དོལ་སྨྱོན།
ཟླ་འདིའི་ཚེས་ལྔ་རེས་གཟའ་ཉི་མའི་ཉིན་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ནས་རང་ཉིད་ཀྱི་སྙན་ངག་ཕྱོགས་བསྒྲིགས་<<དབྱངས>>སྙན་དེབ་ཀྱི་མཛད་སྒོ་སྟབས་བདེ་ཞིག་འཚོག་ཡོད། ཐོག་མར་མདོ་འཛིན་པ་གྲོགས་པ་རཱ་མི་ཏས།
ཁྱོད་ནི་ངག་གི་ལྷ་མོ་སྟེ།།
ཁྱོད་ནི་སྨྲ་བའི་བདག་མོ་ཉིད།།
ཁྱོད་ཀྱི་མཛེས་པའི་སྤྱན་ཟུང་དེས།།
བདག་ལ་གཟིགས་པ་མ་ལྷོད་རོགས།།
འདི་ན་ལས་དང་སྐལ་བར་བསྐོས་པ་ཡིས།།
མ་འདྲིས་གྲོགས་ཀྱི་དོ་རས་བསྐོར་བའི་དབུས།།
དབྱངས་དང་ཚིག་གི་གྲུ་ཆར་འབེབས་པ་འདི།།
སྐད་དང་ཡི་གེའི་ཚེ་སྲོག་འཛིན་པ་ཡིན།།
མཆོད་ཆང་ཕྱག་ཏུ་བསྣམས་ནས་སྙན་ངག་གྱེར།།
སྣང་བ་རླུང་ལ་བསྐུར་ནས་གླུ་དབྱངས་ལེན།།
སྐད་དང་ཡི་གེའི་ཚེ་སྲོག་དར་བར་ཤོག།
དབྱངས་དང་ཚིག་གི་འཇའ་འོད་འཁྱིལ་བར་ཤོག།
ཅེས་ཚིགས་སུ་བཅད་པ་འགའ་ཞིག་གིས་མདུན་བསུས་ནས་མཛད་སྒོ་དབུ་འཛུགས་བྱས་ཤིང་། ཐོག་མར་སྐུ་མགྲོན་གཙོ་བོ་རྒན་ཆབ་བྲག་ལྷ་མོ་སྐྱབས་ལགས་ནས་སྙན་དེབ་དབུ་འབྱེད་གྲུབ་རྗེས། སྙན་ངག་ལ་དགའ་ཞེན་ཅན་ཚོར་མཆོད་ཆང་ཞིག་འདེགས་པ། ཞེས་པའི་བརྗོད་གཞིའི་གཏམ་བཤད་སྤེལ་དོན།
ཐོག་མར་དོལ་སྨྱོན་གྱི་<<དབྱངས>>ཞེས་པའི་སྙན་རྩོམ་ཕྱོགས་བསྒྲིགས་འདིའི་ཆེད་དུ་ཕེབས་པའི་སྙན་ངག་པའི་སྐུ་མགྲོན་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།
དེ་ནས་སྙན་ངག་པའི་ལྷ་ཟེར་ནའང་ཆོག་ངག་གི་རིག་བྱེད་སྨྲ་བ་རྣམས་ཀྱི་མཆོད་ས། ཡང་མིན་ན་རང་རང་གི་རྩོམ་འབྲིའི་གོ་འཕང་གི་དམིགས་ཡུལ་དང་རེ་སྙེག་བྱེད་ས། ངག་གི་ལྷ་མོ་དབྱངས་ཅན་མ་ལ་མཆོད་པ་དང་པོ་འབུལ།
དེ་ནས་བོད་གངས་ཅན་གྱི་ཡི་གེའི་སྲོལ་གཏོད་པ་པོ་ཟེར་ནའང་ཆོག ལོ་ཙཱ་བ་ཐོག་མ་ཟེར་ནའང་ཆོག བོད་ཀྱི་ཡིག་ཐོག་གི་སྙན་ངག་པ་ཐོག་མ་ཟེར་ནའང་ཆོག གང་ལྟར་ཐོན་མི་སམྦྷོ་ཊ་ལ་བཀའ་དྲིན་རྗེས་དྲན་གྱི་སྒོ་ནས་མཆོད་པ་འབུལ།
