བཅར་འདྲི་ཞུ་ཡུལ། ཆབ་སྲིད་བཙོན་ཟུར་ངག་དབང་ཆོས་འཕེལ།
བཅར་འདྲི་ཞུ་མཁན། རིག་འབྱུང་དོན་གྲུབ་བཀྲ་ཤིས།
དང་པོ། ཐོག་མར་ཁྱེད་རང་ངོ་སྤྲོད་ཞིག་གནང་ན་འགྲིག་གམ།
ལན། ངའི་མིང་ལ་ངག་དབང་ཆོས་འཕེལ་ཟེར། སྐྱེས་ས་རྒྱ་གར་ལྷོ་ཕྱོགས་ཡིན། འཚར་ལོངས་ཡང་དེ་རུ་བྱུང་བ་རེད།
བོད་གཞུང་ཟློས་གར་ནས་བོད་པའི་གཞས་སྣ་ཞབས་བྲོའི་ཐོག་ལ་སློབ་ཐོན་བྱས་རྗེས། ཕྱི་ལོ་༡༩༩༣ལོར་བོད་གཞུང་གི་སློབ་ཡོན་བརྒྱུད་ཨ་རིའི་གཙུག་ལག་སློབ་ཁང་(Middlebury)ལ་སློབ་སྦྱོང་བྱེད་དུ་ཕྱིན་པ་ཡིན།
ང་རང་ཆུང་ཆུང་ཡིན་དུས་ནས། རང་གི་ཕ་ཡུལ་བོད་ལ་ཐེངས་གཅིག་འགྲོ་དགོས་བསམ་པའི་འདུན་པ་འགོག་ཐབས་མེད་པ་ཞིག་ཡོད། ང་རང་འཚར་ལོངས་བྱུང་ས་བཙན་བྱོལ་ཡིན་རུང།
བོད་ལ་འགྲོ་ཐུབ་ན་བསམ་པའི་རྨི་ལམ་འདྲ་ཞིག་དུས་རྒྱུན་ཏུ་སོ་སོའི་སེམས་ལ་ཡོད། དེར་བརྟེན། ༡༩༩༥ལོའི་ཕྱི་ཟླ་༧པར་། གྲོགས་པོ་ཨ་རི་བ་ཞིག་དང་མཉམ་དུ་བོད་ལ་ཕྱིན་པ་ཡིན།
བོད་ཀྱི་དམངས་ཁྲོད་གླུ་གཞས་ཁག་བསྡུ་རུབ་ཐུབ་ན་བསམ་ནས་བོད་ལ་ཕྱིན་པ་ཡིན། དམངས་ཁྲོད་གླུ་གཞས་ཀྱི་སྐོར་ལ་གློག་བརྙན་ཞིག་བཟོ་འདོད་ཀྱི་བསམ་བློ་ཡང་དེ་དུས་ནས་ཡོད་།
འོན་ཀྱང་། ལོ་དེའི་ཕྱི་ཟླ་༩བར། གཞིས་ཀ་རྩེ་ནས་ང་རྒྱ་ནག་གིས་འཛིན་བཟུང་བྱས་བ་རེད། འཛིན་བཟུང་བྱས་བ་མ་ཟད་ལོ་བཅོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་རེད།
གཉིས།
ཁྱེད་རང་འཛིན་བཟུང་མ་བྱས་བའི་སྔོན་གྱི་ཟླ་ངོ་གཉིས་དེའི་རིང་ལ། ཁྱེད་ཀྱིས་བོད་ནང་དུ་ལས་དོན་གཙོ་བོ་ག་རེ་བྱས་བ་ཡིན།
ལན། ཟླ་ངོ་གཉིས་དེའི་རིང་ལ་གཙོ་བོ་ངས་བོད་ཀྱི་དམངས་ཁྲོད་གླུ་གཞས་ཁག་བསྡུ་རུབ་བྱས་བ་ཡིན། དང་པོར་ལྷ་སར་ཕྱིན་པ་ཡིན། དེ་རུ་ཞོལ་ཁང་བསོད་ནམས་དར་རྒྱས་ལགས་དང་ཐུག་བྱུང་། ཁོང་བོད་ཀྱི་དམངས་ཁྲོད་གླུ་གཞས་དང་ཞབས་བྲོ་སོགས་ལ་མཁས་བ་ཙམ་མ་ཡིན་པར། བོད་ཀྱི་རིག་གཞུང་སྤྱི་ལ་མཁྱེན་རྒྱ་ཡོད་མཁན་ཞིག་རེད་འདུག དེ་ནས་བསམ་ཡས་ལ་ཕྱིན་པ་ཡིན། བསམ་ཡས་སུ་དཔལ་ལྷ་དུས་ཆེན་འཚོགས་བཞིན་པ་དང་སྟབས་འཁེལ་འདུག བསམ་ཡས་སུ་ཐོག་དང་པོར་ངས་དམངས་ཁྲོད་གླུ་གཞས་དང་ཞབས་བྲོ་ཁག་ལ་བརྙན་པར་སྒྲོན་པ་དང་གློག་བརྙན་ཐུང་ཐུང་རེ་བཟོ་བའི་འགོ་བཙུགས་པ་ཡིན། བསམ་ཡས་སུ་བདུན་ཕྲག་གཉིས་ཙམ་བསྡད་པ་ཡིན།
