པདྨ་ཆོས་སྒྲོན།
རྐྱེན་ངན་གྲོགས་ཤར་ཟེར་བ་ལྟར། རྒྱ་མིས་བོད་ལ་བཙན་འཛུལ་བྱས་པ་དང་ཆབས་ཅིག་ཕོ་ཟད་མོ་ལ་ཐུག་ཡོང་དུས། བོད་མི་རིགས་འདིར་དཔའ་བོའི་རྒྱབ་ལ་དཔའ་མོ་ལངས་མཁན་ཡོད་པ་གང་ཞིག་ལ། སྤྱི་ཚོགས་ཀྱིས་ཀྱང་དཔའ་མོ་ཡོད་ཆོག་པ་ངོས་འཛིན་རབ་རིབ་ཅིག་བྱུང་བཞིན་པ་འདི་རེད། དེ་རིང་ངས་བུད་མེད་ལྷན་ཚོགས་ལོ་འཁོར་ལས་སྡོམ་ཞིག་གི་ཚུལ་དུ། <<བོད་ཀྱི་དཔའ་མོའི་ལོ་རྒྱུས་སམ་བོད་ཀྱི་འཐབ་རྩོད་ཁྲོད་ལག་རྗེས་ཅན་གྱི་བུད་མེད་ཁག་ཅིག་གི་ལོ་རྒྱུས>> ཞེས་པའི་དེབ་འདི་བྲེལ་ཟིང་ངང་རྩོམ་སྒྲིག་བྱེད་སྐབས། ང་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་དོན་དག་ཅིག་ཡོད་པ་ནི། དེ་ནི་ང་ཚོར་དཔའ་མོ་ག་ཚོད་ཅིག་བྱུང་ཡོད་མེད་ཀྱི་གྲངས་ཀ་མཛུབ་རྩིས་རྒྱག་རྒྱུ་ཡོད་པ་དེ་མ་ཡིན་པར། ང་ཚོའི་འདུ་ཤེས་ཀྱི་ཟབ་ས་ནས་དཔའ་མོ་ཡོད་ཆོག་པའི་ཁས་ལེན་གང་ཙམ་ཞིག་ཤོར་བཞིན་པ་དེ་ཡིན།
མཚམས་འདི་ནས་ག་འདྲ་ཞིག་ལ་རྒྱལ་གཅེས་དཔའ་མོ་ཟེར་མིན་ནས་འཕྲོས་ན། ང་ཚོའི་སྲོལ་རྒྱུན་གྱི་བཤད་སྟངས་ལས་མཛངས་མའི་ཡོན་ཏན་བརྒྱད་ཀྱི་ནང་དུ་ང་ལ་དགོས་པའི་ཐ་སྙད་འདིར་བདག་གཞི་མེད་པར་སྣང་། གླིང་སྒྲུང་ནང་གི་དཔའ་མོ་ཨ་སྟག་ལྷ་མོ་ནང་བཞིན། མཐུ་སྟོབས་ཐོགས་པ་མེད་མཁན་སྨན་ཤར་ངར་མ་ཞིག་ལ་རྒྱལ་གཅེས་དཔའ་མོར་འབོད་རུང་ནའང་། སྒྲུང་གཏམ་མ་ཡིན་པའི་མི་རིགས་འདི་བའི་དངོས་ཡོད་ལོ་རྒྱུས་ཁྲོད་དུ་མིག་དཔེར་བགྲངས་ཆོག་ཆོག་གི་དཔའ་མོ་དེ་འདྲ་མཐོང་དཀོན་དོན་ཅི།
མ་གཞི་ནས་ཟས་སུ་ཤ་ཟ་ཞིང་། སྐོམ་ལ་ཁྲག་མཆོད་པའི་མ་བྲག་སྲིན་མོའི་སྣང་བརྙན་དེར་བློས་སློང་རེ་བྱས་ཚེ། ང་ཚོར་དཔའ་མོ་ཡོད་མེད་ལས་ཀྱང་གལ་ཆེ་བ་ནི། སྤྱི་ཚོགས་འདིའི་མི་མངོན་པའི་ཁ་དབུགས་ཁྲོད་དཔའ་མོར་ལོག་ལྟའི་ནད་རོ་དེ་སངས་ཐུབ་མེད་པ་ཡིན་ལོས་ཆེ།
ངས་རྒྱ་འོག་ནས་རིགས་བསྒྱུར་སློབ་གསོ་མྱོང་སྐབས། དེ་དུས་སློབ་ཆུང་གི་གློག་དེབ་ནང་རྒྱལ་གཅེས་དཔའ་མོ་ལེའུ་ཧུའུ་ལན་(刘胡兰)གྱི་ལོ་རྒྱུས་ཡོད། རྒྱ་ཕྲུག་མ་དེ་ལོ་བཅུའི་ཁར་བུད་ཡོད་མེད་ཞིག་ནས་གསར་བརྗེ་བྱ་བཞག་ནང་ཞུགས་པ་དང་། ལོ་བཅོ་ལྔ་མ་ཟིན་གོང་ལ་གོ་མིན་ཏང་(ལོག་སྤྱོད་ཤོག་ཁག) གིས་སྐེ་རྩ་གྲིས་གཏུབ་ནས་དམར་གསོད་བྱས་སོང་ཟེར། ད་དུང་མོ་རང་གསོད་སར་ཁྲིད་ནས་གཤེད་མ་ཚོས་གཤེ་གཤེ་བཏང་ཡང་། “ང་འཆི་རྒྱུར་སྐྲག་ན་གུང་ཁྲན་ཏང་ནང་ལ་ཞུགས་གི་མ་རེད”ཟེར་ནས་དཔའ་སྐད་འཐེན། དེར་བརྟེན་ཁོ་མོར་རྒྱ་དཔོན་མའོ་ཙེ་ཏུང་གིས་”སྐྱེ་བ་རླབས་ཆེ་ཞིང་། ཤི་བ་གཟི་བརྗིད་ཆེ”ཟེར་བའི་མངོན་བསྟོད་ཕྱག་བསྟར་མ་བསྩལ་ཚུལ་སོགས་མཐོང་ཡོང་དུས། ང་རང་མངོན་ཆུང་ངང་ཁོང་མོར་སྨོན་པ་ཙམ་ཞིག་ཤོར་མྱོང་བ་དྲན་གྱི་འདུག
འོན་ཀྱང་། རང་ཉིད་ལ་མཚོན་ན་ཁྱོ་ག་དང་ཕ་མར་སྲི་ཞུ་སྒྲུབ་ཐུབ་ཙམ་ཞིག་བྱུང་ན། མདོར་ན་ཁ་ལེན་ཚིག་བརྩི་ཅན་གྱི་ཞི་མོ་མོ་ཡ་རབ་ཅིག་སྟེ། འུ་ཚང་གི་བཤད་སྟངས་འདིའི་བཅད་མཚམས་ནས་ཅུང་ཟད་ཙམ་ཡང་བརྒལ་རྒྱུའི་བློ་ཁོག་མ་བྱུང་།
