ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་དྲ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དབུས་འོས་བསྡུ་ལས་ཁང་གིས་འོས་སྒྲིག་དོན་ཚན་ ༢༤ ནང་གསེས་ཁག་གཅིག་ལ་མང་ཚོགས་ཁྲོད་གོ་བ་ལེན་ཕྱོགས་འདྲ་མིན་ཡོང་བཞིན་པར་བརྟེན། ད་ནས་བཟུང་ཚང་མས་གཅིག་གྱུར་ཡོང་ཆེད་བཙན་བྱོལ་བོད་མིའི་དབུས་འོས་བསྡུ་ལས་ཁང་གིས་སྐབས་དོན་འབྲེལ་ཆགས་འོས་སྒྲིག་དོན་ཚན་དང་ལམ་སྟོན་གནང་བ་ཁག་གི་གོ་བ་ལེན་སྟངས་དང་། འགྲེལ་བཤད་ངོས་འཛིན་ཞུ་སྟངས་སོགས་ཀྱི་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན།
ནང་གསེས། ༢ ཡང་ན་འོས་གཞིའམ། འོས་འཕེན་པ་ཞིག་ལ་དྲག་ཤུགས་ཀྱི་ཐོག་ནས་འཇིགས་སྣང་སྐུལ་བའམ། སྐྱེ་བོ་གང་དག་འོས་གཞིར་འཛུལ་འཐེན་བྱེད་པ་དང༌། འོས་བསྡུ་བྱེད་དང་མི་བྱེད་པ་བཅས་འོས་བསྡུའི་རང་དབང་ལ་ཐེ་བྱུས་དང་འགལ་རྐྱེན་བྱེད་པ།
དེ་ལྟར་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། སྐྱེ་བོ་དེར་ལོ་བཅུ་རིང་གཞུང་འབྲེལ་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ།
འགྲེལ་བཤད།
༼འོས་གཞིའམ་འོས་འཕེན་པའི་སྐྱེ་བོ་ཞིག་ལ་ཐལ་ཆ་ཆེ་བའི་ལུས་ངག་གང་རུང་གི་དྲག་ཤུགས་ཀྱིས་འཇིགས་སྣང་བསྐུལ་ཏེ་མང་གཙོའི་གལ་གནད་ཆེ་ཤོས་འོས་བསྡུའི་རང་དབང་ལ་ཐེ་བྱུས་དང་། འགལ་རྐྱེན་བྱས་པ་ལ་བརྟེན་ནས་འོས་གཞིར་ལངས་མ་ཐུབ་པ་དང། མི་འདོད་བཞིན་དུ་འོས་བསྡུ་བྱེད་དང་མི་བྱེད་པ་ཞིག་ལ་གོ་དགོས།༽
ནང་གསེས། ༣ ཡང་འོས་གཞིའི་སྐྱེ་བོ་གཞན་ཞིག་གམ། དེའི་ཕྱོགས་གཏོགས། གཞན་ཡང་སྐྱེ་བོ་སུ་རུང་ནས་སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་བསམ་སྦྱོར་ངན་པས་ཀུན་ནས་བསླངས་ཏེ་གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང༌། ལུང་ཚན། ཆོས་བརྒྱུད། སྤྱི་ཚོགས་བཅས་ཀྱི་དབར་དབྱེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་འབྱུང་གཞིའི་རྐྱེན་སློང་བྱེད་པ།
དེ་ལྟར་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། འགལ་ཚབས་ཆེ་བར་ངོས་འཛིན་གྱིས་འོས་གཞིའི་སྐྱེ་བོ་དེའི་འོས་ཤོག་ཆ་ཚང་རྩིས་མེད་དང། དེའི་ཕྱོགས་གཏོགས་དང་། གཞན་ཡང་སྐྱེ་བོ་སུ་རུང་དེར་ལོ་བཅུ་རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ།
འགྲེལ་བཤད།