དེ་ནས་ཡར་ྐླུང་ལ་བཀྲ་ཤིས་ཞོལ་པ་བལྟ་རུ་ཡང་ཕྱིན་པ་ཡིན། རྗེས་སུ་ཕྱིར་ལྷ་སར་ཡོང་ནས། བོད་ཀྱི་དམངས་ཁྲོད་གླུ་གཞས་དང་ཞབས་བྲོ་ལ་མཁས་བ་དེ་འདྲ་བརྩད་གཅོད་བཏང་བ་ཡིན། ཀོང་པོའི་ཆས་གྱོན་མཁན་འགའ་དང་ཐུག་བྱུང་། ཁོང་ཚོའི་ཁྲོད་ཀྱི་གཅིག་གིས་ཆབ་སྲིད་དང་འབྲེལ་བ་མེད་ན་རོགས་རམ་བྱེད་གསུངས་སོང་། ཆབ་སྲིད་དང་འབྲེལ་བ་མེད་ལབ་པ་ཡིན། ཀོང་པོ་སྨིན་གླིང་ན་ཁ་འབུད་གཏོང་མཁན་སྐད་གྲགས་ཅན་ཞིག་ཡོད་རེད་ཟེར།
དེ་ཐུག་འཕྲད་བྱེད་དུ་་ཕྱིན་པ་ཡིན། ཁ་འབུད་གཏོང་མཁན་རྒད་མོ་དེས་ཁ་འབུད་བཏང་མ་སོང་། དེ་ནས་ལྷོ་ཁ་ལ་ཕྱིན་པ་ཡིན། དེ་རུ་མང་ཙམ་བསྡད་པ་ཡིན། མདོར་བསྡུས་ན། ཟླ་ངོ་གཉིས་དེའི་ནང་ལ། ངས་ཁྱོན་བསྡོམས་བོད་ཀྱི་དམངས་ཁྲོད་གླུ་གཞས་སྐོར་གྱི་འཁོར་ཐག་ཆུང་ཆུང་༡༧བཟོས་བ་ཡིན། དེའི་ཁྲོད་ནས་༩ཙམ་ཕྱི་ལོགས་ལ་གཏོང་ཐུབ་སོང་། ལྷག་མ་༧དེ་རྒྱ་མི་ཉེན་རྟོག་པས་ངའི་ལག་ནས་འཕྲོགས་སོང་།
གསུམ།
ཁྱེད་རང་བཙོན་དུ་ཚུད་རྗེས། དམངས་གཞས་བསྡུ་རུབ་དང་དེ་བརྗོད་བྱར་བྱས་བའི་གློག་བརྙན་གྱི་ལས་ཀ་འདི་མ་འོངས་པར་འགྲུབ་ཐུབ་པའི་རེ་བ་ཡོད་རེད་བསམ་སོང་ངམ།
ལན། ང་བཙོན་དུ་བཅུག་རྗེས། ད་ཕལ་ཆེར་འགྲུབ་མ་སོང་བསམ་སོང་། སེམས་ཀྱི་རེ་བ་འདྲ་བོ་དེ་ཤི་མ་སོང་ཡང་། ལས་ཀ་འདི་ལ་བར་ཆད་ཤོར་ཚར་སོང་བསམ་ནས་ལོ་གཅིག་ལྷག་གི་རིང་ལ་ལས་ཀའི་སྐོར་ལ་སེམས་ཁྲལ་གྱིས་མནར་སོང་།
དེ་ནས་སེམས་ཁྲལ་གཉིས་པ་དེ་ཨ་མའི་སྒང་ལ་སླེབས་སོང་། ངའི་ཨ་མ་རྒན་འཁོགས་རེད། གལ་སྲིད་ང་ལོ་བཅོ་བརྒྱད་ཀྱི་རྗེས་ནས་བཙོན་གྲོལ་ཐོབ་པ་ཡིན་ན། ཨ་མ་ལགས་དང་ཞལ་མཇལ་བའི་གོ་སྐབས་ཡོད་མེད་ཀྱང་བརྗོད་དཀའ་བ་འདུག་བསམ་སོང་། ཨ་མའི་སྐོར་ལ་སེམས་ཁྲལ་ཞེ་དྲག་སླེབས་སོང་། བཙོན་ཁང་དུ་བཙོན་རོགས་ཚོའི་སྙིང་སྟོབས་དང་སེམས་ཤུགས་མཐོང་ཡོང་དུས། སོ་སོ་ཡིན་ན་ཡང་སེམས་ཤུགས་འཕར་མ་ཞིག་སླེབས་འགོ་ཚུགས་སོང་།
དེ་ནས་ང་ལ་བསམ་བློ་གཉིས་པ་ཞིག་འཁོར་བ་རེད། གལ་སྲིད་ང་རྒྱ་ནག་གིས་གློད་པ་ཡིན་ན། རྒྱ་གར་ལ་ཕྱིར་གཏོང་གི་མ་རེད་བསམ་སོང་། བོད་ནང་དུ་འཇོག་གི་རེད་བསམ་སོང་། བོད་ནང་དུ་བཞག་པ་ཡིན་ན།