ངས་བསམ་ཤེས་པ་དང་ཆབས་ཅིག གཅིག་ནས་རང་སེམས་ཀྱི་སྟོང་ཆ་འདི་སྐོང་ཆེད་དང་། གཉིས་སུ་དངོས་ཡོད་ལོ་རྒྱུས་ལ་ཅིག་བལྟས་ན། དཔའ་མོ་ཟེར་ནས་ང་ཚོས་མི་རིགས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པར། སོ་སོའི་མིག་གི་མཐོང་ས་ནས་བོད་པ་རང་གི་དཔའ་མོ་རྣམས་ནམ་མཁའི་སྐར་མདའ་བཞིན། འཇམ་ཅག་གེར་སྟོང་བའི་དབྱིངས་ལ་གཤེགས་སུ་གསོལ་བཞིན་པ་དེར་སྐྱོ་རོགས་ཙམ་གྱི་ཆེད་དུ།ངས་རང་གིས་དྲན་ཚོད་ཀྱིས་ <<མགོ་དཀྲིས་དམར་པོ་ཅན་གྱི་དཔའ་མོ་>> ཞེས་པའི་སྒྲུང་ཐུང་ཞིག་བྲིས་སྟེ། མདོར་ན་ “བཞིན་བཟང་མའི་གཏུམ་དྲག་རོལ་བའི་སྒྲུང་” ལ་ལད་མོ་བྱས་མྱོང་།
མཚམས་འདིར་བརྗོད་པ་དངོས་ཀྱི་ཐོག་དྲངས་ན། རྒྱལ་གཅེས་དཔའ་མོ་ལབ་དུས་སྒྲ་དོག་འཇུག་གི་དབང་དུ་ཕྱིན་པར་བརྟེན། རྒྱལ་དོན་བྱ་གཞག་གི་ཆེད་དུ་དྲག་པོའི་གཡུལ་ངོར་ཞུགས་མཁན་གྱི་བུད་མེད་རྣམས་གཙོ་འདོན་དགོས་སྟབས། འདིར་རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཚུན་རྒྱ་དམར་ལ་རྒོལ་བའི་ལས་འགུལ་བསྟུད་མར་བྱུང་བའི་ནང་། ཁུ་ཚུར་གནམ་ལ་བཏེགས་ཏེ་གདོང་མཆོངས་གནང་མཁན་གྱི་རྒན་མོ་འདས་གསོན་ཁག་དང་། ཁྱད་པར་དུ་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་མཚན་གཞུང་དང་། ལོ་རྒྱུས་གང་ཡོང་འཚོལ་བསྡུ་བྱས་ཡོད།
མ་ཟད་མ་སྲི་མོ་ཚང་གི་མཛངས་སྤྱོད་ལ་ཕྱི་རབས་པ་རྣམས་ཀྱིས་ཁ་མིག་ཡར་ལྟ་ཡོང་ཆེད། དགག་གཞག་གི་སྙིང་སྟོབས་ལྡན་པའི་རྩོམ་ཡིག་སྤེལ་མཁན་དང་། འགོ་འཁྲིད་ཀྱི་ནུས་པ་ལྡན་པའི་བུད་མེད་འཇོན་ཐང་ཅན་འགའ་ཡང་ས་བཅད་མ་སྟོང་ཙམ་ཞིག་ཐོ་འགོད་བྱས་ཡོད་ལ། དེ་བཞིན་ཨོལ་རྩེད་རྒྱུགས་འགྲན་ནང་དངུལ་གྱི་རྟགས་མ་ལེན་མཁན་ཆོས་དབྱིངས་སྐྱིད་དང་། ཇོ་མོ་གླང་མའི་གངས་རྩེར་འཛེག་མཁན་ཚེ་རིང་ལྷ་སྒྲོན་དང་བདེ་ཆེན་ལྷ་མོ་བཅས་ད་དུང་ལས་རིགས་ཁག་གི་ནང་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་ཡོད་པའི་བོད་མོ་གང་མང་ཡོད་མོད། དེང་སྐབས་བོད་ཕྱི་ནང་གཉིས་སུ་བུད་མེད་ཀྱི་ཆེད་རྩོམ་ཕྱོགས་སྒྲིག་དང་། ལོ་རྒྱུས་ཐོག་ཆོས་སྲིད་གང་ཐད་ནས་ལག་རྗེས་ཅན་གྱི་སྐྱེས་མར་ཞིབ་འཇུག་གནང་མཁན་ཡོང་གི་ཡོད་ཙང་། ས་བཅད་ཕྱི་མོ་འདི་དེ་ཙམ་ཁ་ཚ་དགོས་གཏུག་ཆགས་མེད།
ང་ཚོ་རང་དབང་ལུང་བ་ན་ཡོད་མཁན་ཚོར་འཁྲི་བའི་ལས་འགན་ནི། གོང་ནས་བཤད་པ་ལྟར་དེང་རབས་ལོ་རྒྱུས་ནང་རྒྱ་དམར་ལ་རྒོལ་བའི་ལས་འགུལ་ཁྲོད་ནས་མིང་མེད་དུ་བཞད་ཀྱིན་པའི་ངའི་རྒྱལ་གཅེས་དཔའ་མོ་དག་གི་ཡིག་ཚགས་ཤིག་ཕྱོགས་སྒྲིག་ཐུབ་དགོས་པ་དེ་རེད།
འུ་ཚང་གིས་ཆོས་ཁུངས་ལྷ་སྒྲུང་ལ་གཏུགས་ནས། བླ་སྤྲུལ་ག་གེ་མོ་ཞིག་གི་འཁྲུངས་རབས་ཡང་རྒྱུན་བཙལ་དགོས་བྱུང་ན། དག་པའི་སྐྱེ་བ་ལྔ་བརྒྱ་དང་མ་དག་པའི་སྐྱེ་བ་ལྔ་བརྒྱ་བླངས་ཚུན་གྱི་རྒྱུན་མ་ཁྲ་ལམ་མེར་ཡོད་ལ། ཡང་མི་རིགས་འདི་བས་ཁ་རྒྱུན་ན་དཔའ་བོ་དཔའ་མོ། ཁྲོ་བོ་ཁྲོ་མོ། བདག་པོ་བདག་མོ་ཟེར་བ་སོགས་བལྟས་ཚོད་ལ། ཕོ་རེའི་རྗེས་ན་མོ་རེ་ཡོད་ཡོད་འདྲ་བའི་ཚིག་གྲུབ་ཀྱི་དཀའ་ངལ་མེད་མོད།དོན་དངོས་ཐོག་ལོ་རྒྱུས་སུ་འཁོད་འོས་པའི་དཔའ་མོ་ཞིག་བཙལ་སྐབས། ཐག་རིང་བོ་ནས་བཤད་མ་དགོས་པར། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་བའི་ནང་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་དང་བསྟུན། ལས་འགུལ་སྣ་ཚོགས་ནང་ཞུགས་ནས་སྐུ་སྲོག་བསྐྱལ་མཁན་གྱི་སྐྱེས་མ་རྣམས་ཀྱི་ཡིག་ཚགས་ཤིག་ད་ལྟའི་ཆར་སྤྱི་སྒེར་སུས་ཀྱང་སྒྲིག་ཐུབ་མི་འདུག