དེ་ནས་རྒྱ་གར་འཕགས་པའི་ཡུལ་ནས་སྙན་ངག་མེ་ལོང་མ་བོད་དུ་ཐོག་མར་སྒྱུར་མཁན་ས་སྐྱ་པཎྜི་ཏ་དང་ཤོང་དཔང་རྣམ་གཉིས་གཙོ་བྱས་པའི་སྙན་ངག་མེ་ལོང་མ་དར་སྤེལ་དང་རྒྱུན་འཛིན་བྱེད་མཁན་སྔོན་བྱོན་གྱི་སྙན་ངག་པ་རྣམ་པ་ཐམས་ཅད་ལ་མཆོད་པ་འབུལ་བ་ཡིན།
དེ་ནས་དམིགས་བསལ་གྱིས་བོད་གངས་ཅན་གྱི་སྙན་ངག་གསར་བ་ཟེར་ནའང་ཆོག རང་མོས་སྙན་ངག་ཟེར་ནའང་འགྲིག ཡང་མིན་ན་དེང་རབས་ཀྱི་སྙན་ངག་ལབ་ནའང་ཆོག གང་ལྟར་ལང་ཚོའི་རྦབ་ཆུ་ཟེར་བའི་སྙན་ངག་ཅིག་ཡོད་པ་རྣམ་པ་ཚོ་ཚང་མས་ཤེས་གསལ་རེད། འདིའི་རྩོམ་པ་པོ་སྐུ་ཞབས་དམ་པ་རང་གྲོལ་མཆོག་ལ་དེ་རིང་རྗེས་དྲན་གྱི་ཚུལ་དུ་མཆོད་པ་འབུལ་བ་ཡིན།
འོ། དེ་ནས་དེ་རིང་གི་<<དབྱངས>>རྩོམ་པ་པོ་ཤེས་རབ་འོད་འབར་རམ་དོལ་སྨྱོན་ཁོ་རང་ཡིན་ན། རང་གི་གཤིས་ཀ་ཟེར་ནའང་ཆོག ལྷན་སྐྱེས་ཟེར་ནའང་ཆོག ཡང་ན་སྔོན་གྱི་བག་ཆགས་ཟེར་ནའང་ཆོག གང་ལྟར་དེའི་དབང་གིས་དེང་སང་གི་སྐད་ཆ་བཤད་སྟངས་ལྟར་བྱས་ན། སྙན་ངག་ལ་ཤི་མ་ཤི་དགའ་མཁན་ཞིག་ཡིན་པ་རེད།
དེ་ཡིན་དུས་ཁོ་རང་སྙན་ངག་ལ་དགའ་བའི་དབང་གིས་སྙན་ངག་ལ་རོལ་མྱོང་བྱས་པས་མི་ཚད། སྙན་ངག་གི་དཔེ་དེབ་མང་དུ་བལྟས་པ་དེ་དག་ཀྱང་དོན་ངོ་མར་སྙན་ངག་ལ་དུངས་ཞེན་ཟབ་པའི་རྐྱེན་གྱིས་ལོས་ཡིན་བསམ་གྱི་ཡོད། ལྷག་པར་དུ་དེ་རིང་ང་ཚོ་མཉམ་དུ་འཛོམས་བཅུག་པ་འདིས་ཀྱང་ཁོ་ཡི་སྙན་ངག་ལ་དགའ་བའི་དུངས་ཞེན་མཚོན་གྱི་ཡོད་པ་དང་། ད་དུང་རང་གི་བརྩམས་ཆོས་ལ་རང་གིས་གདེང་འཇོག་བྱེད་པའང་མཚོན་གྱི་ཡོད། མདོར་བསྡུས་ནས་བཤད་ན། སྙན་ངག་ལ་གདེང་འཇོག་བྱེད་ཀྱི་ཡོད་པ་དེ་མཚོན་ཐུབ་པ་རེད།
དེ་ཡིན་དུས་ང་རང་ཚོ་འདི་ན་འཛོམས་པའི་ནང་ན་སྙན་ངག་པ་ཡོད་པས་མི་ཚད། སྙན་ངག་གྱེར་མཁན་ཡང་ཡོད་སྲིད་ལ། ད་དུང་སྙན་ངག་ཀློག་མཁན་དང་སྙན་ངག་ལ་དགའ་མཁན་ཡང་ལོས་ཡོད་སྙམ། དེ་བས་དེ་རིང་<<དབྱངས>>རྩོམ་པ་པོས་གཙོ་བྱས་པའི་འདིར་འབྱོར་བའི་སྐུ་མགྲོན་རྣམ་པ་ཚང་མ་དང་། གཞན་ཡང་སྙན་ངག་འབྲི་མཁན་དང་གྱེར་མཁན་ཀློག་མཁན་ཡོངས་སུ་རྫོགས་པ་ལ་མཆོད་པ་འབུལ་རྒྱུ་ཡིན།