ངས་ཕྱི་རྒྱལ་གྱི་གྲོགས་པོ་ཚོར་བསྐྱར་དུ་འབྲེལ་བ་བྱས་ནས་། བོད་ཀྱི་དམངས་ཁྲོད་གླུ་གཞས་བསྡུ་རུབ་ཀྱི་ལས་ཀ་འདི་གཞི་རྒྱ་ཆེ་བ་ཞིག་སྤེལ་དགོས་བསམ་སོང་། གང་ལྟར། བཙོན་དུ་ཡོད་དུས་ཀྱི་ཚོར་བ་དང་བསམ་ཚུལ་དེ་འདྲ་ཞིག་རེད།
བཞི།
ལོ་དྲུག་གི་རྗེས་ཏེ། ཕྱི་ལོ་༢༠༠༢ལོར་ཁྱེད་རང་རྒྱ་ནག་གིས་བཙོན་ནས་གློད་པ་རེད། བཙོན་ནས་གློད་པ་དང་ཁྱེད་ཀྱིས་ལས་ཀ་ཅི་ཞིག་བྱས་བ་ཡིན།
ལན། ང་བཙོན་ནས་མ་གློད་སྔོན་ལ། ངའི་བསམ་པར། དམངས་ཁྲོད་ཀྱི་གླུ་གཞས་བསྡུ་རུབ་དང་གློག་བརྙན་བཟོ་སྐྲུན་གྱི་ལས་ཀ་འདི་གཞན་གྱིས་བྱས་ཚར་ཡོད་རེད་བསམ་སོང་།
ང་སྔོན་མ་བོད་དུ་མ་ཕྱིན་སྔོན་ལ། ངས་བོད་ཀྱི་དམངས་ཁྲོད་གླུ་གཞས་ཀྱི་སྐོར་ལ་དུས་ཡུན་སྐར་མ་༡༩ཅན་གྱི་གློག་བརྙན་ཐུང་ཐུང་ཞིག་བཟོས་ཡོད། དེར་བརྟེན། ངའི་རེ་བར།
ཕྱི་ལོགས་ན་ཡོད་མཁན་གྱི་བོད་མིའམ་ཕྱི་རྒྱལ་བ་གང་རུང་ཞིག་གིས། ལས་ཀ་འདི་ལས་ཚར་ཡོད་རེད་བསམ་སོང་། འོན་ཀྱང་། དེ་ལྟར་བྱུང་མི་འདུག སུ་གང་གིས་དེ་ལ་ལག་པ་འཆང་མི་འདུག
དེར་བརྟེན། བཙོན་ནས་གློད་པ་དང་། མགྱོགས་པོར་སྔོན་མ་ངས་ཕྱི་ལོགས་ལ་བཏང་བའི་བརྙན་ཐག་༩དེ་བཙལ་བ་ཡིན། དེ་དང་འབྲེལ་བའི་མི་རྣམས་བརྩད་བཅད་པ་ཡིན།
ངོ་ཤེས་གཞན་པ་ཚོར་འབྲེལ་བ་བྱེད་འགོ་བཙུགས་པ་ཡིན། དེ་ལྟར་”དབྱངས་ལ་ཐིམ་པའི་བོད་”ཞེས་བའི་གློག་བརྙན་འདི་བཟོ་འགོ་ཚུགས་པ་ཡིན།
ལྔ་།
“དབྱངས་ལ་ཐིམ་པའི་བོད་”ཞེས་བའི་གློག་བརྙན་འདི་བཟོ་དགོས་བའི་དམིགས་ཡུལ་ག་རེ་ཡིན།
ལན། ང་ཚོ་བོད་པའི་སྒྲུང་དེ་སེམས་པ་སྐྱོ་བོ་རེད། སྒྲུང་རེ་རེ་ཉན་རྗེས་མིག་ཆུ་གཏོང་དགོས་བ་དེ་འདྲ་རེད། བོད་སྐོར་གྱི་གློག་བརྙན་མང་པོ་ཡོད་པ་རེད། གློག་བརྙན་རེ་རེའི་ཚོར་བ་སྤྲོད་སྟངས་ཡང་འདྲ་གི་མ་རེད།
ནེའུ་ཡོག་ཏུ་གློག་བརྙན་འདི་ཚོད་ལྟའི་སྒོ་ནས་ཐེངས་ཁ་ཤས་བསྟན་པ་རེད། དེ་དུས་མིག་ཆུ་གཏོང་མཁན་མང་པོ་བྱུང་སོང་། ཧོང་ཀོང་ནས་ཡིན་པའི་རྒྱ་མི་ཞིག་གིས་ཀྱང་མིག་ཆུ་གཏོང་ཞོར། བོད་ནང་གི་དངོས་ཡོད་གནས་སྟངས་འདི་འདྲ་ཡིན་པ། ད་ལྟ་བར་དུ་ཧ་གོ་མ་སོང་ཟེར། ང་ཚོས་རྒྱ་ནག་གིས་ང་ཚོའི་ལུང་བ་བཙན་བཟུང་བྱས་བ་ཧ་གོ་གི་ཡོད་རེད། དེ་ལས་ལྷག་པའི། བོད་མིའི་སེམས་ཁམས་ཇི་ལྟར་བསད་ཡོད་མེད་ཧ་གོ་རྒྱུ་དེ་གལ་ཆེན་པོ་རེད།
རྒྱ་ནག་གིས་བོད་མིའི་སེམས་ཁམས་རྩབ་རུལ་དུ་ཇི་ལྟར་གཏོང་གི་ཡོད་པའི་སྐོར་གསལ་སྟོན་བྱེད་རྒྱུ་ནི་གློག་བརྙན་འདིའི་དམིགས་ཡུལ་གཙོ་བོ་ཞིག་ཡིན།
དྲུག།
གློག་བརྙན་འདི་བཟོ་དུས་ཁྱེད་ལ་དཀའ་ངལ་གཙོ་བོ་གང་དང་གང་འཕྲད་སོང་།
ལན། དཀའ་ངལ་མང་པོ་རེད། ང་ལྟ་བུར་མཚོན་ན། གློག་བརྙན་ཆེད་མཁས་དང་དེའི་སྐོར་ལ་ཆེད་ལས་སློབ་སྦྱོང་ཐོན་པ་དེ་འདྲ་ཅི་ཡང་མ་རེད། སྔོན་མ་ཨ་རིའི་གཙུག་ལག་སློབ་ཁང་(Middlebury)དུ་ཡོད་དུས། གློག་བརྙན་སྐོར་ལ་འཛིན་གྲ་ཁ་ཤས་ཤིག་མ་གཏོགས་ལེན་མྱོང་མེད། དེ་འདྲ་སོང་ཙང་། གློག་བརྙན་བཟོ་རྒྱུ་འདི་དཀའ་ངལ་ཆེན་པོ་ཞིག་རེད་། གློག་བརྙན་འདི་གཅིག་པོའི་སྒང་ལ་ཁྱོན་བསྡོམས་ལོ་ངོ་བདུན་ལྷག་ཙམ་བཏང་བ་ཡིན། ལྷག་པར་དུ་བོད་པའི་སྤྱི་ཚོགས་ནང་དུ་གློག་བརྙན་བཟོ་དུས་དཀའ་ངལ་མང་པོ་རེད། དཀའ་ངལ་གཙོ་བོ་གཅིག་སྒྲུང་གི་བརྗོད་བྱ་དང་བརྗོད་བྱའི་ལྷུ་ལག་སྒྲིག་སྟངས་ཀྱི་སྐོར་དེ་རེད།
བརྗོད་བྱའི་ལྷུ་ཐག་གོ་རིམ་མཐུན་པ་དང་ཚགས་ཚུད་པ་ཞིག་ཡོང་བ་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེའི་སྐོར་ལ་བསམ་བློ་མང་པོ་བཏང་བ་ཡིན། ཨ་རིའི་དངོས་བྱུང་སྒྲུང་བཟོ་སྟངས་ལྟར་བརྗོད་བྱའི་ལྷུ་ལག་དེ་ཚོ་སྒྲིག་དགོས་སམ། ཡང་ན་ཡོ་རོབ་ཀྱི་དངོས་བྱུང་སྒྲུང་བཟོ་སྟངས་ལྟར་སྒྲིག་དགོས་སམ། འདི་ཡང་དཀའ་ངལ་ཞིག་རེད། དེ་ནས་དཀའ་ངལ་གཞན་གཅིག་དེ་དཔལ་འབྱོར་གྱི་དཀའ་ངལ་རེད། དཔལ་འབྱོར་འཚོལ་སྒྲུབ་ཀྱི་ལས་ཀའི་ཕྱོགས་ལ་ཡང་དཀའ་ངལ་མང་པོ་འཕྲད་སོང་། ད་དུང་མི་ལ་འབྲེལ་བ་འཛུགས་པ་དང་འབྲེལ་ལམ་འཇོག་རྒྱུའི་ཐད་ལ་ཡང་དཀའ་ངལ་འཕྲད་སོང་། དཀའ་ངལ་གཙོ་བོ་འདི་ཚོ་རེད།
བདུན།
གློག་བརྙན་འདིའི་བརྗོད་བྱའི་གཏད་ས་གཙོ་བོ་མདོར་བསྡུས་ཤིག་གསུངས་ན་འགྲིག་གམ།