༼འོས་གཞིའི་སྐྱེ་བོ་གཞན་ཞིག་གམ། དེའི་ཕྱོགས་གཏོགས། གཞན་ཡང་སྐྱེ་བོ་སུ་རུང་ནས་སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་བསམ་སྦྱོར་ངན་པས་ཀུན་ནས་བླངས་ཏེ་གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང། ལུང་ཚན། ཆོས་བརྒྱུད། སྤྱི་ཚོགས་བཅས་ཀྱི་དབར་དབྱེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་ས་གནས་གང་ཞིག་ཏུ་དངོས་སུ་བྱུང་སྟེ་དེའི་རྐྱེན་གྱིས་ས་གནས་གཞན་དུའང་གཅིག་མཚུངས་ཕན་ཚུན་འཁོན་འཁྲུག་གཅིག་མཇུག་གཉིས་ལངས་ཀྱིས་སྤྱི་ཚོགས་ཟང་ཟིང་དངོས་སུ་བྱུང་བ་ཞིག་ལ་གོ་བ་ཡིན།༽
ནང་གསེས། ༥ འོས་གཞི་སུ་ཐད་ནས་འོས་བསྡུའི་ལས་དོན་སྐོར་མི་མང་བསྐོང་ཚོགས་ཀྱིས་དྲང་བདེན་མིན་པའི་གནས་ཚུལ་གསལ་བསྒྲགས་བྱེད་པ་དང་ཡིག་ཆ་འགྲེམས་སྤེལ་བྱེད་པ།
དེ་ལྟར་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། འོས་གཞི་མི་འགྲོ་དེའི་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུ།
འགྲེལ་བཤད།
༼འོས་གཞི་སུ་ཐད་ནས་དབུས་སའི་འོས་བསྡུའི་ལས་དོན་བྱེད་ཕྱོགས་ཐོག་དྲང་བདེན་མིན་པའི་གནས་ཚུལ་ཁྱབ་སྤེལ་བྱེད་པ་དང་། ཁུངས་མེད་ཡིག་ཆ་འགྲེམས་སྤེལ་བྱེད་པ་ཞིག་ལ་གོ་བ་ཡིན།༽
ནང་གསེས། ༨ འོས་བསྡུའི་ལས་རིམ་གསལ་བསྒྲགས་ཟིན་པའི་ཉིན་མོ་ནས་སྲིད་སྐྱོང་དང། བཀའ་བློན། སྤྱི་འཐུས་བཅས་འབྲེལ་ཡོད་འོས་གཞིའི་ནང་ཞུགས་བློ་ཡོད་ཚེ། སྒྲིག་འཛུགས་དང། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱུང་རིགས་ནང་གཞུང་འབྲེལ་གྱི་ངོ་བོར་ཚོགས་བཅར་མི་ཆོག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང། དངུལ་དངོས་གང་ཡང་བེད་སྤྱོད་མི་ཆོག གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་སུ་ཡང་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་རིགས་བྱ་མི་ཆོག
ས་གནས་གང་དུའང་དེ་ལྟར་བྱས་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། འོས་གཞི་དེར་ས་གནས་དེའི་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུ།
འདི་འབྲེལ་ལམ་སྟོན།
༼གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་རིགས་བྱ་མི་ཆོག་ཅེས་པ་ལ། གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་སུ་ལས་དོན་དེ་དང་འབྲེལ་བའི་གནད་དོན་ཁོ་ན་མ་གཏོགས། དེ་མིན་དངོས་སུ་སོ་སོ་རང་ཉིད་ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་འདས་པའི་ལས་དོན་བྱས་འབྲས་དང། མ་འོངས་བྱེད་འཆར་སོགས་ཀྱི་གཏམ་བཤད་རིགས་སྐབས་དུས་གང་དུ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་མི་ཆོག་པ་ལ་གོ་བ་ཡིན། གལ་སྲིད་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་ས་གནས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་གང་རུང་གིས་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་གོ་སྒྲིག་ཐོག་གདན་ཞུ་བྱུང་རིགས་གཞུང་འབྲེལ་ལས་དུས་ལ་དོ་ཕོགས་མེད་ཚེ་སྒེར་ངོས་ནས་བསྐྱོད་འཐུས།༽
འོས་སྒྲིག་དོན་ཚན་ ༢༤ ནང་གསེས་ ༩ པའི་འབྲུ་དོན་ལྟར་གྱི་ལམ་སྟོན་དོན་ཚན་ ༩ ཅན་གྱི་ནང་གསེས་ཁག་ཅིག་གི་གོ་བ་ལེན་ཕྱོགས་ཀྱི་འགྲེལ་བཤད་གཤམ་གསལ།
༢། གཞུང་འབྲེལ་ངོས་ལེན་ཡོད་པའི་ཚོགས་པ་ཁག་ཕུད་སྤྱི་སྒེར་སུ་ཐད་ནས་སྲིད་སྐྱོང་ངམ་སྤྱི་འཐུས་འོས་གཞིའི་སྐྱེ་བོ་དེའི་ཡིག་ཐོག་ཆོག་མཆན་མེད་པར་ས་གནས་གང་དུ་ཡང་རྒྱབ་གཉེར་གསལ་བསྒྲགས་དང་དེ་འབྲེལ་འགྲོ་སོང་གཏོང་མི་ཆོག ཆོག་མཆན་ཡོད་པའི་འགྲོ་སོང་ཁག་འོས་གཞིར་ཡོད་པའི་སྐྱེ་བོ་དེའི་འོས་བསྡུ་དང་འབྲེལ་བའི་འགྲོ་གྲོན་རྩིས་ཁྲའི་ཁོངས་སུ་བརྩི་དགོས།
དེ་ལྟར་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། སྒྲིག་དོན་ལོ་ལྔ་རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ། འོན་ཀྱང་འགྲོ་གྲོན་མེད་པའི་རྒྱབ་གཉེར་གསལ་བསྒྲགས་རིགས་དོན་ཚན་འདི་དང་བསྟུན་མི་དགོས།
འགྲེལ་བཤད།
༼བོད་མིའི་སྒྲིག་འཛུགས་ནས་ངོས་ལེན་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནི། དབུས་གཙང་དང་། མདོ་སྟོད། མདོ་སྨད། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། མངའ་རིས་སྤྱི་མཐུན་ཚོགས་པ། བོད་ཀྱི་རྒྱལ་ཡོངས་ཆིག་བསྒྲིལ་ཚོགས་པ། བོད་ཀྱི་རྒྱལ་ཡོངས་ཆབ་སྲིད་བཙོན་གྲོལ་ཚོགས་པ། བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་བཅས་དབུས་ཚོགས་པ་བཅུ་གཅིག་ལ་གོ་བ་ཡིན། གཞན་ཡང་འོས་གཞིའི་སྐྱེ་བོ་དེས་རྒྱབ་སྐྱོར་གསལ་བསྒྲགས་བྱེད་འཐུས་ཆོག་པའི་ཡིག་ཐོག་ཆོག་མཆན་གནང་བའི་ངོ་བཤུས་འབྲེལ་ཆགས་ས་གནས་འོས་བསྡུ་ལས་ཁང་དུ་ངེས་འབུལ་དགོས་པ་ཡིན།༽
༣། འོས་གཞིའི་སྐྱེ་བོ་སོ་སོའི་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་བྱུང་སོང་རྩིས་ཁྲ་མཐའ་དག་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་གོང་འོས་མི་ཡོང་ཁུངས་སོ་སོའི་ས་གནས་འོས་བསྡུ་ལས་ཁང་དུ་འབུལ་དགོས།