དམིགས་བསལ་གྱིས་དེ་རིང་གི་ངའི་བརྗོད་གཞི་དེ་”སྙན་ངག་ལ་དགའ་ཞེན་ཅན་ཚོར་མཆོད་ཆང་ཞིག་འདེགས་”ཞེས་པ་དེ་རེད། དེ་ཡིན་པའི་རྒྱུ་མཚན་གང་རེད་ཅེ་ན། སྤྱིར་སྙན་ངག་པ་ཞིག་ཡིན་ན་ཁོ་རང་སྙན་ངག་ལ་དགའ་ཞེན་ཡོད་པ་དེ་ཤོད་མི་དགོས་པ་ཞིག་རེད། ཡིན་ནའང་དགའ་འོས་པ་ཞིག་ལ་དེང་སང་སྙན་ངག་གྱེར་མཁན་ཧ་ཅང་མང་པོ་འདུག རང་རང་སྒེར་གྱིས་གྱེར་བ། སྐད་འཕྲིན་ནང་ནས་གྱེར་བ། ད་དུང་རིག་རྩལ་གྱི་འདུ་འཛོམས་དག་ནས་གྱེར་བ་བཅས་ཧ་ཅང་མང་པོ་འདུག
འདིས་གང་ཞིག་མཚོན་གྱི་ཡོད་ལབ་ན། ང་ཚོའི་མི་རིགས་འདི་སྔོན་ནས་བཟུང་ད་ལ་ཐུག་གི་བར་དུ་བོད་ཀྱི་མཁས་པ་ཞིག་ཡིན་ན་སྙན་ངག་པ་ཡིན་པས་ཁྱབ་པ་ལྟ་བུའི་སྐད་ཆ་ཞིག་ཤོད་ཀྱི་ཡོད་པ་རེད། དེ་ནང་བཞིན་དེང་སང་ཡིན་ནའང་ཆོག་སྙན་ངག་གྱེར་མཁན་དང་ཀློག་མཁན་གྱིས་མཚོན་པའི་སྙན་ངག་ལ་དགའ་མཁན་མང་བ་དེ། སྙན་ངག་པ་ཞིག་ལ་མཚོན་ན་ཧ་ཅང་གིས་དགའ་འོས་པ་ཞིག་རེད་བསམ་གྱི་ཡོད།
དེ་ཡང་རྩོམ་པ་པོ་ཞིག་ཡིན་ན་དེ་ལ་ཀློག་པ་པོ་དགོས་པ་རེད། ཀློག་པ་པོ་མེད་ན་རྩོམ་པ་པོས་རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་དག་རང་ཉིད་ཀྱིས་ཀློག་སྡོད་དགོས་པ་འདྲ་ཞིག་ཡིན་ན། ངས་བལྟས་ན་རྩོམ་པ་པོ་དེར་ཏན་ཏན་སྡུག་བསྔལ་ཡོད་རྒྱུ་རེད་བསམ། དེ་བས་གྱེར་མཁན་མང་བ་དེ་ཉན་མཁན་མང་བས་རེད་ལ། ཉན་མཁན་ཅི་ཙམ་མང་ན་དེ་ཙམ་གྱིས་གྱེར་མཁན་ཡང་མང་བ་ཡོང་གི་རེད། དེ་ལྟར་གྱེར་མཁན་དང་ཀློག་མཁན་མང་སོང་བ་དེས་སྙན་ངག་པ་དག་ལ་ཏན་ཏན་སྐུལ་ལྕག་ཐེབས་ཀྱི་ཡོད་རེད་བསམ་གྱི་ཡོད། དེ་ཡིན་པའི་རྒྱུ་མཚན་གྱིས་ངས་དམིགས་བསལ་གྱིས་སྙན་ངག་ཀློག་མཁན་དང་སྙན་ངག་གྱེར་མཁན་གྱིས་གཙོས་པའི་སྙན་ངག་ལ་དགའ་ཞེན་ཅན་དག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་ནས་མཐའ་དོན་ལ་རྩོམ་པ་པོ་ཁོ་རང་ལ་མཚོན་ན་མུ་མཐུད་ནས་སྙན་ངག་འབྲི་རྒྱུ་དེ་ངས་རེ་བ་མ་ཞུས་ནའང་ཕལ་ཆེར་ཁོ་རང་གིས་དམ་བཅས་ཡོད་པ་ལྟ་བུ་ཞིག་རེད་བསམ་གྱི་ཡོད། དེ་དགོས་པས་མི་ཚད་ཧ་ཅང་གི་གལ་ཆེན་པོ་རེད་འདོད།