སོང་ཙང་བུད་མེད་ཁག་ཅིག་གིས། སོ་སོ་འཐབ་རྩོད་ནང་ཞུགས་པའི་མི་ཚེའི་ལོ་རྒྱུས་ངག་རྒྱུན་དང་། ཡང་ན་རང་རྣམ་གྱི་ཚུལ་དུ་བྲིས་འདུག་པ་དེ་ཚོར་ཁུངས་གཏུགས་ན་མ་གཏོགས། ཉམས་ཞིབ་ཀྱི་རང་བཞིན་ལྡན་པའི་གཟུར་གནས་དཔྱད་གཞི་ཞིག་མེད་ཁར། མདོ་སྨད་ཕྱོགས་ནས་རྒྱ་དམར་ལ་རྒོལ་བའི་ལས་འགུལ་ནང་ཞུགས་མཁན་གྱི་སྐྱེས་མ་ཞིག་བཙལ་སྐབས། ཁ་རྒྱུན་ཙམ་ལས་མེད་པ་འདི་ཅི་ཞིག་གིས་ལྷད་པ་རེད་དམ།
སོང་ཙང་གཅིག་ནས་དུས་ཚོད་མེད་པ་དང་། གཉིས་སུ་རྒྱུ་ཆ་མ་རེག་པར་བརྟེན་<<བོད་ཀྱི་དཔའ་མོའི་ལོ་རྒྱུས>> ཞེས་པ་འདི་ཡང་། བོད་ཀྱི་དཔའ་མོའི་ལོ་རྒྱུས་ལ་སྐྱ་ཐིག་ཙམ་ལས་བྱུང་མེད་སྟབས། རྩོམ་སྒྲིག་པའི་ངོས་ནས་ལྷན་རྒྱས་ལ་དགོངས་དག་ཞུ་རྒྱུ་ལས་ལྷག་མ་སོང་།
གང་ལྟར། བོད་ལ་ཡོད་ངེས་པ་ནི་རྒྱལ་གཅེས་དཔའ་མོ་ཡིན། ངས་ཁ་ཚོད་འདི་ཚོད་ཚོད་ལ་བཅད་པ་མིན། ང་ཚོའི་མི་ཐོག་འདིའི་མིག་གི་མཐོང་ས་རང་ནས། ལོ་འདི་འགའི་ནང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེ་སྲེག་གནང་མཁན་མི་གྲངས་ ༡༤༠ ལྷག་བྱུང་བའི་ནང་། ངེས་པ་དོན་གྱི་དཔའ་མོ་སྟེ་རང་སྲེག་གནང་མཁན་གྱི་སྐྱེས་མའི་ཞལ་གྲངས་ཉི་ཤུའི་ཁར་བུད་ཡོད་ཙང་། གནས་སྟངས་འདིས་སྐྱེས་པ་ཚོ་སླེབས་སར་སྐྱེས་མ་ཚོས་མ་སྙོབ་ས་མེད་པ་གསལ་བོ་བསྟན་ཡོད།
དེ་ཡང་ “དུས་རབས་འདིར་བོད་ཀྱི་ཁྱོ་ག་ཚོ་ལངས་མ་ཐུབ་ཚེ། ང་ཚོ་བོད་ཀྱི་བུད་མེད་རྣམས་མདུན་དུ་ཐོན་ཆོག” འདི་ནི་གྲགས་ཅན་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱི་སྐད་ཆ་རེད། འདི་ལྟ་བའི་དཔའ་སྐད་འཐེན་རྒྱུའི་འོས་ཆོས་ང་ལ་ཚང་མེད་མོད། ངས་འདི་ནས་<<བོད་ཀྱི་འཐབ་རྩོད་ཁྲོད་ལག་རྗེས་ཅན་བུད་མེད་ཁག་ཅིག་གི་ལོ་རྒྱུས>> ཞེས་པའི་དེབ་འདི་སྒྲིག་སྐབས། ཁ་བྱང་ནས་བཟུང་མོ་སྡེ་ཟུར་ལ་དབྱེ་བ་འདྲ་ཞིག་ཡོད་ན། དེར་ཁག་ཅིག་གིས་(བུད་མེད་རིང་ལུགས)དང་(མོ་དབང་རྩོད་མཁན) ཟེར་བ་སོགས་ཀྱི་ཞྭ་མོ་གཡོགས་རྒྱུར་བྲེལ་བ་ལངས་ཀྱི་ཡོད་སྲིད།
མ་གཞི་ནས་བུད་མེད་ཀྱི་ཐོབ་ཐང་ལབ་མ་ཐག་རྙིང་ཞེན་ཅན་ཚོས་དེ་ནི་སྲོལ་རྒྱུན་ཤེས་རིག་ལ་ངོ་ལོག་རྒྱག་བཞིན་པ་ཁོ་ནར་གོ་བ་བླངས་ཏེ། ཁོ་ཚོས་དེ་མུར་བོད་ཀྱི་ཆོས་དང་རིག་གཞུང་ངོས་ནས། གསང་སྔགས་ཀྱི་རྒྱུད་སྡེ་ནང་བུད་མེད་ལ་མཐོང་ཆུང་དམའ་འབེབས་མེད་ཟེར་བ་སོགས། གནམ་སར་མི་ཤོང་བའི་ཁ་ཚོད་ཅིག་བྱུང་རྒྱལ་གྱིས་གཅོད་རྐྱང་ཡིན། ཆབས་ཅིག་དེང་སྐབས་བུད་མེད་ཀྱི་ཐོབ་ཐང་ཟེར་བའི་སྐད་ཆ་ཞིག་བོད་ཕྱི་ནང་གཉིས་ན་གླེང་འགོ་བཙུགས་ཡོད་པ་དགའ་འོས་བའི་གནས་ཤིག་ཡིན་མོད། ཁག་ཅིག་གིས་རླབས་ཆེ་བའི་བུད་མེད་རིང་ལུགས་ཀྱི་ལྟ་གྲུབ་འདིའི་ཁ་གཏད་ས་སྲོལ་རྒྱུན་འབའ་ཞིག་ཡིན་པར་གོ་ནོར་ཐེབས་ནས། མདོར་ན་་་་ཞོགས་ཇ་རྒན་མོས་བཟོས་ན་དགུང་ཟས་རྒད་པོས་བཟོ་དགོས་་་་མ་བྱུང་ན་ཕོ་མོ་འདྲ་མཉམ་མ་རེད་་་ཟེར་བ་ལྟ་བུ་བཟའ་འཛིང་རྒྱག་བཞིན་ཡོད་ན། དེ་འདྲ་ཞིག་ལ་བུད་མེད་ཀྱི་ཐོབ་ཐང་རྩོད་བཞིན་པའི་སྣང་བ་འཁྲུལ་དུས་དུས་ཚོད་འཕྲོ་བརླགས་རང་རེད།