ལན། ཡིན་དང་ཡིན། གློག་བརྙན་འདིའི་བརྗོད་བྱའི་གཏད་ས་གཙོ་བོ་ཁ་ཤས་ཡོད། གཏད་ས་གཅིག་ནི་བོད་མིའི་སེམས་ཀྱི་སྡུག་བསྔལ་དེ་ཡིན། སྡུག་བསྔལ་དེ་ཡོང་སའི་སེམས་ཁམས་དེ་དང་སེམས་ཁམས་དེ་ཆགས་སའི་བོད་ཀྱི་རིག་གཞུང་དེ་ཡིན། དེ་ནས་བོད་ཀྱི་རིག་གཞུང་གི་ཉམས་གསོན་པོར་མཚོན་བྱེད་ཀྱི་དམངས་ཁྲོད་གླུ་གཞས་ཕྱུག་པོ་དེ་དག་དང་དེ་ཚོའི་ཉམས་ཆག་གི་སྐོར་དེ་ཡིན། དམངས་གཞས་དེ་དག་གི་རྒྱབ་ལ་ཡིབ་པའི་བོད་མིའི་སེམས་ཁམས་དངོས་མ་དེ་དང་དེ་ལ་བཙན་འཛུལ་དང་གཏོར་བཅོམ་བྱེད་མཁན་གྱི་རྒྱ་གཞས་དང་དེའི་གདངས་སོགས་ཡིན། དེ་ནས་ད་དུང་བོད་ཀྱི་དམངས་ཁྲོད་གླུ་གཞས་ཕྱུག་པོ་དེའི་ལོ་རྒྱུས་དང་དེ་ལ་འཐིམས་པའི་བོད་མིའི་སེམས་ཁམས་དེ་ཚོ་དེ་ཡིན།
བརྒྱད།
གློག་བརྙན་འདི་ལ་། བོད་སྐོར་གློག་བརྙན་གཞན་དག་དང་མ་འདྲ་བའི་ཁྱད་ཆོས་ག་རེ་ཡོད་བསམ་ཀྱི་འདུག
ལན། ལས་དབང་གིས་ང་རང་བོད་ལ་འགྲོ་ཐུབ་པ་བྱུང་བ་རེད། བོད་ལ་ཕྱིན་པ་ཙམ་མ་ཟད་བོད་ནང་གི་བཙོན་པའི་སྡུག་བསྔལ་ཡང་མྱངས་བ་རེད། གློག་བརྙན་འདིའི་ཁྲོད་ཀྱི་དམངས་ཁྲོད་གླུ་གཞས་དེ་ཚོ་ཕལ་ཆེ་བ་ངས་མིག་མཐོང་ལག་ཟིན་བྱུང་བ་ཤ་སྟག་རེད། དེ་ཚོ་དམིགས་བསལ་ཁྱད་ཆོས་ཤིག་ཡིན་དྲན་ཡོད། གློག་བརྙན་འདིའི་ནང་དུ་བོད་པའི་བསམ་བློ་གཏོང་སྟངས་ཀྱི་སྒོ་ནས་སྡུག་བསྔལ་ལ་ཁ་གཏད་གཅོག་སྟངས་ཀྱི་རིམ་པ་ཞིག་ཀྱང་ཡོད། དེ་ཡང་ཁྱད་ཆོས་ཤིག་ཡིན་དྲན་གི་ཡོད། ད་དུང་བོད་ནས་བཙན་བྱོལ་ལ་གསར་དུ་འབྱོར་མཁན་འགའ་ཤས་ལ་བཅར་འདྲི་བྱས་ཡོད། ཁོང་ཚོས་རྒྱ་མིའི་གླུ་གཞས་དང་དེའི་གདངས་སོགས་ཀྱིས་བོད་མིའི་སེམས་ཁམས་ལ་ཤུགས་རྐྱེན་ཇི་ལྟར་གཏོང་གི་ཡོད་མེད་སོ་སོའི་མྱོང་ཚོར་དང་སྦྱར་ནས་བཤད་ཡོད་པ་རེད། ལྷག་པར་དུ་།ངའི་མི་ཚེའི་སྐོར་དེ་ཐུང་ཐུང་ཞིག་དབྱིན་ཇིའི་ནང་ལ་མ་གཏོགས་གཞན་གློག་བརྙན་འདིའི་ནང་གི་སྐད་ཆ་བཤད་མཁན་ཚང་མ་བོད་པ་ཡིན་མ་ཟད་བརྒྱུད་ལམ་དེ་ཡང་བོད་སྐད་ཀྱི་ཐོག་ལ་བཤད་ཡོད་རེད།དེ་ཡང་ཁྱད་ཆོས་ཤིག་ཡིན་དྲན་ཡོད། ད་དུང་གཞན་ཞིག་ལ། བོད་ནང་དུ་ཡོད་པའི་བོད་པའི་གཞས་བ་གྲགས་ཅན་དེ་འདྲ་རྒྱ་མིའི་བེད་སྤྱད་དེ་བོད་ཀྱི་དམངས་ཁྲོད་གླུ་གཞས་ཁག་ལ་གཏོར་བཤིག་གཏོང་གི་ཡོད་པའི་སྐོར་ཡང་ཡོད། དཔེར་ན། བོད་རིགས་གླུ་མ་ཚེ་བརྟན་སྒྲོལ་མ་ལྟ་བུ་རེད། ཕྱི་ལོ་༢༠༠༥ལོར་ཡུན་ནན་ཏུ་འཚོགས་པའི་གཞས་ཀྱི་སྤྲོ་ཚོགས་ཤིག་ཏུ། ཚེ་བརྟན་སྒྲོལ་མས་ད་དུང་ཡང་པེ་ཅིང་གསེར་གྱི་ཉི་མ་ཟེར་བའི་གཞས་དེ་གཏོང་གི་འདུག
བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ།
“དབྱངས་ལ་ཐིམ་པའི་བོད་”སྐོར་གྱི་དྲ་རྒྱ།
http://www.tibetinsong.com/
“དབྱངས་ལ་ཐིམ་པའི་བོད་”སྟོན་སའི་ས་ཁུལ་དང་དུས་ཚོད་གཤམ་གསལ།
New York City, NY
Cinema Village
TICKETS @ www.cinemavillage.com
Sept 24 – Oct 1
Portland, OR
Northwest Film Center
Oct 6
Santa Fe, NM
The Screen
Oct 8 – Oct 15
Minneapolis, MN
Landmark Lagoon
TICKETS @ www.landmarktheatres.com
Oct 15 – Oct 22
Boulder, CO
International Film Series UCB
Nov 4
San Francisco, CA
Landmark Lumiere
TICKETS @ www.landmarktheatres.com
Nov 5 – Nov 12
Berkeley, CA
Landmark Shattuck Cinemas
TICKETS @ www.landmarktheatres.com
Nov 5 – Nov 12
Boston, MA
Landmark Kendall Square
TICKETS @ www.landmarktheatres.com
Nov12 – Nov 19
Washington, DC
Landmark E Street Cinema
TICKETS @ www.landmarktheatres.com
Nov 19 – Nov 26
Seattle, WA
Landmark Varsity
TICKETS @ www.landmarktheatres.com
Dec 3 – Dec 10
ཁོང་གིས་དབྱངས་ལ་འཐིམ་པའི་བོད་ཟེར་བའི་གློག་བརྙན་འདི་འགྲུབ་པར་ཤིས་ཚིག་དང་བཅས་མི་འགྱངས་པར་གློག་བརྙན་འདི་དྲ་ཐོག་དང་ཡང་ན་འོད་སྡེར་ཞིག་ལག་དུ་རེག་ནས་དངོས་སུ་རོལ་མྱོང་བྱེད་ཐུབ་པར་རེ་བ་ཆེན་པོ་ཡོད་ལ། མ་འོངས་པ་ཡང་ཁོང་གིས་ལས་རིགས་འདི་ཉིན་མི་ཚེ་བཀང་གི་ཆེད་ལས་ཀྱི་ངོ་བོར་སྒྱུར་ཐུབ་པར་རེ་སྐུལ་ཞུ།
ངག་དབང་ཆོས་འཕེལ་ལགས། དངོས་ཡོད་ཀྱི་ཕྱག་ལས་རྒྱ་ཆེན་པོ་ཞིག་གཉེར་བ་ལ་བཀའ་དྲིན་ཆེ། སྐྱེས་པ་རང་དབང་གི་ལུང་པར་སྐྱེས་ཤིང་། འགྲོ་ས་མི་ཡུལ་གྱི་དམྱལ་ཁམས་ལོ་བརྒྱད་ལྷག་འགྲིམས་ནས། མཐའ་མར་སླར་ཡང་རང་དབང་ཅན་གྱི་ཡུལ་ལུང་ཞིག་ལ་འབྱོར་ཙམ་གནང་ཡོད་འདུག མདོར་ན་ཁྱེད་ཀྱི་དཀའ་སྡུག་གི་ལོ་ཟླའི་འཕྲེང་ལས་འཛར་བའི་རྔུལ་ནག་གི་ཐིགས་པ་དབྱངས་ལ་ཐིམ་པའི་སེམས་པ་རེ་རེས་བོད་མི་རིགས་ཀྱི་ལུས་སེམས་གཉིས་སུ་ཉར་བའི་སྡུག་བསྔལ་གྱི་ཁུར་བོ་ལ་ལྕི་ཡང་ཞིག་དང་། ཁྱོད་ཀྱི་མདུན་ལམ་དུ་སྔ་ན་མེད་པའི་ལེགས་སྐྱེས་ཀྱི་ཕུང་པོ་སྤྲིན་དཀར་གྱི་བང་རིམ་ལྟར་བརྡོལ་བར་སྨོན། ཡིད་གཏིང་ནས་ཐུགས་རྗེ་ཆེ། མགྱོགས་མྱུར་གྱིས་ཁྱེད་ཀྱིས་བཟོས་པའི་གློག་བརྙན་དེར་བལྟ་ཐབས་བྱེད་ངེས།