སྔོན་མ་ང་ས་རཱ་མཐོ་སློབ་ཀྱི་རྩོམ་རིག་དགེ་རྒན་ཡིན་དུས། སློབ་མའི་ནང་ནས་སྒྲུང་འབྲི་མཁན་དང་སྙན་ངག་འབྲི་མཁན་མང་བས་མི་ཚད་རེ་བ་ཡོད་སའང་མང་བ་ཡོད། ཡིན་ནའང་དེང་སང་སྔོན་མའི་རེ་བ་ཡོད་མཁན་ནང་ནས་རེ་གཉིས་མ་གཏོགས་མང་པོ་ཞིག་གོ་རྒྱུ་ཚོར་རྒྱུ་མེད་པ་འདྲ་ཞིག་ཆགས་སྡད་འདུག
དེ་ཡིན་དུས་བོད་ནང་དང་ཕྱི་ལོགས་གཉིས་ཀར་རང་གི་གསེར་སྙུག་རིན་པོ་ཆེ་འདི་བོར་སོང་བ་དང་ཡང་ན་འབོར་རྒྱུའི་ཉེན་ཁ་འདི་མང་པོ་ཞིག་ལ་ཡོང་གི་འདུག དེ་ཡིན་དུས་ང་ཚོ་སྙན་ངག་ལ་དུངས་ཞེན་ཟབ་པའི་རྩོམ་པ་པོ་གཙོ་བོར་བྱས་པའི་རྩོམ་འབྲི་བ་ཡོངས་ཀྱིས་རང་གི་གསེར་སྙུག་རིན་པོ་ཆེ་འདི་མ་བོར་བར་བདག་ཏུ་བཟུང་ནས་རྩོམ་རིག་གསར་རྩོམ་གྱི་བྱ་བ་ལེགས་འགྲུབ་དང་རྒྱུན་སྐྱོང་བྱས་ནས། ང་ཚོའི་རྩོམ་རིག་དང་སྙན་ངག་དེའང་འཛམ་གླིང་རྩོམ་རིག་གི་གར་སྟེགས་སྟེང་འདྲ་མཉམ་གྱིས་སྐྱོད་ཐུབ་པའི་སྨོན་མདུན་ཞུ་བཞིན་ཡོད།།
དེ་རྗེས་རྒན་འབའ་སྲས་ལགས་ནས། ངེད་ཚོས་སྙན་ངག་བྲིས་པས་དོན་ངོ་མར་གང་ལ་ཕན། ཞེས་པའི་བརྗོད་གཞིའི་ཐོག་ནས་གཏམ་བཤད་སྤེལ་དོན།
དེ་རིང་འདི་ནས་<<དབྱངས>>རྩོམ་པ་པོ་དོལ་སྨྱོན་ནམ་མཚམས་སྤྲིན་ཁོ་རང་ལ་མཚོན་པ་ཡིན་ན། ངེད་གཉིས་ཐོག་མར་(Porte Dorée)ནས་ཐུག་ཅིང་རིམ་པས་ངོ་ཤེས་སུ་གྱུར་པ་རེད། དེ་ནས་ཁ་རྩང་<<དབྱངས>>ཞེས་པའི་སྙན་དེབ་གཅིག་སྒོར་འབུད་ཀྱི་ཡོད་དེ་ལ་ངེས་པར་དུ་ཕེབས་རོགས་ལབ་རྒྱུ་བྱུང་། ཡིན་ནའང་ཐེངས་མ་གཉིས་ལ་ཕྱིར་འགྱང་བྱེད་དགོས་ཐུག་པ་རེད། དེ་ཡང་རྒན་ལྷ་མོ་སྐྱབས་དང་ངེད་གཉིས་སློབ་གྲྭ་ཡོད་པས་མི་ཚད་ཕྲུ་གུའི་ཕ་མ་ཚོ་དང་མཉམ་དུ་ཚོགས་འདུ་ཡོད་ཙང་སླེབས་མ་ཐུབ་པ་རེད། དེ་ལ་དགོངས་དག་ཞུ་གི་ཡོད།
སྤྱིར་བཏང་བྱས་པ་ཡིན་ན་དོལ་སྨྱོན་གྱིས་དེ་རིང་ངའི་བུ་མོ་དབྱངས་མོ་འཚོའི་སྐྱེས་སྐར་ཡིན་དེ་ལ་ཡོང་རོགས་གྱིས་ལབ་ན། ང་ཏན་ཏན་ཡོང་གི་མ་རེད། དེ་ནི་མི་སྒེར་གྱི་དུས་ཚོད་དང་རང་དབང་ཞིག་རེད། ཡིན་ནའང་ངས་<<དབྱངས>>ཞེས་པའི་སྙན་དེབ་ཅིག་སྒོར་འབུད་ཀྱི་ཡོད་དེ་ལ་ཡོང་རོགས་གྱིས་ལབ་ན་ང་ཏན་ཏན་ཡོང་གི་རེད། གང་ཡིན་ལབ་ན། རྗེ་རིན་པོ་ཆེས།