མཐའ་དོན། འཛམ་གླིང་འདིའི་ཐོག་བུད་མེད་རིང་ལུགས་དང་། རིང་ལུགས་དེར་རྒོལ་པའི་རྩོད་གླེང་བྱུང་ནས་ལོ་ངོ་བརྒྱ་ཕྲག་གཅིག་ལྷག་ཅིག་ཕྱིན་འདུག་པ་དང་། དེང་གི་དུས་འདིར་བུད་མེད་ཀྱི་ཐོབ་ཐང་གི་རིག་ཚན་འདི་བཞིན། ལམ་ལུགས་སྲོལ་ལ་རྒོལ་རྒྱུ་ཙམ་ལས་བརྒལ་ནས། གཞུང་ཞིག་གིས་བུད་མེད་དང་བྱིས་པའི་བདེ་དོན་ལ་ཁྲིམས་ཐོག་ནས་འགན་སྲུང་ག་རེ་ཡོད་མེད་གཙོ་བོ་ཆགས་ཡོད།
ད་ལོའི་ཟླ་ ༣ ཚེས་༨ (རྒྱལ་སྤྱིའི་བུད་མེད་དུས་ཆེན)གྱི་སྔ་ནུབ་དེར་རྒྱ་ནག་ནང་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པ། བུ་མོ་ལིའི་ཐེན་ཐེན་ (李婷婷)གཙོས་བུ་མོ་ལོ་གཞོན་བཞི་ལྔ་ཞིག་འཛིན་བཟུང་བྱས་འདུག་པ་དང་།ཁོང་ཚོས་རྒྱ་ནག་གཞུང་དེ་བཞིན་རྒྱལ་སྤྱིའི་<<བུད་མེད་དང་བྱིས་པའི་འགན་སྲུང་སྤྱི་ཆིངས>> ནང་འཛུལ་ཞུགས་བྱས་ཡོད་ཀྱང་། སྤྱི་ཆིངས་ནང་ལྟར་བུད་མེད་དང་བྱིས་པའི་བདེ་དོན་ལ་འགན་སྲུང་ཐུབ་མེད་སྐོར་གཙོ་འདོན་གྱིས་ཐང་ལ་ཐོན་ནས་གཞུང་ལ་ཁ་མཆུ་བཙུགས་པ་ལས། ང་ཚོའི་བུད་མེད་ཀྱི་ཐོབ་ཐང་བཤད་མཁན་ཚོ་ནང་བཞིན་མགོ་རུམ་ལ་བཅུག་སྟེ་ཕོ་མཆོག་མོ་དམན་ལ་སྡུག་སྐད་བརྒྱབ་ནས་སྡོད་མི་རུང་། ཕོ་མཆོག་མོ་དམན་གྱི་ངན་གཤིས་བསྒྱུར་དགོས་པ་ཨ་ཅང་ཅང་།
ད་དུང་བོད་ནང་ལ་ཆགས་བཞག་ན་བཙན་དབང་གིས་སྐྱེ་སྒོ་འགོག་པ་དང་། རིགས་རྒྱུད་བསྲེས་ལྷད་ལ་སྐུལ་འདེད་བྱེད་པ། མ་བུ་ཁ་བྲལ་གྱི་སློབ་གསོ་སྤེལ་བ། སྐྱེས་མ་དང་ཕྲུ་གུའི་འཕྲོད་བསྟེན་ལ་འགན་སྲུང་མེད་པ། སྐྱེས་མར་ལས་ཞུགས་གོ་སྐབས་ཚོད་འཛིན་དང་ལས་གླ་ཉུང་བ། སྦྲུམ་མའི་ལས་གསེང་དུས་ཚོད་ཉུང་དྲགས་པ། བུ་མོའི་མཐོ་སློབ་དམིགས་འཛུགས་མེད་པ། གཉེན་སྒྲིག་དང་གཉེན་འཐོར་རང་དབང་མིན་པ། ཁྱིམ་ཚང་གི་རྒྱུ་ཟོག་ཁྱོ་གའི་མིང་ཐོག་ལ་དེབ་སྐྱེལ་བྱེད་པ། མནའ་མར་རྫོངས་པ་ཕོན་ཆེན་ལེན་པ་སོགས་ཚང་མ་བུད་མེད་ཀྱི་ཐོབ་ཐང་གི་ཆ་ཤས་ཡིན་སྟབས། བོད་ཕྱི་ནང་གང་ཡིན་རུང་བུད་མེད་ཀྱི་ཐོབ་ཐང་བཤད་སྐབས་གོང་གསལ་དངོས་ཡོད་གནད་དོན་དག་ལ་དོ་ཁུར་དགོས་པའང་ཞོར་འཕྲོས་ཙམ་མོ།།
ཕྱི་ལོ་༢༠༡༥ ཟླ་༤ ཚེས་༡༥ ཉིན་རྡ་ས་ནས་རྫོགས་པར་བྲིས་པའོ།
ཡག་ཐག་ཆོད་ཅིག་བྲིས་འདུག ད་བོད་གངས་ཅན་གྱི་བུད་མེད་དཔའ་མོ་རྣམས་ཀྱི་ལོ་རྒྱུས་དེབ་ཕྲེང་དེ་ཚོར་མཇལ་འདོད་བྱུང་སོང་།
གང་མགྱོགས་རེག་ཐབས་བྱ་རྒྱུ་ཡིན།
རྩོམ་ཡིག་ཡག་པོ་བྲིས་འདུག དེ་ལས་ཀྱང་དུས་བབ་ཚང་གི་པདྨ་ཆོས་སྒྲོན་ལགས་སུ་དྲི་བ་བཏང་པའི་དྲི་ལན་བཏབ་པ་རྣམས་ཀྱང་ཡག་པོ་འདུག ལྷག་པ་ཏུ་སྐད་ཡིག་གསུམ་ལྡན་ཞིག་ཀྱང་རེད་འདུག
ད་ལན་མདོ་སྨད་པའི་སྤྱི་འཐུས་ཀྱི་འོས་མི་གསར་པ་བྱུང་བའི་ནང་དུ་དབྲ་ཙ་བསོད་ནམས་ནོར་བུ་དང་པདྨ་ཆོས་སྒྲོན་གཉིས་ཡག་པོ་འདུག ཁྱོད་གཉིས་ལ་འོས་བསྡུའི་རྒྱལ་ཁ་འཐོབ་པའི་སྨོན་ལམ་ཡོད།
དབྲ་ཙ་བསོད་ནམས་ནོར་བུ་ལགས་ཀྱང་དཔེ་ཡག་པོ་འདུག http://www.khabdha.org/?p=74668
མའོ་ཙེ་ཏུང་གིས་སྐྱེས་པ་རླབས་ཆེ་ཞིང་། ཤི་བ་གཟི་བརྗིད་ཆེ་ཟེར་འདུག་པར་ཧ་ལས་འདུག་ག་་་་་་
དཔའ་བོ་དང་དཔའ་མོ་ཟེར་བ་ཡིན་གཅིག་རྒྱལ་ཁབ་དང་། མི་རིགས་ལ་བྱས་རྗེས་འཇོག་དགོས་པའི་ངེས་པ་མ་མཆིས་ཏེ། རང་གི་ཁྱིམ་ཚང་དང་བུ་ཕྲུག་གསོ་སྐྱོང་ལེགས་པོ་ཞིག་བྱེད་ཐུབ་ནའང་དཔའ་བོ་ཡིན་ལ། དཔའ་མོ་ཡིན། རང་གི་ཁྱིམ་ཚང་སྐྱོང་མི་ཐུབ་ཁར། བུ་ཕྲུག་རྣམས་ཀྱང་ཕུགས་རེ་ཅིའང་བཅོལ་རྒྱུ་མེད་པའི་ཁྱིམ་བདག་ཕ་མ་གང་མང་རྒྱལ་ཁབ་དང་མི་རིགས་ལ་སྲིད་ཞུ་བླ་མེད་གྲུབ་མཁན་བྱུང་ཡོད་ཅིང་། གནའ་དེང་གི་གོ་ལའི་དཔའ་བོ་ཕོ་མོ་རྣམས་ཀྱང་རང་གི་ཕ་མས་གསོ་སྐྱོང་དགའ་བོ་གནང་བའི་འབྲས་བུ་ཡིན་ཕྱིར། སྐྱ་བོ་དག་གིས་དཔའ་རྟགས་བཞག་འདོད་ན། རང་གི་ཁྱིམ་ཚང་དགའ་ཞིག་བསྐྱང་རྒྱུ་ནས་འགོ་འཛུགས་དགོས་པར་མཐོང་།