འོས་བསྡུའི་ལས་དོན་དང་འབྲེལ་བའི་བྱུང་སོང་རྩིས་ཁྲ་མཐའ་དག་རྣམ་ཀུན་རྩིས་ཞིབ་སྐབས་དགོས་མཁོའི་རྒྱབ་ལྗོངས་དན་རྟགས་མཉམ་སྦྱར་དགོས་པ་ལྟར་དགོས་ངེས་རྣམས་ཆ་ལག་ཚང་བ་ཁམས་གཙང་དུས་ཐོག་མ་ཕུལ་བ་ཡིན་ན། ཉེས་ཆད་ནི། འོས་གཞི་སྐྱེ་བོ་གང་དེའི་འོས་ཐོབ་ཀྱི་བརྒྱ་ཆ་ ༡༠ གཅོག་རྒྱུ།
འདི་འབྲེལ་ལམ་སྟོན།
༼འོས་གཞི་སྐྱེ་བོ་སོ་སོའི་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་བྱུང་སོང་རྩིས་ཁྲ་ཁམས་གཙང་དུས་ཐོག་ཕུལ་མིན་དང། དངུལ་འབོར་ཚད་གཞི་ལས་བརྒལ་མིན། དངུལ་འབོར་ཁྲིམས་མཐུན་ཡིན་མིན་བཅས་ལ་ས་གནས་འོས་བསྡུ་ལས་ཁང་གིས་ཞིབ་འཇུག་གང་གནང་བ་དེར་རྩ་འཛིན་ཞུ་དགོས།༽
༤། སྲིད་སྐྱོང་ངམ། སྤྱི་འཐུས་སུ་འོས་པའི་མི་འགྲོ་དམིགས་འཛུགས་ཀྱིས་རྒྱབ་གཉེར་གསལ་བསྒྲགས་ཡིག་ཆ་དང། ལྟེབ་ཤོག་འགྲེམ་སྤེལ། གྱང་སྦྱོར་པར་རིས་གསལ་བསྒྲགས་སོགས་ཀྱི་ནང་འགྲེམ་སྤེལ་དང་དཔར་སྐྲུན་བྱེད་མཁན་གཉིས་ཀྱི་མིང་བྱང་ངེས་གསལ་དགོས་རྒྱུ།
དེ་ལྟར་བྱས་འཛོལ་རིགས་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། ལོ་ལྔ་རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ།
འདི་འབྲེལ་ལམ་སྟོན།
༼སྲིད་སྐྱོང་ངམ། སྤྱི་འཐུས་སུ་འོས་པའི་མི་འགྲོ་དམིགས་འཛུགས་ཀྱིས་རྒྱབ་གཉེར་གསལ་བསྒྲགས་ཡིག་ཆ་དང། ལྟེབ་ཤོག་འགྲེམ་སྤེལ། གྱང་སྦྱོར་པར་རིས་གསལ་བསྒྲགས་སོགས་ཀྱི་ནང་འགྲེམ་སྤེལ་དང་དཔར་སྐྲུན་བྱེད་པོ་སུ་རུང་གི་མིང་དང་ཁ་བྱང་ཁ་གསལ་ངོས་འཛིན་ཐུབ་པ་འབྲི་བཀོད་མེད་པའི་རིགས་ཡིག་འཁྱམ་དུ་ངོས་འཛིན་ཞུ་རྒྱུ།༽
༥། འོས་གཞིར་ཞུགས་མཁན་སུ་ཐད་ནས་ཀྱང་སྐབས་དོན་སོ་སོར་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དྲིལ་བསྒྲགས་ཡིག་ཆའི་ཐོག་༸གོང་ས་མཆོག་གི་སྐུ་པར་དང། བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས། དེ་བཞིན་མཚོན་རྟགས་ཚུལ་དུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་བོད་ཀྱི་ས་བཀྲ་སོགས་གང་དུ་ཡང་བེད་སྤྱོད་མི་ཆོག
དེ་ལྟའི་བྱས་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། འོས་གཞི་སྐྱེ་བོ་གང་དེའི་འོས་ཐོབ་ཀྱི་བརྒྱ་ཆ་ ༥ རྩིས་མེད་གཏོང་རྒྱུ།
འདི་འབྲེལ་ལམ་སྟོན།