ངས་གློག་བརྙན་གྱི་བརྗོད་བྱ་ཟབ་མིན་དང་འཁྲབ་སྟོན་པའི་སྒྱུ་རྩལ་ཡོད་མེད་གློག་བརྙན་གྱི་གོ་རིམ་བསྒྲིགས་སྟངས་སོགས་ལ་དཔྱད་པ་ཞིག་གཏང་སྟེ་གཞི་ནས་ངག་དབང་ཆོས་སྒྲོལ་སོགས་ལ་ཐུགས་རྗེ་ལེགས་སོ་ཞུ་ངེས་ཡིན།
ཚེག་ཤད་སྐོར་ལ་དྲི་བ་དྲིས་ལན་བྱས་པ་འདི་འདྲ་ཞིག་མཐོང་། ༼རྐང་རིང་མ་གཏོགས་པའི་སྤྱན་ཁྱེར་དུ་འབྲུ་རྡོག་གཅིག་
ཁོ་ན་ལ་སྤུངས་ཤད་བྲིས་པ་དང་ཚེག་ཁྱིམ་གཅིག་ལ་སྤུངས་ཤད་བྲིས་པའི་ལུགས་གཉིས་ལས་ཚེག་ཁྱིམ་ལ་བྲིས་པ་མང་ཤོས་སུ་མཐོང་།
དེ་ཡང་ཚིགས་བཅད་དང་རྫོགས་ཚིག་གམ་ཟླ་སྡུད་སྐབས་སུ་ཤད་གཉིས་ཀ་སྤུངས་ཤད་བྱས་པ་དང་སྔ་མ་སྤུངས་ཤད་ལ་རྗེས་མ་རྐྱང་ཤད་བྱས་
པའི་ལུགས་གཉིས་བྱུང་ལ། རྐང་ཤད་རྐྱང་པ་ལ་སྟོང་ཆ་ཞིག་མ་གཏོགས་སྤུངས་ཤད་མ་བྲིས་པ་དང་སྟོང་ཆའི་རྗེས་སུ་སླར་སྤུངས་ཤད་བྲིས་པ། ཉིས་ཤད་ཐོབ་སར་རྐང་པ་ཅན་བྱུང་བ་ལའང་ཤད་ཕྱི་མ་དེ་སྤུངས་ཤད་བྱས་མིན་ལུགས་གཉིས་བྱུང་བ་ནི་རྐང་ཤད་ཀྱི་རྗེས་སུ་ཤད་བྲིས་མ་བྲིས་
ཀྱི་ལུགས་བཞིན་སོང་བ་བཅས་ཇི་ལྟར་བྱས་ན་ལེགས།༽ ཡིན་ནའང་དེང་སང་ཁ་བརྡའི་དྲ་ངོས་དང་དེ་བཞིན་དེང་དུས་གསར་དུ་དཔེ་བསྐྲུན་བྱས་དཔེ་བདེ་ཕལ་ཆེར་ན་སྤྱན་ཁྱེར་ལ་འབྲུ་རྡོག་གཅིག་དང་ཚེག་ཁྱིམ་གཅིག་གང་བྱུང་ཡང་སྤུངས་ཤད་འབྲི་སྲོལ་མི་འདུག རྣམ་པ་སུ་ཡང་རུང་དེའི་སྐོར་ལ་གསལ་བྱེད་ཅིག་གནོང་རོགས་ཞུ།
ངག་དབང་ཆོས་འཕེལ་ལགས་།
དང་པོ་ཁྱོད་རང་རྒྱ་སྤྲང་ཚོའི་བཙན་ནས་སྐུ་ཚེ་བར་ཆད་མེད་པ་ཐར་བ་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་དང་།གཉིས་པ་ཁྱོད་ཀྱི་ལས་ལ་རྩོན་པའི་གློག་བརྙན་ཞིག་ཀྱང་བཟོས་ཐུབ་པ་ནི་ངོ་མ་ཁྱོད་ལ་བཀྲིས་བདེ་ལེགས་གྲངས་མེད་དང་་མ་འོངས་ཀྱང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད།
གློག་བརྙན་དེར་མགྱོགས་པོར་བལྟ་ཐུབ་པར་ཤོག
འདི་ལྟ་བུའི་གློག་བརྙན་གང་མང་མང་། སྤྱི་སྒེར་གཉིས་ནས་བཟོ་ཐུབ་ན། འབྱུང་འགྱུར་ལོ་སྟོང་ཕྲག་རྗེས་ཀྱི་བོད་རིག་པའི་ཞིབ་འཇུག་སོགས་ལ་ཤིན་ཏུ་ཕན་པར་ངེས།