རྣམ་དཔྱོད་ཡངས་པའི་བུད་མེད་ངར་མ་ཞིག་རེད། ཧ་ཅང་ཡག་པོ་བྲིས་འདུག ངོ་སོ་བསྟོད།
སྤྱི་ལོ་༡༧༩༦་ལ་སྐུ་འཁྲུངས་ཤིང་། བདག་ལས་གཞན་གཅེས་པར་འཛིན་པའི་ཚོང་པ་གོ་ཆོད་ཅན། རྗེས་སུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། སིང་པའི་དམག་འཁྲུགས་སྐབས་སུ། ལ་དྭགས་གཞུང་ཡོངས་ཀྱི་དགོན་པ་ལྷ་ཁང་ཀུན་གཏོར་ཤིག་ཚད་མེད་པར་གྱྱུར་པ་ན། སློང་མཁན་ཚུལ་གྱིས་འབུལ་སྡུད་མཛད་དེ། གཞིགས་གསོས་ལེགས་པར་གྲུབ་པ་ན། སྐྱེས་པ་དང་། སྐྱེས་མ་སུ་ཡིན་རུང་བསོད་ནམས་གསོག་པ་ལ་ཁྱད་མེད་ལྷ་ཁང་གང་ཡིན་ལ་སྐྱེས་མ་བུད་མེད་ཀྱང་འགྲོ་ཆོག་གསུངས། དེར་མ་ཟད་ལ་དྭགས་ཀླུ་འཁྱིལ་དགོན་པ་རུ་མང་ཇ་སོགས་ཇི་ཡོད་བཙུན་མའི་ཚོགས་པར་ཡང་འོང་འབབས་གཅིགཔ་དགོས། ལྷག་པར་བཙུན་མའི་ཚོགས་པ་འདི་དགེ་འདུན་ལ་ཞབས་ཞུ་ཚུལ་བཞིན་སྒྲུབ་མཁན་ཡིན་འདུག་ཅེས་གསུངས།
ད་ལན་བོད་ཀྱི་སྐྱེས་མ་པདྨ་ཆོས་སྒྲོན་ལེགས་ཀྱིས་བོད་ཀྱི་སྐྱེས་མ་རྣམས་ཡར་སློང་བའི་རྩོམ་ཡིག་ཀློག་པའི་སྐལ་བཟང་བྱུང་། བོད་ཀྱི་སྐྱེས་མ་ཡིན་པས་ཀྱང་བོད་ཀྱིས་མཁས་པས་བཀོལ་པའི་ཡི་གེའི་དག་ཆ་རྣམས་ལ་སྲུང་སྐྱོབ་མཛད་པའི་རེ་འདུན་ལགས།
བཀའ་བསྟན་གསུང་འབུམ་སོགས་དཔེ་ཆ་བྲིས་དག་པ་ཀུན་ན། སྩོལ། སྩལ། སྩལ། སྩོལ། ཅེས་པ་མ་གཏོགས་ད་ལྟ་འདས་མ་འོངས་སྐུལ་ཚིག་གང་དུ་ཡང་བསྩལ་ཅེས་པ་མེད་པས། བོད་ཀྱི་བུད་མེད་ལོ་རྒྱུས་ སོགས་སུ་སྩལ་ལ་བསྩལ་ཡོད་ན། སླར་ཞུས་དག་མཛད་པའི་རེ་བ་མཆིས།། ཡ་རབས་དང་མ་རབས་ལ་ཕྱི་རབས་པ་བཞིན་ཞེས་པ་ལྟར་ས་ཡང་འཇུག་དགོས་སོ།
གལ་སྲིད་བཀའ་འགྱུར་བསྟན་འགྱུར་གྱི་སྐད་ཟེར་བ་ཞིག་ཡོད་ན་དེ་ནི་་་བསྒྱུར་སྐད་་་ཟེར་བ་དེ་ཡིན་པར་ངོས་འཛིན་བྱ་དགོས་པར་སེམས། བསྒྱུར་སྐད་་་ཀྱི་ཕུགས་བཏུགས་ས་དེ་རང་དང་གོམས་གཤིས་མི་གཅིག་པའི་སྐད་ཡིག་གཞན་པ་ཞིག་ཡིན་དུས། དེ་ཉིད་རང་སྐད་རྣལ་མའམ་ཕ་སྐད་གཙང་མ་ནི་དུས་ནམ་ཡང་ཡོང་མི་སྲིད་ཟེར་ན་ཅི་སྨྲའམ། །
ལ་དྭགས་བློ་བཟང་ལགས། ཁྱེད་ཀྱིས་གསུངས་པ་འདི་རི་རྫོང་བླ་མ་ཚུལ་ཁྲིམས་ཉི་མ་ལགས་རེད་དམ། ཁོང་གི་རྣམ་ཐར་དཔེ་དེབ་སྟོད་སྨད་གཉིས་ཅན་ཞིག་ཉེ་ཆར་བདག་ལ་ཐོབ་པར་རགས་ཙམ་མཇལ་བ་ཡིན། དངོས་གནས་སིང་དམག་ལ་དྭགས་སུ་ལུད་སྐབས་མཛད་རྗེས་མི་དམན་པ་ཞིག་བཞག་གནང་འདུག དད་པ་སྐྱེས་སོང་།
དོན་སྙིང་ལྡན་པའི་ཕྱག་ལས་གནང་འདུག ཡི་རངས་དང་གུས་བཀུར་ཡོད།
རླབས་ཆེན་གྱི་ལས་ཀ་རང་རེད། དགའ་བསུ་ཞུ། ལོ་རྒྱུས་ནག་བསུབ་གཏོང་མཁན་ཚོའི་ཁ་ལ་ཉན་དགོས་མེད། མུ་མཐུད་དུ་དྲང་བདེན་བསམ་ནས་མདུན་སྐྱོད་གནང་རོགས།
ཧ་ཅང་ལེགས་པོ་རེད།
ད་རེས་གྲོགས་བཟོད་པ་ངའི་སྔོན་ལ་ཤོར་འདུག ཐེངས་རྗེས་མ་ང་ཡིན་ད། ཧ་ཧ་ཧ།
གང་ལྟར་དཔེ་དེབ་དེ་དག་བོད་ཀྱི་སྐྱེས་མའི་ལོ་རྒྱུས་སྟེང་གི་ཨང་དང་པོའི་གྲས་ཡིན་པས། ཧ་ཅང་གི་བསྔགས་འོས་པ་དང་མིག་དཔེ་བཟང་བོ་རེད་འདོད།