རིག་ལམ་རྣམ་པར་ཕྱེད་པའི་རྣམ་དཔྱོད་དང་།།
གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།།
ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།།
ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།།
ཞེས་སྙན་ངག་དེ་རིན་ཆེན་རྣམ་གསུམ་ནང་གི་གྲས་སུ་བསྔགས་ཡོད་པ་རེད།
དེ་ནས་ཁ་རྩང་དུས་ཚོད་འདིའི་སྟེང་ནས་ང་ལ་སྙན་ངག་སྐོར་ནས་སྐད་ཆ་ཞིག་བྱེད་རོགས་ལབ་བྱུང་། ཡར་མར་བྱས་ནས་མཐའ་མཇུག་དེ་ལ་ངས་”ངེད་ཚོས་སྙན་ངག་བྲིས་པས་དོན་ངོ་མར་གང་ལ་ཕན་”
ཞེས་པའི་བརྗོད་གཞིའི་ཐོག་ནས་སྐད་ཆ་ཞིག་བཤད་ན་བསམ་བྱུང་། དེ་ཤོད་དགོས་པའི་རྒྱུ་མཚན་ནི། དེ་སང་བོད་གཞིས་བྱེས་གཉིས་ནས་དངོས་སུའམ་ཡང་ན་སྐད་འཕྲིན་སོགས་ནས་དྲི་བ་འདི་འདྲི་མཁན་མང་པོ་འདུག
སྔོན་མ་ཞིག་ལ་སྐུ་ཞབས་ལྗང་བུ་དང་རྒན་ལྷ་མོ་སྐྱབས་བཅས་ངེད་ཅག་སྐོར་ཞིག་སྙན་ངག་ཚོགས་འདུ་འཚོག་དུས། སྐུ་ཞབས་ལྗང་བུ་ལ་མི་མང་པོ་ཞིག་གིས། “ཁྱེད་ཚོས་ག་རེ་བྱས་ནས་སྙན་ངག་འབྲི་གི་ཡོད་”ཅེས་འདྲི་དུས། དེའི་ལན་ལ་”ཁྱེད་ཚོས་ག་རེ་བྱས་ནས་སྙན་ངག་འབྲི་གི་མེད་”ཅེས་ཕར་དྲིས་ཡིན་གསུངས་རྒྱུ་བྱུང་།
དེ་ཡིན་དུས་སྙན་ངག་བྲིས་པའི་དགེ་ཕན་དེ་སྔོན་གྱི་མཁས་དབང་རྣམ་པས་འདི་ལྟར་གསུངས་ཀྱི་ཡོད་རེད།
རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང་།།
རྒྱན་མེད་པ་ན་སྐྱེ་བོས་གླེང་།།
དེ་བཞིན་སྙན་ངག་མི་ལྡན་པའི།།
བསྟན་བཅོས་མཁས་ལ་བརྩིས་སུ་མེད།།
ཅེས་གསུངས་ཀྱི་ཡོད་པ་རེད། དཔེ་ཞིག་བཞག་ནས་བཤད་པ་ཡིན་ན་ང་ཚོས་སངས་རྒྱས་ལ་མཆོད་པ་ཞིག་ཕུལ་ནས་ཕྱག་འཚལ་བ་ལས། སྙན་ངག་གི་ལམ་ནས་བསྟོད་པ་ཞིག་བྲིས་པ་ཡིན་ན། དེ་སངས་རྒྱས་ཀྱི་སའི་ས་ལམ་བསྙེག་ཐུབ་པའི་དགེ་མཚན་ཡོད་རབས་གསུངས་ཀྱི་ཡོད་རེད།