གྲགས་པ་ནས།
༢༠༡༠།༨།༢༢
དབྱངས་ལ་ཐིམ་པའི་བོད། ཅེས་པའི་གློག་བརྙན་མ་མཐོང་སྔོན་ནས། པགས་རིགས་གྱོན་པའི་བུད་མེད་འདིའི་པར་མཐོང་པ་དང་། ཞེ་བསམ་པའི་གཏིང་ནས་དགའ་མ་སོང་། བོད་ནང་ནས་རྒྱ་སྒོར་ས་ཡ་མང་པོའི་པགས་རིགས་ཀྱི་རྒྱན་གོས་མེར་བསྲེག་ནས་གཅན་གཟན་གྱི་པགས་རིགས་གྱོན་རྒྱུ་མཚམས་བཞག་ཡོད་ཀྱང་། བཙན་བྱོལ་ནང་ནས་ཀླད་མེད་རེ་ཟུང་གིས་ངན་སྤྱོད་རྒྱན་དུ་ངོམ་པ་འདི་ཚོ་ངོ་ཚ་དགོས་པའི་གནས་རེད། འཛམ་གླིང་ཉི་མའི་འོད་ཟེར་མ་ཕོག་ས། ཤཱཀྱ་ཐུབ་པའི་བཀའ་ལུང་མ་ཐོས་མཁན་འདི་ཚོ་ངོ་མས་ཐབས་སྐྱོ་བོ་རེད། དྲ་གྲོགས་ཚོ་ཁྱེད་ཚོས་ཇི་བསམ་སོང་།
ཧ་ཅང་གི་ཡག་པོ་རེད། ངས་ཁྱེད་ལ་སེམས་ཤུག་སྤར་བ་ཙམ་ལས་དེ་མིན་ངས་གང་ཡང་བྱེད་ཐུབ་ས་མ་རེད་དགོངས་པ་མཚོམས་རྗེས་སུ་ངས་ཁྱེད་ལ་རོག་པ་འདྲ་བྱེད་ཐུབ་པའི་སྨོན་ལམ་རྒྱག་རྒྱུ་ཡིན།
ཁྱེད་ཀྱི་གློག་བརྙན་འདི་ངས་རྒྱོག་མྱུར་ལྟ་ཐུབ་པའི་ཐབས་ཤེས་བྱེད་ཀྱི་ཡིན།
Music = རོལ་ཆ།
Songs = གླུ་གཞས།
Songs & Music = རོལ་གཞས།
ལྷོ་ཕྱོགས་རྒྱ་གར་ལ་སྐྱེས་ནས། །
བྱང་ཕྱོགས་བོད་ཡུལ་བགྲོད་དེ། །
ཤར་ཕྱོགས་སྟག་དམར་ལ་འཛིང་རབས། །
ནུབ་ཕྱོགས་རྒྱལ་ཁབ་ལ་སྟོན་ཁྱོད། །
སྟེང་ཕྱོགས་ནམ་མཁའ་བཞག་སྟེ། །
འོག་ཕྱོགས་ས་སྟེང་ནས་བསྟོད་དོ། །
ངག་དབང་ཆོས་འཕེལ་ལགས་ལ་འཚམས་འདྲི་དང་བཅོས་ཁྱེད་ཀྱི་བྱས་རྗེས་ལ་རྗེས་སུ་ཡི་རེངས་ཞུ། མུ་མཐུད་ནས་ཕྱག་ལས་འདི་ལྟ་བུ་ལ་ཤུགས་སྣོན་རྒྱག་རྒྱུ་ཧ་ཅང་གལ་ཆེ་པོ་ཡིན། མཐར་ཁྱོད་ཀྱིས་བཟོས་པའི་གློག་བརྙན་དེ་མགྱོགས་པོ་གཟིགས་ཐུབ་པས་རེ་བ་དང་བཅས་སྒུག་ནས་ཡོད།
བུ་མོ་འདིའི་མགོའི་ཝ་ཞྭ་མཐོང་བ་མཉམ་གློག་བརྙན་འདི་ནི་ཀླད་མེད་བྱིས་ཆུང་ཞིག་གིས་ཟློས་གར་འཁྲབ་རང་མཐོང་སོང་།
དེ་ལས་མ་བཏོན་ན་བཟང་ས་རེད།
བོད་མི་རིགས་ཀྱི་ཞབས་འདྲེན་ཞུས་ཡོང་།
གློག་བརྙན་འདི་བལྟས་པ་ཡིན། འདི་ཀླད་མེད་བྱིས་ཆུང་ཞིག་གིས་བཟོས་པ་མིན་པར་ཆབ་སྲིད་བཙོན་པ་ཞིག་གིས་ལུས་སྲོག་བློས་བཏང་གི་གྲུབ་འབྲས་ཤིག་རེད་འདུག ཟུར་སྣེ་ཅུང་ཟད་མཐོང་བ་ཙམ་གྱིས་ལམ་སེང་ཁ་རྡུང་གཏོང་རྒྱུ་དེ་ཅུང་ཟད་ཐལ་དྲགས་པ་མིན་ནམ།