མི་རིགས་ཤིག་ཡར་ལངས་དགོས་ན། ཐོག་མར་མི་རིགས་རང་ཉིད་ཀྱི་འདས་མ་ད་གསུམ་གྱི་དཔའ་བོ་དང་དཔའ་མོ་ཚོ་གདེངས་འཇོག་དང་ངོས་ཟིན་ཡོད་དགོས། དེ་ལྟར་མི་རབས་རེ་རེར་བསྐུལ་འདེད་དང་བསྒུལ་ཤུགས་སུ་གྱུར་ཡོད།
ཚང་མས་རྒྱབ་སྐྱོར་བྱེད་འོས་པ་རེད། ཨ་མདོ་བ་ཚོས་འོས་ཤོག་བླུགས་རོགས་གནང་། xxxx
ཡི་རང་བསྔགས་བརྗོད་ཞུ།
པདྨ་ཆོས་སྒྲོན་ལགས་ནི་སྐད་ཡིག་༼རྒྱ་བོད་དབྱིན་གསུམ༽ཆུ་ཚད་མཐོ་བའི་བུད་མེད་རྩོམ་པ་པོ་ཞིག་ཡིན་པ་ཙམ་མ་ཟད། མི་རིགས་ཀྱི་ལྟ་བ་དང་། རང་དབང་གི་བསམ་བློ་ཡོད་པའི་བཙན་བྱོལ་ཁྲོད་ཀྱི་བུད་མེད་ཉུང་ཤས་ཡོད་པའི་གྲལ་ནས་གཅིག་ཡིན། ད་ལན་ཁོ་མོ་མདོ་སྨད་སྤྱི་འཐུས་ལངས་པར་དགའ་བསུ་ཡོད།
Bonpo ལེགས་དང་། གཅན བཟོད་རྒྱམ་མཆོག་ལྷན་རྒྱས་ལ་རིམ་བཞིན། ཞང་ཞུང་སྐད་དང་། རྒྱུ་གར་སྐད་ནས་བོད་སྐད་དུ་བསྒྱུར་པ་དག་བོད་སྐད་མ་ཡིན་པར་འདོད་ན། བོད་རང་གི་སྐད་འདི་ཞེས་བསྟན་རྒྱུ་ཡོད་དགོས། ཏི་ཞེས་པ་ཁོ་ན་ཞུང་ཞུང་གི་སྐད་ལ་དྭགས་སོགས་སུ་ལུས་ཡོད། ཁ་ཏི། སྣ་ཏི། ར་ཏི། གངས་ཏི་སེ་སོགས་ཡིན།
བོད་དབུས་ཀྱི་དམག་མི་ཕོན་ཆེན་གྱིས་ཞང་ཞུང་གུ་གེ་དང་། ལ་དྭགས་སོགས་སུ་གང་སྟེ་རྩ་བའི་མི་རིགས་སྐད་དེ། ཞང་ཞུང་སྐད་དང་། ལ་དྭགས་སོགས་ཀྱི་སྐད་ཀྱི་བཤུལ་ཙམ་ལས་མ་ལུས། ཏ་ཟིག་དང་། རྒྱ་གར་ནས་བསྒྱུར་པའི་དཔེ་ཆའི་གཞུང་གིས་བོད་ཀྱི་ལྟ་གྲུབ་ལ་འགྱུར་བ་བྱུང་བདེན་ཡང་། གོ་དོན་དེ་དག་བོད་སྐད་དུ་བསྒྱུར་པའི་སྐད་དེ་བོད་སྐད་རང་དུ་འདོད་དགོས། དེས་ནས་རྒྱ་གར་ནས་བསྒྱུར་པའི་དཔེ་ཆ་དག་གི་མིང་། རྒྱ་གར་སྐད་དུ། འདི་དང་འདི་ཞེས་པ་དང་། བོད་སྐད་དུ། འདི་དང་འདི་ཞེས་པ་མཆིས། དེ་བཞིན་དུ། ཞང་ཞུང་གི་སྐད་དུ་འདི་དང་འདི་ཞེས་པ་དང་། བོད་སྐད་དུ། འདི་དང་འདི་ཞེས་པ་མཐོང་བ་ཞིག་དྲན་ཡུལ་ན་ཡོད་དོ།
་
གཅན བཟོད་རྒྱམ་མཆོག་ལ་རི་རྫོང་དགོན་དབུ་མ་བྱང་ཆུབ་གླིང་དང་། གནུབས་རའི་བསམ་གཏན་གླིང་སོགས་ཕྱག་འདེགས་པ་པོ་བླ་མ་ཚུལ་ཁྲིམས་ཉི་མའི་རྣམ་ཐར་དེབ་གཟུགས་མ་གཉིས་ཕྱག་ཏུ་སོན་པར་བསོད་ནམས་ཆེ། རི་རྫོང་དགོན་དུ་སྤར་ཤིང་ཡོད་པ་ལས་གླེགས་བམ་གསུམ་ཙམ་༢༠༠༣་ལ་བོད་ཤོད་དུ་སྤར་དུ་ཅུག་པ་ཡིན། རྗེས་སུ་ལ་དྭགས་རིག་གཞུང་ལས་སྡེས་དེབ་གཟུགས་སུ་སྤར་བསྐྲུན་མཛད། ༧སྐྱབས་མགོན་བླ་མ་རིན་པོ་ཆེས་དུས་འཁོར་དབང་ཆེན་ལན་སོ་གསུམ་པ་ལ་དྭགས་སུ་སྩོལ་སྐབས་རྣམ་ཐར་དེ་ཡི་དོན་བསྡུས་ཚིགས་བཅད་དུ་བྲིས་པ་ཤོག་གྲངས་གཉིས་བརྒྱ་དང་ཉི་ཤུ་རྩ་གྲངས་ཡོད་པའི་དེབ་ཆུང་ཞིག་ཡོད་པ་འགྲེམ་འབུལ་ཞུས་པའི་སྐལ་བཟང་བྱུང་ངོ་།
བོད་ཤོད་ཅེས་པ་བོད་ཤོག་ཏུ་བཅོས་སོ།
རྒན་ལ་དྭགས་བློ་བཟང་ལགས། ཁྱོད་ཀྱིས་(རྣམ་ཐར་དེ་ཡི་དོན་བསྡུས་ཚིགས་བཅད་དུ་བྲིས་པ་ཤོག་གྲངས་གཉིས་བརྒྱ་དང་ཉི་ཤུ་རྩ་གྲངས་ཡོད་པའི་དེབ་ཆུང་ཞིག་ཡོད་པ་འགྲེམ་འབུལ་ཞུས་པའི་སྐལ་བཟང་བྱུང་ངོ་།) ཞེས་པའི་དེབ་ཆུང་དེ་གང་ནས་རེག་ཐུབ་བམ།
ཡང་ཉིད་ཀྱིས་ནུབ་ར་ལ་གནུབས་ར་ཞེས་བྲིས་འདུག་པའི་དོན་གང་ཡིན་ནམ།་སྔར་ལྡུམ་ར་ཞེས་པ་ལ་དེ་ནུབ་ར་ཞེས་འབྲི་བཞིན་པ་དེང་གི་ལ་དྭགས་པའི་མཁས་པ་མང་པོས་འགྲེལ་བཤད་གནང་འདུག
གཅན བཟོད་རྒྱམ་མཆོག་ལ་བདག་གིས་བྲིས་པའི་བླ་མ་ཚུལ་ཁྲིམས་ཉི་མའི་རྣམ་ཐར་དེ་གཅིག་ན། རྡོ་རྗེ་ཚེ་རིང་ལྡི་ལི་ནས་འབུལ་ངེས། ཁོང་སྐད་སྤར་ཨང་གྲངས། ༩༨༡ ༡༢༡་༥༠༦༡ ཡིན།
