་འདོན་རན་དང་མ་འཇོན་ན་གཞན་ལ་ལམ་ཁ་བསལ་བའི་དུས་ལ་བབ་ཡོད། དེ་བས་༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་དབུ་ལམ་ལ་དུས་བཅད་བཟོས་ནས་རེ་བ་ཡོད་མེད་གསལ་བོར་བྱེད་རྒྱུ་ནི་ཡང་དག་པའི་ཆབ་སྲིད་རིག་པ་ཞིག་ཡིན། རེ་བ་ཡོད་ན་ལྷ་རབ་རེད། གལ་སྲིད་མེད་ནའང་འགྲིག་གི་རེད། འཐབ་རྩོད་ཀྱི་ལམ་ཁ་གཞན་ཞིག་རྩོད་པར་ཁོང་གིས་སྐྱེལ་མ་བྱེད་གི་རེད་འདོད་དོ།།
༡༠ རང་བཙན་བརྩད་པ་ནས་བཟུང་མགྱོགས་པོར་གྲུབ་འབྲས་ཐོན་ཁག་པོ་རེད། ཅིག་བྱས་ན་ད་ཡོད་བོད་དོན་རྒྱབ་སྐྱོར་བའང་ཇེ་ཉུང་དུ་འགྲོ་སྲིད། མ་ཟད་ང་ཚོར་དཀའ་ངལ་ཆེན་པོ་དེ་འདྲའང་འཕྲད་སྲིད་པ་རེད། དེ་ནི་འགྲོ་སྟངས་ཤིག་རེད། ང་ཚོས་ཕྱོགས་ཡོངས་ནས་གདོང་ལེན་ཆེན་པོ་བྱེད་པར་གྲ་སྒྲིག་ཨང་གསར་དགོས་ངེས། རང་བཙན་ནི་ང་ཚོའི་ཆེས་ཆེ་བའི་མངོན་འདོད་ཡིན་པས་དེའི་ཆེད་དུ་སྡུག་དཀའ་ལས་ཅི་ཞིག་འཕྲད་ཀྱང་ང་ཚོས་དང་ལེན་གདོང་ལེན་གཉིས་ཀ་བྱེད་ཐུབ་དགོས། ཐུབ་ཀྱང་ངེས་པར་སེམས། སྤྱིར་ན་དབུ་མ་དང་རང་བཙན་གཉིས་ཁྱིམ་མཚེས་ཡིན། འདི་ནས་རང་བཙན་ལ་ཐག་རིང་བ་ནང་བཞིན་དབུ་ལམ་ལའང་ཐག་ཧ་ཅང་རིང་། དཔེར་ན་རང་བཙན་ལེའུ་དབར་སྟོང་གི་མཚམས་སུ་ཡོད་ན་དབུ་ལམ་ཡང་ལེའུ་དབར་དགུ་བརྒྱའི་མཚམས་ན་ཡོད་རེད། གལ་སྲིད་ང་ཚོར་དབུ་ལམ་ལེན་པའི་ནུས་པ་ཡོད་ན་རང་བཙན་ཐོབ་པའི་རེ་བའང་དེ་དང་མཉམ་དུ་ཡོད། འོན་ཀྱང་ད་རུང་དེ་གཉིས་ཀ་ང་ཚོ་དང་བར་ཐག་ཧ་ཅང་རིང་།
༡༡ རང་བཙན་བརྩད་པས་བཟང་ཕྱོགས་བཤད་ན། རང་བཙན་ཐོབ་ན་ཆེས་བླ་ན་མེད་པ་རེད། འོན་ཀྱང་སྐབས་ཐོག་རིང་མ་ཐོབ་ནའང་ཁ་ཕྱོགས་ནོར་མེད་རེད། མ་ཟད་བོད་པ་ནང་ཁུལ་གྱི་རྩོད་རྙོག་རྣམས་མེད་པར་ཆགས་ནས་བོད་འབངས་ཡོངས་ཁ་ཕྱོགས་གཅིག་ལ་རང་བཞིན་གྱིས་བསྒྲིལ་འགྲོ། འདི་ནི་ཆབ་སྲིད་འཐབ་རྩོད་ཀྱི་རྨང་རྡོ་ཆེས་བླ་ན་མེད་པ་དེ་ཡིན། ད་ལྟའི་རྒྱལ་སྤྱིའི་སྒང་གི་དབུ་ལམ་བོད་དོན་རྒྱབ་སྐྱོར་བ་ཚོས་ཀྱང་རང་བཙན་ལ་བསམ་ཤེས་བྱེད་པའི་གོ་སྐབས་ཡོད་པར་ཆགས་རེད། ང་ཚོ་རང་བཙན་རྩོད་པར་སྐྲག་སྣང་སྐྱེ་དགོས་དོན་མེད། ལྷག་ཏུ་རང་བཙན་ཐོབ་གི་མ་རེད་བསམ་ནས་དཔའ་ཞུམ་གཏན