ད་དེ་ཚོ་སྙན་ངག་གི་ཁྱད་ཆོས་ཆེ་ས་ཆེ་ས་ནས་བཤད་པ་དག་རེད། ང་ཚོ་ཆུང་སའམ་དམའ་ས་ལ་མར་བབས་ནས་བཤད་པ་ཡིན་ན། སྤྱིར་བཏང་མི་སོ་སོ་ལ་དགའ་ཕྱོགས་མི་འདྲ་བ་རེ་ཡོད་རེད། སོ་སོ་གང་ལ་དགའ་བ་དེ་ལེགས་འགྲུབ་བྱུང་བ་ཡིན་ན་དེ་དུས་སོ་སོའི་སེམས་ལ་བདེ་བ་ཞིག་ཐོབ་ཀྱི་ཡོད་རེད། ང་ཚོས་བདེ་སྐྱིད་བདེ་སྐྱིད་ཅེས་པའང་མཐར་གཏུགས་ན་སེམས་ཀྱི་བདེ་སྐྱིད་ལ་ཐུག་ཡོད་པ་རེད། དེ་ཡིན་དུས་སྙན་ངག་པ་ཞིག་ཡིན་ན་དཔལ་འབྱོར་དང་ཆབ་སྲིད་ཀྱི་རྙོག་གླེང་ནང་ལ་འགྲོ་གི་མ་རེད།
སྙན་ངག་པ་ཞིག་ཁྲིམས་དང་འགལ་བའི་སྒོ་ནས་བསད་བཞག་པ་ཞིག་འཛམ་བུ་གླིང་འདིར་ཕལ་ཆེར་ཡོད་མ་རེད། ཡིན་ནའང་སྙན་ངག་པ་མང་པོ་ཞིག་རང་ཤི་རྒྱབ་པའི་གནས་ཚུལ་མང་པོ་ཡོད་རེད། ལྷག་པར་དུ་ལོ་སུམ་ཅུ་ནས་བཞི་ཅུ་བར་གྱི་སྙན་ངག་པ་མང་པོ་ཞིག་རང་ཤི་རྒྱབ་པའི་གནས་ཚུལ་རྒྱ་ནག་ནང་ན་མང་བས་མི་ཚད་བོད་ལའང་བྱུང་ཡོད་པ་རེད། དེ་ཇི་ལྟར་བྱུང་བ་རེད་ལབ་པ་ཡིན་ན། ཁོ་ཚོས་བདེ་སྐྱིད་འཚོལ་སྟངས་དེ་སེམས་པའི་སྟེང་ལ་རག་ལས་ཡོད་པ་རེད། སེམས་ཀྱི་བདེ་སྐྱིད་མཐར་ཐུག་དེ་མ་རག་ཡོང་དུས་གཞི་ནས་རང་ཤི་རྒྱག་གི་ཡོད་པ་རེད།
གལ་སྲིད་མི་གཞན་པ་ཞིག་ཡིན་ན་སེམས་པ་སྐྱིད་པོ་མེད་དུས་ཆང་ཁང་ལ་འགྲོ་གི་རེད། ཡང་ན་ཕྱི་ལ་འཁྱམས་འཁྱམས་ལ་འགྲོ་གི་རེད། ཡིན་ནའང་སྙན་ངག་པ་ཞིག་ཡིན་ན་སེམས་པ་སྐྱིད་པོ་མེད་དུས་སྙན་ངག་འབྲི་གི་རེད། བྲིས་པའི་རྗེས་སུ་རང་སེམས་ལ་ཁྱད་དུ་འཕགས་པའི་བདེ་སྐྱིད་ཅིག་ཏན་ཏན་འཐོབ་རྒྱུ་ཡོད་རེད། དེ་ཡང་སྙན་ངག་གི་སེམས་ཁམས་ཡོད་མཁན་ཞིག་ལ་ཡོང་གི་རེད་མ་གཏོགས་ཡོད་ཚད་ལ་ཡོང་གི་མ་རེད།
དེ་ཡིན་དུས་སྙན་ངག་པས་སྤྱི་ཚོགས་ཀྱི་གནོན་ཤུགས་དང་དང་ཆབ་སྲིད་ཀྱི་རྙོག་གླེང་སོགས་ལ་ཇུས་གཏོགས་བྱེད་ཀྱི་མ་རེད། དེ་ཚོ་ཚང་མ་སྙན་ངག་གི་དགེ་མཚན་རེད། གཞན་ཡང་སྙན་ངག་པས་གཞན་ལ་ནམ་ཡང་འགྲན་བསྡུར་བྱེད་ཀྱི་མ་རེད། དབྱར་ཀ་སླེབས་དུས་བསིལ་པོ་ཞིག དགུན་ག་སླེབས་དུས་དྲོན་མོ་ཞིག དེ་ཙམ་གྱིས་འགྲིག་གི་རེད། ཡིན་ནའང་ཆང་དང་ཐ་མག་དེ་མང་ཙམ་དགོས་རེད། ཧ་ཧ་ཧ།
