ལྡོང་གི་ལྷ་རྩེ།
དེ་རིང་ཤར་ཕྱོགས་ཉི་མའི་རྒྱལ་ཁབ་ཏུ། །
གསང་སྔགས་ཐོག་མར་འདྲེན་པའི་སྟོན་པ་མཆོག།།
༼ཁུའུ་ཀའེ་༽སྟོང་ཉིད་རྒྱ་མཚོ་འབོད་པའི་རྗེའི། །
གནས་ཆེན་ཀོ་ཡཱ་རི་བོའི་རྩེ་རུ་འབྱོར། །
ཚང་ཚིང་ནག་ཀླུང་སྟུག་པོ་འཁྲིགས་པའི་དབུས། །
གྲང་ལྷག་ངར་མོས་སྡོང་ལོ་གསིག་དང་ལྷན། །
སོ་ཕག་ལྕགས་རིས་སྐོར་བའི་དབེན་དགོན་དུ། །
སེམས་ཀྱི་ངལ་གསོ་ཐེངས་གཅིག་བྱེད་དགོས་གསུངས། །
རྡེའུ་མང་གཅར་དུ་བཀྲམ་པའི་སྒོ་ར་ན། །
རང་བྱུང་ཤིང་ལས་གྲུབ་པའི་ལྷ་ཁང་བརྗིད། །
དྲ་མིག་ཤོག་སྒོས་བཅད་པའི་སྤྱིལ་བུའི་ནང་། །
རྩྭ་གདན་བླས་མའི་ངོས་སུ་མལ་ལ་ཉལ། །
དྲ་རྒྱ་བརྡ་རྟགས་བྲལ་བའི་རི་ཁྲོད་ནི། །
སེམས་ཀྱི་རང་ངོ་འཕྲོད་སའི་གནས་ཡིན་སྐད། །
ཡིད་སེམས་བྱིང་རྒོད་གཅུན་པའི་ཐབས་མེད་ན། །
ཕྱི་ཡུལ་ལྷིང་འཇགས་ཙམ་གྱིས་ཕན་མ་ཡིན། །
སེམས་ཀྱི་རྟ་ཕོ་ཚང་ཚིང་ནགས་ནས་ཤོར། །
འདུར་འགྲོས་གོམ་ཁ་ནུབ་ནས་ནུབ་ཏུ་སྤོས། །
རེ་བའི་འདུན་པ་ཉི་མ་ལྷ་སར་ཕྱོགས། །
དྲན་པའི་གདུངས་པས་ཡ་ཁོག་མཆི་མས་བརླན། །
ལྷུན་པོའི་རྩེ་ལ་སྤྲིན་དཀར་འཐིབ་པ་འདི། །
ཡིད་སེམས་གངས་ལ་འཁྲེང་དང་གཉིས་སུ་མེད། །
ཤིང་སྡོང་རླུང་གིས་བར་མེད་གཡོ་བ་ནི། །
གངས་ལྷ་དྲན་པའི་སྙིང་གི་འཕར་ལྡིང་ཡིན། །
ཉི་མ་ཡུབ་ཀྱང་ཟས་ལ་ཡི་ག་བྲལ། །
ཟླ་བ་ཤར་རུང་གཉིད་ལ་འདུན་པ་མེད། །
ཕ་ཡུལ་གངས་ལྗོངས་དྲན་པའི་གདུངས་ཤུགས་ཀྱིས། །
མཚན་མོ་ཐོག་ཐག་ཕྱིར་དྲན་གཏིང་ལ་ལྷུང་། །
ཟླ་༤ཚེས་༡༣མཚན་མོ་ཉི་ཧོང་ཀོ་ཡཱ་སན་རི་སྒང་ནས་སྦྱར་བའོ།།
སྙན་ངག་སྙན་མོ་འདིས། རྗེ་མི་ལའི་མགུར་གླུ་ཞིག་དྲན་གསོས་ཐེབས་བྱུང་། བྱང་ཕྱོགས་རི་བོའི་སྟོད་ཁོག་ན། དགོན་པ་རྩིབས་མའི་འདབས་རོལ་ན། གྲུ་གསུམ་སྙིང་གི་ཚང་བུ་ན། རང་སེམས་ཤེས་པའི་བུ་ཆུང་གནས། སེམས་པ་མར་མེའི་ཏ་ལ་ལ། གཡེང་བ་རླུང་གི་གཡོ་ཙ་ན། དྲན་པ་ཁ་ལོའི་གནས་མ་མཆིས། ད་དྲན་མ་སོང་།