་ནས་མི་ཉན། ཐོབ་ཀྱང་མ་ཐོབ་ཀྱང་ང་ཚོས་ཐོབ་འོས་པ་ཞིག་རྩོད་ཀྱིན་ཡོད་རེད། སྤྱིར་ན་མ་གཞི་ནས་ང་ཚོས་རང་བཙན་རྩོད་འོས་པ་རེད། རྒྱུ་མཚན་བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། སྔོན་ཆད་ཡ་གླིང་དཀྱིལ་མའི་ནང་འགྲན་ཟླ་བྲལ་བའི་བཙན་རྒྱལ་གཅིག་པུ་དེ་ཡིན་པས་ཕྱིར་རོ།།
༡༢ རང་བཙན་ཇི་ལྟར་རྩོད་པའི་ཐབས་ལམ་ནི་ང་མི་གཅིག་གིས་བཤད་ཐུབ་པ་ཞིག་མ་རེད། འོན་ཀྱང་ཤེས་དགོས་ངེས་ཤིག་ནི་ང་ཚོ་བཙན་བྱོལ་ནང་ཡུན་རིང་ལྷག་ངེས་པ་དང་། ལྷག་པའི་རིང་དེར་ཡང་ང་ཚོ་ཆེ་མཐོང་དང་གཟི་བརྗིད་ལྡན་པའི་ངང་གནས་ཐུབ་པར་བྱ་དགོས་པ་ནི་རྩ་བའི་ཆ་རྐྱེན་གཙོ་བོ་རེད། གཞན་རྣམས་མང་མང་གི་མཐུ་ལ་བརྟེན་ནས་ཡོང་དགོས་པ་ཞིག་ལ་བདག་གིས་འདོད་དོ།། ངའི་རྩོམ་ཡིག་འདིའི་དགོས་དམིགས་ཀྱང་བཙན་བྱོལ་ནང་གི་མ་འོངས་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་གཅིག་ལ་གཞོལ་རེ་དང་། བཙན་བྱོལ་བོད་མི་ཡོངས་རྫོགས་གོང་བུ་གཅིག་ཏུ་བསྒྲིལ་ནས་སྐྱིད་སྡུག་མཉམ་མྱོང་ཡོང་ཆེད་ཁོ་ན་ཡིན། ཀྲུང་གོ་གཞུང་ལ་དབུ་རང་གཉིས་ཀྱིས་བོད་དོན་ཇི་ལྟར་རྩོད་རྒྱུ་ཡིན་མིན་དེ་རྩོམ་ཡིག་འདིའི་བརྗོད་བྱ་མིན།
༡༣ རྩོམ་ཡིག་འདི། དབུ་མའི་ལམ་གྱི་གདུལ་བྱ་གཤའ་མ་ཞིག་གིས་བྲིས་པ་ཡིན་པས་ཀུན་སློང་ལྷད་མེད་དྭངས་གཙང་ཡིན། དབུ་མའི་ལམ་གྱིས་བོད་དོན་བདེན་མཐའ་སེལ་ཐུབ་ན་སྙམས་པའི་དབུ་མ་བ་ཞིག་གིས་བྲིས་པ་ཡིན་པས་བརྗོད་དོན་གཙང་མ་གཙང་རྐྱང་ཡིན། གལ་སྲིད་ཀྲུང་གོ་གཞུང་གིས་དབུ་ལམ་ལ་ཁ་ངོ་མ་སྟེར་ན། རང་བཙན་ནི་ང་ཚོའི་ཆེས་མཐའ་མའི་གནས་ལམ་ཡིན། དབུ་རང་གཉིས་སེམས་བདེ་མཛོད། མཐར་དོན་བདག་གིས། དོན་ངོ་མར་དབུ་ལམ་གྱིས་བོད་དོན་བདེན་མཐའ་སེལ་ཐུབ་བམ་མི་ཐུབ་གསལ་བོར་བྱེད་ཐུབ་པའི་གྲོས་འཆར་ཞིག་བོད་འབངས་ཡོངས་ལ་སྤྱན་བསྟར་དུ་ཕུལ་ཟིན་པ་དང། དེ་བཞིན་དབུ་མའི་ལམ་ལ་དུས་བཅད་གྲོས་འཆར་འདིས་དབུ་ལམ་རང་གི་རང་འགན་རང་ཐག་རང་གཅོད་ཡོང་བའི་སྨོན་འདུན་སྙིང་ནས་ཞུ་བཞིན་ཡོད་དོ།།
༢༠༢༢།༩།༡༥ ཉིན་མ་ཟིན་བྲིས། ༢༠༢༣།༥།༣༡ ཉིན་སྣོན་འཕྲི་ཅུང་ཟད་དང་བཅས་དྲ་བར་སྤེལ།