སྤྱིར་བཏང་བཤད་པ་ཡིན་ན། སྙན་ངག་གི་ལམ་ནས་བོད་ཀྱི་སྐད་ཡིག་དང་ལུགས་སྲོལ་སོགས་མང་པོ་ཞིག་བཟུང་སྡད་ཡོད་པ་དེ་ཤོད་མི་དགོས་པ་ཞིག་རེད། ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་མང་པོ་ཞིག་སྙན་ངག་གི་ཁོངས་སུ་གཏོགས་པའི་མགུར་དང་ལ་གཞས་གཏམ་དཔེ་དང་གླུ་ཤགས་སོགས་ཀྱིས་བཟུང་སྡད་ཡོད་པ་རེད། གལ་སྲིད་སྙན་ངག་ཟེར་བ་དེ་རྒྱུན་ཆད་སོང་བ་ཡིན་ན། བོད་ཀྱི་རིག་གཞུང་མང་པོ་ཞིག་ཞོར་ནས་བརླག་འགྲོ་གི་རེད།
ང་ཚོས་ནམ་རྒྱུན་ཕ་སྐད་གཙང་མ་དང་ཕ་སྐད་གཙང་མ་ཞེས་སྨྲས་ནའང་། སྐད་ཆ་གཅིག་པུའི་སྒང་ནས་བོད་ཀྱི་སྲོལ་རྒྱུན་དེ་གནས་ཐུབ་ཀྱི་མ་རེད། དེ་གནས་དགོས་ན་ངེས་པར་དུ་དོན་སྙིང་ལྡན་པའི་ཚིག་གི་འཕྲེང་བ་ཞིག་ལ་སྤེལ་དགོས་པ་རེད།
མདོར་བསྡུས་ན་སྙན་ངག་ནི་བོད་ཀྱི་རིག་གཞུང་ཀུན་དང་ཁ་གཏན་ནས་འབྲལ་ཐབས་མེད་པའི་རླབས་ཆེན་གྱི་རིག་གནས་ཤིག་ཡིན་པ་རེད། འོ་དེ་ཙམ་ཡིན། ཐུགས་རྗེ་ཆེ་གནང་།
དེ་རྗེས་གསལ་ལེ་རྒྱལ་གྱིས། སྙན་ངག་དང་སྙན་ངག་པ་ལ་བཅངས་པའི་རང་གི་ལྟ་ཚུལ་སྟབས་བདེ་ཞིག་གསུངས་པ།
སྤྱིར་བཏང་བཤད་ན་ངེད་ཅག་སྔོན་ཆད་ནས་ངོ་ཤེས་པ་མ་རེད་ལ། གྲོགས་པོ་དེ་འདྲའང་མ་རེད། དེ་ནི་བར་ཐག་དང་ཁོག་ཡུག་དབང་གིས་རེད། ཡིན་ནའང་རྩོམ་རིག་གི་འཇིག་རྟེན་ཞིག་ནས་བཤད་ན་ང་ཚོ་ཏན་ཏན་གྲོགས་པོ་རེད། གྲོགས་པོ་ཡིན་པས་མི་ཚད་ལྟ་བ་དང་ལང་ཕྱོགས་དགའ་ཕྱོགས་འཚོལ་སྙེག་ཚང་མ་གཅིག་ཡིན་པ་རེད།
ཁ་སྔོན་དོལ་སྨྱོན་གྱིས་<<དབྱངས>>སྙན་དེབ་ཀྱི་མཛད་སྒོར་ཡོང་རོགས་ལབ་དུས་ང་རང་དགའ་བོ་བྱུང་། དེ་ནི་རྩོམ་པ་པོས་ང་ལ་བརྩི་བཀུར་བྱས་པ་མིན་པར་སྙན་ངག་ལ་བརྩི་བཀུར་བྱས་པས་རེད། ཡང་ན་རྩོམ་རིག་ལ་བརྩི་བཀུར་བྱས་པས་རེད། མདོར་བསྡུས་ནས་བཤད་ན་བོད་ཀྱི་སྐད་ཡིག་ལ་བརྩི་བཀུར་བྱས་པས་རེད།
