བཀྲ་ཤིས་དོན་འགྲུབ།
ལོ་ཟླའི་སེར་མདོག་གི་ནག་ཐིག་ཁྲོད་ན་
སེམས་པ་ནི་རླུང་བུས་གཏོར་བའི་ལོ་མ་ཞིག
མིག་འཕྲུལ་དང་སྒྱུ་མའི་ཟིལ་པ་དང་བྲལ་ཚེ་
མགོ་བོ་ཆུ་རུ་འཐིམས་པའི་ཚོར་བ་དེ་
སྐར་མ་དང་སྐར་ཆ་ཙམ་ལའང་བཟོད་ཐབས་བྲལ་
ལྷིང་འཇགས་ཀྱི་མཚན་མོའི་དབྱངས་སུ་ཉལ་བའི་སེམས་པ་
ཟླ་བ་དང་ལྷན་དུ་བཤུམ་ཞིང་
སྐར་མ་དང་མཉམ་དུ་དགོད་
མ་གཞི་མི་ཚོགས་གཉིད་དུ་ཡུར་བའི་སྔ་རྟིང་ནི་
ཁྱོད་ཀྱིས་མེ་ལོང་ལས་རང་ཉིད་ཀྱི་སེམས་ཁམས་འཚོལ་བར་ཆེས་འཚམ་པའི་དུས་ཚོད་དེ་ཡིན་
མཚམས་ལན་རེ་
སྒེའུ་ཁུང་ཕྱི་རོལ་གྱི་བྱིའུ་ཆུང་ཚོའི་ཀྱུར་སྐད་ཀྱང་
རྣ་བར་ཟན་ཞིང་སེམས་ལ་སུན་
ལག་པས་ལག་པ་བཟུང་ཏེ་
མུ་མེད་པའི་སྣུམ་ལམ་དུ་ཁམས་སངས་རེ་འགྲོ་འདོད་པ་ནི་
སྐབས་དེའི་ཁྱོད་ཀྱི་སེམས་ཁམས་ཁོ་ན་ཡིན་འོས་
འཆར་སྣང་དང་དངོས་ཡོད་ཀྱི་སོ་ཁ་ན་
མི་ཚེ་ཐུང་ཐུང་འདི་ཆུ་རུ་ཕོགས་པའི་ཁ་བ་བཞིན་
སྐད་ཅིག་སྐད་ཅིག་ལ་བདེ་བ་
སྐད་ཅིག་སྐད་ཅིག་ལ་སྡུག་བསྔལ་