རང་བཙན་ནི་མི་རིགས་ག་འདྲ་ཞིག་ཡིན་ཀྱང་སྐྱེས་མ་ཉིད་ནས་ལྷན་སྐྱེས་སུ་ཡོད་པའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐངས་བླ་ན་མེད་པ་དེ་ཡིན་པ་དང་། བོད་རྒྱལ་ཁབ་དང་བོད་མི་རིགས་ལ་ནུས་སྟོབས་ཡོད་ན་ང་ཚོའི་ཕ་ཡུལ་རྒྱ་མིའི་ལག་ཏུ་ག་འདྲ་བྱས་ནས་ཤོར་བ་རེད་དེ་ཡང་ཞིབ་ཚགས་པོ་ཤེས་དགོས་པ་དང་། དབུ་མའི་ལམ་ནི་༧ གོང་ས་མཆོག་ནས་ཕུགས་འགྱངས་རིང་པོའི་རླབས་ཆེན་གྱི་དགོངས་གཞི་བོད་མི་རིགས་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་དང་བཅས་པ་གསོན་པོར་རྒྱུན་གནས་ཐུབ་པའི་ཆེད་གཉིས་སྨན་གྱི་དགོངས་་འཆར་དེ་གཏོན་གནང་བ་རེད། བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་ལོ་ ༡༩༩༧ སྤྱི་ཟླ་ ༩ པའི་ཚེས་ ༡༨ ཉི་་སྤྱི་མོས་གྲོས་ཆོད་གཏན་འབེབས་བརྒྱུད་ནས་ང་ཚོའི་ད་ལྟ་བར་དབུ་མའི་ལམ་ལ་ཡིད་ཆེས་དང་བློ་གཏད་ཞུས་ནས་བོད་རྒྱའི་འབྲེལ་ལམ་དེ་སྤྱི་ལོ་ ༢༠༠༩ བར་བྱུང་ཡོད་པ་དང་ ༢༠༡༠ ནས་བོད་རྒྱའི་འབྲེལ་ལམ་ཆད་ནས་ད་ལྟ་བར་ལོ་བཅུ་བཞི་ཙམ་འགྲོ་བཞིན་པ་ནི་ཕྱོགས་གཅིག་ནས་རྒྱ་མི་དབུ་མའི་ལམ་ལ་དོགས་པ་དང་རྣམ་རྟོག་ལ་མགོ་འཁོར་ནས་ང་ཚོར་བརྡ་ལན་སྤྲོད་མ་ཐུབ་པ་དང་། ཕྱོགས་གཞན་ནས་ང་ཚོ་ནང་ཁུལ་དུ་རང་བཙན་དང་དབུ་ལམ་བར་བསམ་ཚུལ་དང་མཐོང་ཚུལ་མང་བས་རྒྱ་མིའི་དབུ་ལམ་ལ་བརྡ་ལན་སྤྲོད་རྒྱུར་དོགས་དང་རྣམ་རྟོག་བཟོས་ཡོད་དང་། འདི་ལོ་ཁེ་ཎ་ཌར་བོད་རང་བཙན་གྱི་ཚོགས་འདུ་ཚོགས་སྐབས་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་ཁག་ཅིག་མཉམ་ཞུགས་གནང་སྟངས་ལ་ཞིག་ན་རང་བཙན་ལ་རེ་བ་ཡོད་པ་དང་དབུ་ལམ་ལ་རེ་བ་མེད་པའི་རྣམ་འགྱུར་འདིའི་འོག་ནས་རྗེས་ལོ་སྤྱི་ཟླ་གསུམ་པའི་ནང་སྤྱི་འཐུས་གྲོས་ཚོགས་ཚོགས་སྐབས་དེ་སྔོན་སྤྱི་འཐུས་གྲོས་ཚོགས་ནས་ ༡༩༩༧ ཟླ་བ་ ༩ པའི་ཚེས་ ༡༨ ཉིན་སྤྱི་མོས་གྲོས་ཆོད་བཞག་པ་དེ་ཕྱི་འཐེན་ནུས་མེད་བཏང་ནས་རང་བཙན་ལ་ཁ་ཕྱོགས་དགོས་པའི་གྲོས་ཆོད་སྤྱི་འཐུས་གྲོས་ཚོགས་ནང་མ་བཞག་བར་ང་ཚོའི་དབུ་མའི་ལམ་ལ་མུ་མཐུད་ནས་འགྲོ་དགོས་པ་དེ་སྤྱི་འཐུས་གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་ལ་ང་ཚོའི་འགན་འཁུར་དགོས་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་པ་མ་རེད་དམ།
