བོད། ལྷ་ྐླུ་གཉན་གསུམ།
རྩ་བའི་བླ་མས་གནང་བའི་བསླབ་བྱ་ཡིས།།
དད་པའི་སེམས་སུ་བྲིས་པའི་རི་མོ་ཏེ།།
ཆུ་དང་ཆར་བས་མི་གསུབ་རིགས་ཞེན་གྱིས།།
སྲ་མོ་དམ་ཚིག་བསླུ་མེད་རྒྱལ་གྱུར་ཅིག།
ཀུན་ལ་ལྟ་ཚུལ་གཅིག་པ་རིག་པའི་མཛོད།།
ཚང་མར་མངའ་བའི་ངེས་པ་མ་མཆིས་ཀྱང་།།
བདེན་དྲུང་དེ་རུ་མི་རྣམས་འདོད་པའི་བློ།།
ཚང་མར་ཡོད་པ་ཆོས་ཉིད་རང་བཞིན་ཡིན།།
མཛའ་བའི་གཏམ་ལ་ཚིག་གི་ལོ་མ་དང་།།
འདྲིས་པའི་ཉེ་སར་དུངས་པའི་དབྱངས་རྟ་ཞིག།
མི་དགོས་ཟེར་ས་མེད་པའི་འགྱུར་ལུགས་འདིས།།
འགྲོ་བ་མི་ཡི་གཤིས་ལ་ངང་གིས་འཇགས།།
དགའ་གུས་ལྷག་བསམ་ཆེ་བའི་འགྲུལ་བ་དང་།།
ཞེན་ཁོག་ཁྲག་རྩ་སྤོམ་པའི་ངན་ཞེན་རིགས།།
འདོད་དང་མི་འདོད་བར་གྱི་ཚོར་འདུ་ཡིས།།
མི་རྣམས་བྲེལ་བའི་ལས་སུ་རང་བཞིན་ཆགས།།