ནུབ་ར་དང་། ལྡུམ་ར། ཞེས་པ་འགྲེལ་བཤད་བྱས་ཡོད་ཀྱང་། དོན་དངོས། གནུབས་ཞེས་པའི་མི་རིགས་ཤིག་བོད་ཀྱི་ས་གནས་དབུས་དང་མདོ་སྨད་སོགས་སུ་ཡང་ཡོད་པས། གནུབས་ཀྱི་མི་རིགས་མར་ཡུལ་ཏེ། ལ་དྭགས་ཕྱོགས་སུ་གཞིས་ཆགས་པ་ལ་གནུབས་རྭ་ཞེས་མིང་ཆགས་སོ་སྙམ། ༡༠༩༨ དང་ ༢༠༡༠ བདག་ལུང་པར་དེར་སླེབས། དེར་གནས་ སྐྱེ་བོ་ཀུན་ཡ་རབས་ཀྱི་སྤྱོད་པར་གཞོལ་བར་སྣང་ངོ་།
་
གནུབས་སངས་རྒྱས་ཡེ་ཤེས་ཀྱི་ཞལ་དུ་ཨོཾ་ཨཱ་ཧཱུཾ། ཞེས་པ་བཙུན་ཆུང་ཡིན་སྐབས་ཡང་ཡང་ཐོས་མྱོང། གནུབས་སངས་རྒྱས་ཡེ་ཤེས། ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱུང་ཞེས་ཚིག་མཛོད་ན་གསལ་ལོ།
ཀྱེ་ལ་དྭགས་བློ་བཟང་འཇམ་དཔལ་ལགས། །
ཁྱེད་ཀྱིས་༼རྒྱུ་གར་སྐད་ནས་བོད་སྐད་དུ་བསྒྱུར་པ་དག་བོད་སྐད་མ་ཡིན་པར་འདོད་ན། བོད་རང་གི་སྐད་འདི་ཞེས་བསྟན་རྒྱུ་ཡོད་དགོས།༽
གསུངས་པའི་ལན་དུ་ཕུལ་བ། རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་པ་དག་བོད་དང་རྒྱ་གར་གྱི་སྐད་གཉིས་མཉམ་སྦྲེལ་བྱས་པའི་བསྒྱུར་སྐད་ཅིག་གམ་ཡང་ན་བཅོས་སྐད་དེང་སང་བཤད་སྟངས་ལྟར་བྱས་ན་བསྦྲགས་སྐད་ཟེར་བ་དེ་ཡིན་པར་སེམས། བོད་སྐད་བཟང་མ་ནི་མིན་ཞིང་ད་དུང་རྒྱ་གར་གྱི་སྐད་དང་རིག་གཞུང་གཙོ་བོར་བཟུང་ནས་བོད་སྐད་དང་བོད་ཀྱི་རིག་གཞུང་ཕལ་པའི་ཚུལ་དུ་བོད་ཀྱི་མི་བུར་གོ་རྒྱུ་ཡོད་པ་བཟོས་པ་ཞིག་རེད། སྐད་ཟེར་བ་དེ་རྣ་བས་ཐོས་རྒྱུ་ཡོད་པ་འདི་ཙམ་མིན་པར། དེ་དང་ལྷན་དུ་རིག་གཞུང་དང་གོམས་གཤིས་ལྟ་བ་བསམ་བློའི་ཁྱེར་ཕྱོགས་སོགས་མང་པོ་ཞིག་ཡོང་གི་ཡོད་པས་གནད་དོན་དེ་ཚོ་ངེས་པར་དུ་མཁྱེན་དགོས་པ་རེད་དོ། ད་དུང་ཁྱེད་ཚོས་བཤད་སྲོལ་ལ། ཆོས་ཚིག་མང་པོ་ཞིག་སྔོན་བོད་སྐད་རང་ལུགས་ལ་རྩ་བ་ཉིད་ནས་མེད་པར་གསར་གཟོ་བྱས་ཡོད་རབས་ཤོད་ཀྱི་འདུག་བ། དེ་ཚོའི་དགོས་མཁོ་གཙོ་བོ་དེ་རྒྱ་གར་སྐད་ཀྱི་འགྲོས་ལ་བསྟུན་ནས་གསར་བཟོ་བྱས་པ་མིན་ན་གང་ཡིན་ནམ། དེ་ཡིན་དུས་བརྒྱུར་བཅོས་ཀྱི་སྐད་དེ་བོད་སྐད་བཟང་མ་ཡིན་པ་ད་གཟོད་ཤེས་དགོས་སོ། དེ་ཡང་རྒྱ་གར་གྱི་སྐད་འགྲོས་གཙོ་བོར་བཟུང་ནས་བོད་སྐད་ནང་བསྒྱུར་བའི་ཚིག་གསར་དེ་རྣམས་སྔོན་བོད་སྐད་རང་ལུགས་ལ་རྩ་བ་ཉིད་ནས་མེད་པའི་རྒྱུ་མཚན་ཉག་གཅིག་ལ་བརྟེན་ནས་གསར་བཟོ་ཞེས་པ་དེ་བྱེད་དགོས་བྱུང་བ་རེད། དེས་མི་ཚད་བརྡ་གསར་བཅད་ཟེར་བ་ཐེངས་འགའ་གཏན་ལ་ཕབས་དགོས་པའི་དཀའ་ངལ་འབྱུང་སའི་གཞི་མ་གཙོ་བོ་དེ་ཡང་གཞན་གྱི་རིག་གཞུང་གཞི་རྩར་བཞག་རང་གི་རིག་གཞུང་ཕལ་བར་བཟུང་ནས་གསར་བཟོ་མང་པོ་བྱས་པའི་རྐྱེན་ལ་བརྟེན་ནས་བྱུང་བར་སྙམ་མོ། ། འདི་ལ་ལན་ཞིག་ཡོད་པ་ཞུ། །
བཀུར་འོས་རྒན་ལ་དྭགས་བློ་བཟང་ལགས་ལ་བཀའ་དྲིན་ཆེ་ཞུ། འོ་ན་ངས་ལྡི་ལིར་གནས་བཞུགས་རྡོ་རྗེ་ཚེ་རིང་ལགས་ལ་འབྲེལ་བ་ཞུས་ངེས་ཡིན།
གཞན་གནུབས་ཀྱི་རིགས་རྒྱུད་གནས་དེར་གཞིས་ཆགས་པས་ན་གནུབས་ཟེར་བའི་གོ་བ་དེ་ཐེངས་དང་པོ་ཡིན། བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེའི་སྐོར་ནས་ད་དུང་ཡང་འགྲེལ་བཤད་དང་ཁུངས་ལུང་གང་ཡོད་རེ་གནང་རྒྱུ་མཁྱེན།
༼དེ་ཡིན་དུས་བརྒྱུར་བཅོས་ཀྱི་སྐད་དེ་བོད་སྐད་བཟང་མ་མ་ཡིན་པ་ད་གཟོད་ཤེས་དགོས་སོ།༽ ཞེས་བཅོ་རོགས་གནོངས། བཀའ་དྲིན་ཆེ། །