དབུ་མའི་ལམ། ད་ནི་ཁྱོད་ཀྱིས་ཁ་ཞིག་མི་གྲག་ག་མེད་རེད་འདུག
དབུ་མའི་ལམ་ནས་ཁ་གྲག་དགོས་ན་དེ་ང་ཚོས་བཟོ་དགོས་དགོས་ཡོད། དེ་གྲག་ཆེད་དུ་དང་པོ་རང་ཉིད་ནས་ཐབས་ཤེས་ཇི་བྱས་ལ་བསོམ་དང་། ལོ་གཅིག་ལ་དུས་གཅིག གསུམ་བཅུའི་དུས་དྲན་དེ་རེད། དེ་ལའང་ག་ཚོད་ཆད་འདུག དེ་མིན་དབུ་མའི་ལམ་ཁ་གྲག་ཆེད་ཀྱིས་ཐབས་ལམ་ཇི་ལྟར་ཞིག་ཞུས་ཡོད། ངས་ནི་དཀོན་པོ་བཐོང་ལགས། དེ་ན་དབུ་ལམ་ཁ་གྲག་དགོས་པའི་དགོས་འདུན་དེ་ང་ཡིན་ན་རང་ཉིད་ངོ་ཚ་དགོས་ཀྱི་གནས་ཤིག་མཐོང་འདུག
༧གོང་ས་མཆོག་ནས་ཐབས་ལམ་གཞན་ཞིག་སྟོན་གནང་རེད། ཐབས་ཤེས་ཤིག་གནང་རེད། རྒྱ་ཕྱོགས་ནས་དོན་དམ་གྱི་བྱ་ལན་ཞིག་བྱུང་མེད་སྟབས་བོད་མི་ཡོངས་ནས་བསམ་ཞིབ་དགོས་པའི་བཀའ་ནན་ཕེབས། དེ་ལ་གསར་འབྱོར་དང་སྔོན་འབྱོར་༧ཁོང་ཉིད་ལ་སྐྱབས་སུ་བཅོལ་ནས་འཛམ་གླིང་ཁྱོན་ན་གྱར་བའི་བོད་མི་བརྒྱ་བདུན་ཅུ་མིན་ཙམ་དང་ཆོལ་གསུམ་ཆོས་ལུགས་གྲོས་ཚོགས་ནས་རྒྱབ་བསྐྱོར་ཞུས་ཡོད། དེར་སོང་དབུ་ལམ་གྱི་སྟོན་པ་མཆོག་ལ་གནང་ཐབས་གཞན་མེད། ལམ་དེ་བོད་མི་སྐྱབས་བཅོལ་བ་ང་ཚོས་འཚོལ་དགོས་མིན་འདུག་གམ།
རྒྱའི་དབང་ནུས་སོགས་ལས་རང་བཙན་ལ་ནི་ཁྱེད་ཉིད་ལ་རེ་བསམ་དེ་ཙམ་མེད་གནས་རྩོམ་གྱི་སྔོན་ཙམ་ལ་འགྲེལ་བཤད་གནང་། རི་བོང་ར་ལ་མེད་བཞིན་དུ་ད་དུང་མཐོང་འདོད་ཀྱི་རང་བཙན་གནད་ཚུལ་དེ་ཁྱད་འཚར་རེད། ༧གོང་ས་མཆོག་ནས་རང་བཙན་ཐོབ་རྒྱུ་མེད་པ་དང་རྩོད་མི་ཆོག་པའི་བཀའ་གནང་མེད།
གང་ལྟར་ཡང་དབུ་ལམ་གྱི་ཁ་གྲག་དགོས་ན་རེད། རང་བཙན་རྩོད་དགོས་ན་ཐབས་བྱུས་འབད་གསུམ་དགོས་པའི་དེ་དང་ཐོག་རང་ཉིད་ལ་ཚང་ཡོད་མེད་
དཔྱད་རྒྱུ་དེ་ལམ་དང་པོ་ཡིན་དགོས་བསམ། དབུ་ལམ་ལ་བོད་མི་ནས་རྒྱས་བཅད་ཀྱི་ལོ་ལམ་ནང་ཚུད་རྒྱ་གཞུང་གིས་བྱ་ལམ་མེད་ན་་སྲིད་བྱུས་དེ་ལ་འགྱུར་འགྲོས་ཇི་བྱུང་གི་འགན་དེ་རྒྱ་ཕྱོགས་ནས་ལེན་དགོས་པའི་འགན་འགེལ་ཐབས་དང་འགེལ་རྒྱུ་དེ་ལམ་བཟང་ཞིག་རེད་བསམ་བཞིན་འདུག