ཀླུ་སྨྱོན།
གལ་སྲིད་རང་སེམས་ཟེར་བའི་སྨུག་པ་འདྲ་བོ་འདི་རང་ལ་དབང་བ་ཡིན་ན།
གལ་སྲིད་སྐྱེ་འཆི་ཟེར་བའི་རྨི་ལམ་ལྟ་བུ་འདི་རང་ལག་ན་ཡོད་པ་བདེན་ན།
ངས་རང་གི་བྲང་ཁོག་དྲོན་མོ་ཚལ་བུར་གཤགས་ནས།
དྲག་ཏུ་ལྡང་བཞིན་པའི་སྙིང་དམར་པོ་དེ་ཕྱི་རུ་ཕྱུངས་ནས།
ཁྱེད་ལ་ང་རང་གི་བརྩེ་དུང་གཉོམ་པོ་དེའི་ལྗིད་ཚད་ངོ་མ་དེ་ཤེས་སུ་འཇུག་ན་འདོད།
གལ་སྲིད་དམྱལ་ཁམས་བཅོ་བརྒྱད་ཟེར་བ་ཞིག་མེད་པ་ཡིན་ན།
གལ་སྲིད་གཏམ་དང་མྱི་ཁ་ཟེར་བ་ཞིག་ལ་འཇིགས་མི་དགོས་པ་ཡིན་ན།
ངས་རང་གི་བཅོས་འཛུམ་ཡོད་ཚད་རྒྱབ་ཏུ་གཡུགས་ནས།
ལྷོག་ལྷོག་ཏུ་འཕྱུར་བཞིན་པའི་སེམས་ཁམས་དེ་ཞི་འཇགས་ཡོང་བའི་ཆེད་དུ།
ཁྱེད་ཀྱི་མགུལ་བར་འཁྱུད་ནས་བསྐལ་བ་མེ་ལྟར་འབར་བའི་བར་དུ་འདུག་ན་འདོད།
གལ་སྲིད་འཁོར་བ་ཟེར་བའི་སྡུག་བསྔལ་གྱི་ཕ་ས་ཞིག་མེད་པ་ཡིན་ན།
གལ་སྲིད་སྡོམ་པ་ཟེར་བའི་སེམས་ཁམས་སྡོམ་བྱེད་ཅིག་མེད་པ་ཡིན་ན།
ངས་རང་གི་ཆགས་སེམས་དྲག་པོ་དེ་ཕྲ་རགས་མེད་པར་བརྡོལ་དུ་བཅུག་ནས།
ཡུན་རིང་སེམས་སུ་ཉར་བའི་རྨི་ལམ་གྱི་གུར་ཁང་སྙིང་རྗེ་བོ་དེ་མངོན་དུ་འགྱུར་བའི་ཆེད་དུ།
ཁྱེད་ཀྱི་མཆུ་སྒྲོས་དམར་པོ་དེའི་བྲོ་བ་ངོ་མ་དེ་ཇི་འདྲ་ཞིག་ཡིན་མྱོང་ན་འདོད།
གལ་སྲིད་ཆོས་ལུགས་ཟེར་བའི་མི་རིགས་བར་དབྱེ་བ་འབྱེད་བྱེད་ཅིག་མེད་པ་ཡིན་ན།
གལ་སྲིད་རིག་གཞུང་ཟེར་བའི་བསམ་བློའི་བར་འགལ་ཟླ་བཟོ་བྱེད་ཅིག་མེད་པ་ཡིན་ན།
ངས་རང་གི་གཉུག་སེམས་ཀྱི་དྭངས་མར་འཕོས་པའི་རིག་སྟོང་རྗེན་པ་དེ།
ཁྱེད་ཀྱི་ནམ་མཁའ་ལྟ་བུའི་བརྩེ་སེམས་དེའི་ཀློང་དུ་ཇི་སྲིད་བར་དུ་བསྟིམ་ན་འདོད།
གལ་སྲིད་གྱོན་ཆས་ཟེར་བའི་གཟུགས་པོ་སྒྲིབ་བྱེད་ཅིག་མེད་པ་ཡིན་ན།
གལ་སྲིད་བག་ཡོད་ཟེར་བའི་བར་ཐག་འཇོག་བྱེད་ཅིག་མེད་པ་ཡིན་ན།
ངས་རང་གི་ཤ་ཁྲག་རུས་གསུམ་གྱི་འདུས་མདོར་གྱུར་བའི་བྲང་གཞུང་གྲུ་བཞི་འདི།
ཁྱོད་ཀྱི་དྲོད་འབར་བའི་མྱོས་བུམ་དཀར་པོ་ཟུང་ལ་ཉིན་མཚན་མེད་པར་སྦྱོར་ན་འདོད།
གལ་སྲིད་ས་གཞི་ཟེར་བའི་སྒང་གཞུང་མང་པའི་འཇིག་རྟེན་ཞིག་མེད་པ་ཡིན་ན།
གལ་སྲིད་ནམ་མཁའ་ཟེར་བའི་བར་སྟོང་མོད་པའི་ཁོར་ཡུག་ཅིག་མེད་པ་ཡིན་ན།
ངས་རང་གི་སེམས་པ་ཤོར་བའི་ཁྱོད་རང་ལུས་དང་གྲིབ་མ་བཞིན་དུ་ཁྲིད་ནས།
སྨྲ་བསམ་བརྗོད་མེད་ཀྱི་ཆོས་ཉིད་དག་པའི་ཀློང་ཞིག་ཏུ་སྤྱི་དང་བྱེ་བྲག་མེད་པར་འཐིམ་ན་འདོད།
སྒྲ་དབྱངས་མ་ཡི་སྒྲོལ་བསྟོད།
ནུ་འབུར་རབ་རྒྱས་གཟུགས་སྐུ་མཛེས་མ། །
ཆོས་ཕུང་སྒྲ་སྙན་ཡིད་འཕྲོག་གསུང་མ། །
དུག་ལྔའི་སྤྲིན་བྲལ་ཡེ་ཤེས་ཉི་མ། །
རྒྱུད་ལྔའི་མ་རིག་མུན་པ་སེལ་མ། །
མ་ མ་ བཞི་ ཡིས་ གསོལ་འདེབས་ བཞི་ མ། །
དབྱངས་ཅན་བླ་མེད་བགྲོལ་བསྟོད་མ།
བདག་རྒྱུད་འགྲོ་ལྔའི་ས་བོན་དང་། །
བག་ཆགས་དང་བཅས་གཏན་བཅོམ་ཕྱིར། །
འབུར་ཟད་ཆོས་ཟད་སྟོང་གསལ་ངང་། །
གཏན་དུ་མི་འཁྱུད་ཅི་ཡིས་ཚུལ། །
སྒྲོལ་བསྟོད་ཚིག་རྐང་ཉེར་གཅིག་མ།
ནུ་འབུར་གཟུགས་བཟང་ཞལ་རས་མཛེས་མ། །
ཁྱོད་གསུང་སྙན་འཇེབས་ཤིན་ཏུ་སྙན་མ། །
སྒྲིབ་གཉིས་སྤྲིན་བྲལ་མཁའ་དབྱིངས་ཉི་མ། །
ཕྱག་འཚལ་བཅུ་གཅིག་མ་གྲངས་ཉེར་གཅིག །
ཨ་རོག་འདི་་thailand ནས་བཞེངས་པའི་ལྷ་མོ་ཞིག་ཡིན་ས་རེད།