ཀྱེ་BONPO ་ལེགས། སྙན་བསངས་ཏེ། གསོན་གྲོགས, བོད་སྐད་གཙང་མ་བཀོལ་ནས། ཡུལ་གཞན་ཏ་ཟིག་སོགས་ཀྱི་ལྟ་བ་དང་། ཆོ་ག་བོད་པས་གོ་རྟོགས་འོང་ཐབས་བྱེད་ཀྱང་། ཇི་ལྟ་བ་བཞིན་བློ་ལ་ངེས་པ་ནི་དཀའ། དཔེར་ན། རྒྱ་གར་སངས་རྒྱས་པས་འདོད་པའི་བདག་མེད། ཅེས་པ་ལྟ་བུ་ཡིན། སྐད་མི་འདྲ་བ་བྱུང་བ་ནི། སྐད་རང་ལ་འགྱུར་བ་འབྱུང་བའི་དབང་གིས་ཡིན་གྱིས། ཡུལ་གཞན་གྱི་ལྟ་བ་དང་། ཆོ་ག་སོགས་བོད་སྐད་དུ་བསྒྱུར་པས། བོད་སྐད་ལ་འགྱུར་བ་ཐེབས་པ་ཞིག་གཏན་ནས་མ་ཡིན། དེ་ཡང་ཐོན་མིས་རང་དུས་ཀྱི་བོད་སྐད་དང་མཐུན་པར་སྒྲའི་བསྟན་བཅོས་དྲུག་མཛད་ཅེས་ཀྱང་། དེ་དག་ལས་དོན་དུ་གཅིག་ཀྱང་མིག་མཐོང་མེད། བཀའ་བསྟན་གསུང་འབུམ་རྣམས་དང་། བོན་གྱི་བཀའ་བརྟེན་དག་ན་བྲིས་པའི་སྐད་དེ་མ་ཉམས་པར་བྱེད་དགོས། དཔེར་ན། རྒྱ་གར་ཕལ་སྐད་ལ་བོད་ཀྱི་སྐད་ལས་འགྱུར་བ་ཆེར་ཡོད་ཀྱང་། བྲིས་པའི་སྐད་དེ་ལ་འགྱུར་བ་མེད་པར་བཀོལ་བས། པཱ་ཎི་ནི་ཞེས་པའི་ལེགས་སྦྱར་བརྡ་སྥྲོད་ལ་མཁས་པས་༢༤༠༠་ཙམ་ཀྱི་སྔོན་དུ་དིང་དུས་རྒྱ་གར་མ་ཡིན་པ་ཨཕ་ག་ནི་སྟཱན་ཀ་བུལ་ཕྱོགས་སུ་བྲིས་པའི་ལེགས་སྦྱར་གྱི་སྒྲའི་བསྟན་བཅོས་དེ་ད་ལྟར་ལེགས་སྦྱར་སྐད་དུ་ཚད་མར་འཛིན། དེ་བཞིན་རང་རེ་བོད་རིགས་དག་གིས་ཀྱང་སྔར་གྱིས་མཁས་པ་ཀུན་གྱིས་བཀོལ་པ་བཀའ་བསྟན་གསུང་འབུམ་དང་། བོན་གྱི་རིག་གཞུང་བྲིས་པ་རྣམས་ན་ཡོད་པའི་སྐད་དང་མིང་ཚིག་ཀུན་རང་རེས་མ་ཉམས་པར་འཛིན་དགོས། གསར་དུ་མིང་ཚིག་གསར་པ་སྐྲུན་པ་ཡང་བོད་སྐད་གཙང་མ་ཡིན་པ་གཞིར་བཟུང་ཐོག་བྱས་པ་ནི། སངས་རྒྱས་དང་། ཆོས། དགེ་འདུན། གསུམ་ལ་མཚོན་ན། སངས་དང་རྒྱས་ཞེས་པའི་མིང་ཚིག་གཉིས་བོད་སྐད་དུ་ཡོད་ཡོད་པ་ཞིག་ཡིན་དགོས། ཆོས་ཞེས་པ་འཆའ་བའི་སྐུལ་ཚིག་ལས་བྱུང་བ་བོད་སྐད་རང་དུ་ཡོད་པ་གཞིར་བཞག། དགེ་འདུན། ཞེས་རྗེས་འཇུག་སྔོན་དང་ད་ལྟར་ཡང་། ཟན་དང་། ཟས་གང་རུང་དུ་ཡོད་པ་ལྟར་འདུས་ཞེས་ཀྱང་བྱུང་། འདུས་པ་ཙམ་མ་ཡིན་པར་དགེ་སློང་ཀུན་འདུས་པ་ལ་དགེ་ཞེས་གོང་དུ་བསྣན་ནས་དགེ་འདུན་ཞེས་བྱུང་ངོ་།
“སྐད་ཟེར་བ་དེ་རྣ་བས་ཐོས་རྒྱུ་ཡོད་པ་འདི་ཙམ་མིན་པར། དེ་དང་ལྷན་དུ་རིག་གཞུང་དང་གོམས་གཤིས་ལྟ་བ་བསམ་བློའི་ཁྱེར་ཕྱོགས་སོགས་མང་པོ་ཞིག་ཡོང་གི་ཡོད་པས་གནད་དོན་དེ་ཚོ་ངེས་པར་དུ་མཁྱེན་དགོས་པ་རེད་དོ།” འདི་ལ་ལན། “ཏ་ཟིག་དང་། རྒྱ་གར་ནས་བསྒྱུར་པའི་དཔེ་ཆའི་གཞུང་གིས་བོད་ཀྱི་ལྟ་གྲུབ་ལ་འགྱུར་བ་བྱུང་བདེན་ཡང་། “ཞེས་པས་བཏབ་ཟིན་ཏོ།
ང་བོད་གཙང་དུ་ཡོད་སྐབས་ཡིན་ཤས་ཆེ། ཐང་གཅིག་ཅེས་པ་ཐོས་མྱོང་། དེ་ལ་ངའི་ལུང་པའི་ཕལ་སྐད་དུ་ཡང་ལན་གཅིག་ཟེར། དིང་སང་ཕལ་སྐད་ན་སྒྲ་གདངས་སྔོན་རྗེས་སོགས་ལེགས་པར་འཐོན་པ་མེད་པས་སྔོན་རྗེས་མང་པོ་དོར་བ་དང་། སྔར་མེད་གསར་དུ་བསྣན་པ་ཡང་མཐོང་ཏེ། ཐེངས། ཞེས་པ་འདི་ཉིད་སྔར་བྲིས་བཀའ་བརྟེན་སོགས་ན་ཡོད་དམ། ཁྱེད་ཀྱི་བརྗོད་ཚིག་ཐ་མ་དང་། བདག་གིས་འདོད་ཚུལ་གཉིས་གཏན་ནས་མི་འདྲ་སྟེ། བྲིས་མེད་པའི་སྐད་ལ་འགྱུར་བ་འབྱུང་བས་ཡིན་གྱི། བཀའ་བསྟན་བསྒྱུར་པ་ལ་བརྟེན་ནས་བྱུང་བ་མ་ཡིན་པར་འདོད། མཐའ་དོན། ཐེངས། ཞེས་པ་སྔར་བྲིས་བོད་ཀྱི་དཔེ་ཆ་གང་ན་ཡོད་དམ། ཞེས་ཕྱག་འཚལ་བཅས་བྲིས་སོ།