༼དེ་ལྟར་བེད་སྤྱོད་མི་ཆོག་ཅེས་པའི་གཙོ་གནད་ནི་རང་ཉིད་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དམིགས་ཏེ་རྒྱབ་ལྗོངས་ལ་གསར་དུ་གོང་གསལ་པར་རིས་དེ་དག་བེད་སྤྱོད་མི་ཆོག་པ་ལས། རང་གི་མི་ཚེའི་བྱུང་བའི་ནང་ལས་དོན་སྐབས་དང་ལས་དོན་སྒྲུབ་ཡུལ་སོགས་སུ་པར་རིས་དེ་དག་ཡོད་པ་ཙམ་ལ་གོ་བ་མིན། པར་བསྐྲུན་དང་འགྲེམ་སྤེལ་བྱེད་མཁན་གྱི་མིང་བྱང་ཁ་གསལ་མེད་ཚེ་རྩིས་མེད་གཏོང་རྒྱུ། གལ་སྲིད་སྐྱེ་བོ་སུ་རུང་ནས་དེ་ལྟར་བྱས་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ་ལོ་ ༥ རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་པའི་ཐོབ་ཐང་འཕྲོག་རྒྱུ།༽
༧། འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་བྱེད་སྒོ་ཁག་གནས་ཡུལ་རྒྱལ་ཁབ་སོ་སོའི་ཡུལ་ཁྲིམས་དང་མ་འགལ་བ་བྱེད་དགོས་ཐོག ཆབ་སྲིད་ཀྱི་གནས་སྟངས་དཀའ་ངལ་ཅན་གྱི་ས་ཁུལ་ཁག་ཏུ་འོས་གཞིར་ཞུགས་མཁན་མི་འགྲོའི་འདྲ་པར་དང་གསལ་བསྒྲགས་ཡིག་ཆ་སོགས་སྦྱོར་འགྲེམས་མི་ཆོག
དེ་ལྟར་འགལ་འཛོལ་དངོས་ར་འཕྲོད་པ་བྱུང་ཚེ། ཉེས་ཆད་ནི། འོས་གཞི་དེར་ལོ་ལྔ་རིང་འོས་གཞིར་ཞུགས་རྒྱུའི་ཐོབ་ཐང་དང་། གཞན་སྐྱེ་བོ་སུ་རུང་ལ་ལོ་ལྔ་རིང་གཞུང་འབྲེལ་སྡེ་ཚན་གང་དུ་ཡང་འོས་འཕེན་ཐོབ་ཐང་འཕྲོག་རྒྱུ།
འདི་འབྲེལ་ལམ་སྟོན།
༼དེ་ལྟའི་གནས་སྟངས་བྱུང་ཚེ་ས་གནས་འོས་བསྡུ་ལས་ཁང་དང་མང་ཚོགས་ནས་པར་རིས་དང། གསལ་བསྒྲགས་ཡིག་ཆ་རྣམས་འཕྲལ་མར་བཀོག་སྟེ་མ་འོངས་པའི་དགོས་མཁོའི་ཆེད་ཉར་ཚགས་བྱེད་དགོས་བཅས།༽
མཐའ་དོན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་སྤྱི་དང། ལྷག་དོན་འོས་སྒྲིག་དོན་ཚན་ཉི་ཤུ་རྩ་བཞི་པའི་ནང་གསེས་ཁག་དང་བཅས་པར་དབུས་འོས་བསྡུ་ལས་ཁང་ནས་གཏན་འབེབས་ལམ་སྟོན་གནང་བ་ཁག་ལ་སྐྱེ་བོ་སུ་རུང་གིས་ས་གནས་གང་དུ་འགལ་འཛོལ་བྱས་པ་དངོས་ར་འཕྲོད་པ་བྱུང་ཚེ་དཔང་རྟགས་དང་བཅས་པ་སྐབས་འཕྲལ་ས་གནས་འོས་བསྡུ་ལས་ཁང་དུ་སྙན་གསན་ཞུ་དགོས་པ་ཡིན། དེ་མིན་སྐྱེ་བོ་སུ་རུང་ལ་བོད་མིའི་ཡ་རབས་བཟང་སྤྱོད་དང་འགལ་ཞིང་། བོད་མི་ནང་ཁུལ་དབྱེན་སྦྱོར་དཀྲུགས་ཤིང་གི་གཞིར་གྱུར་བའི་དྲང་བདེན་མིན་པའི་སྐྱོན་བརྗོད་དང། དམའ་འབེབས་ཟུར་ཟ་སོགས་དགྲ་དགའ་གཉེན་སྡུག་གི་འཆལ་གཏམ་རིགས་དྲ་ལམ་སོགས་སུ་གང་བྱུང་མི་སྤེལ་བའི་འབོད་བསྐུལ་ནན་པོ་ཞུ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། དབུས་འོས་བསྡུ་ལས་ཁང་ནས་ ༢༠༡༥ ཟླ་ ༩ ཚེས་ ༣ ལ།།
དབུས་འོས་བསྡུ་ལྷན་ཁང་ནས་ཐོག་མར་དབུས་གཙང་སྤྱི་འཐུས་ལས་ཐོགས་ཟླ་བ་ཚེ་རིང་ལགས་ཁྲིམས་ལ་ཚུད་ཟིན་པ་གཞིར་བཟུང་ནས་སྤྱི་འཐུས་འོས་ཞུགས་མི་ཆོག་པ་བསྒྲགས་འོས། དེ་ལྟ་མ་བྱུང་ན་མི་མང་ནང་ཡིད་ཆེས་བརླག་ནས་ཚར་ཚར་བ་རེད།