ང་རང་ལ་མཚོན་ན་ངས་ད་བར་མང་པོ་མང་པོ་ཞིག་བྲིས་ནས་ཡོང་བ་རེད། ངས་བྲིས་པ་དག་སྙན་ངག་ཡིན་མིན་ང་རང་གིས་ཀྱང་མི་ཤེས། ངས་ནི་ང་རང་གིས་བྲིས་པ་དག་ཉིན་ཐོའམ་ཡང་ན་ཟིན་བྲིས་ཤིག་གི་ཚུལ་དུ་འདོད་ཀྱི་ཡོད། གང་ལྟར་སྙན་ངག་ཡིན་ནའང་འདྲ། ཉིན་ཐོ་ཡིན་ནའང་འདྲ། ཟིན་བྲིས་ནའང་འདྲ། ང་ལ་མཚོན་ན་དེ་གལ་ཆེན་པོ་མ་རེད། གལ་ཆེ་ཤོས་དེ་གསལ་བྱེད་སུམ་ཅུའི་ཐོག་ནས་འབྲི་གི་ཡོད་པ་དེ་རེད། དེ་ཡིན་དུས་ང་ཚོས་གཅིག་བྲིས་བཞག་པ་དེ་གཞན་ཞིག་གིས་བཀླགས། དེ་ནས་ཡང་གཞན་ཞིག་གིས་བཀླགས་འགྲོ་དུས། སྐད་ཡིག་གི་ཚེ་སྲོག་ལ་ཕན་ཐོགས་ཡོད་པ་ཏན་ཏན་རེད།
དེ་རིང་རྩོམ་པ་པོའི་སྙན་དེབ་ངའི་ལག་པར་རག་མ་ཐག་ཡིན་པས། ངས་རྩོམ་པ་པོའི་སྙན་ངག་སྐོར་ནས་ཅང་ལབ་མི་ཤེས། ངོ་བསྟོད་དང་ཟོལ་བརྫུ་བྱས་སྡད་ན་དགེ་ཕན་ཅང་མི་འདུག ཡིན་ནའང་རྩོམ་པ་པོས་བོད་ཡིག་བྲིས་ཤིང་བོད་ཡིག་གི་ཚེ་སྲོག་བསྐྱངས་པ་དེར་ངས་དངོས་གནས་བཀའ་དྲིན་ཆེ་ཞུ་བ་ཡིན། ཐུགས་རྗེ་ཆེ།
དེ་རྗེས་རང་ཉིད་ཀྱིས་ཐུགས་རྗེ་ཆེ་ཞུའི་སྐད་ཆ་ཚིག་གསུམ་བཤད་པ།
དེ་རིང་འདི་ན་ཕེབས་པའི་སྐུ་མགྲོན་གཙོ་བོ་རྒན་ལྷ་མོ་སྐྱབས་དང་རྒན་འབའ་སྲས་རྣམ་གཉིས་གཙོ་བྱས་པའི་བཀུར་འོས་སྙན་ངག་པ་དང་གྲོགས་ཕོ་མོ་ཡོངས་ཀྱིས་གསེར་ལས་དཀོན་པའི་དུས་ཚོད་བཏོན་ཏེ། <<དབྱངས>>སྙན་དེབ་ཀྱི་སྐྱེས་སྐར་ལ་ཆེད་དུ་ཕེབས་པར་གུས་པས་སེམས་གཏིང་ནས་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན།
སྤྱིར་མི་སོ་སོར་དགའ་ཕྱོགས་དང་ཞེན་ཕྱོགས་མི་འདྲ་བ་རེ་ཡོད་སྲིད་མོད། གུས་པ་རང་ཉིད་ལྟ་བུར་མཚོན་ན། སྙན་ངག་ནི་ངའི་འཚོ་བའི་ཆ་ཤས་ཤིག་ཏུ་གྲུབ་འདུག་པས་མི་ཚད། སྙན་ངག་མེད་ན་ངའི་འཚོ་བ་ལ་མཛེས་སྡུག་དང་གསོན་ཉམས་ཤིག་ཧ་ལམ་གཏན་ནས་མེད་ཚོད་རེད།
འཇིག་རྟེན་འདི་ནི་འཕོ་འགྱུར་གྱི་རང་བཞིན་ཞིག་དང་འཚོ་བ་དང་དུས་ཚོད་ཀུན་ཀྱང་འགྱུར་ལྡོག་གི་ངོ་བོར་གྲུབ་འདུག་ཀྱང་། བདག་རང་ཉིད་ལ་མཚོན་ན་འགྱུར་བ་མེད་པའི་སེམས་ཀྱི་གྲོགས་མཆོག་གཅིག་རང་ཡོད་པ་ནི། སྙན་ངག་ཡིན་ཞེས་མགྲིན་པ་གཟེངས་སུ་བཏེགས་ནས་ལབ་ཐུབ།
ཇི་ལྟར་སྙན་ངག་གིས་བདག་སྲུང་ཞིང་སྐྱབས་པ་ལྟར། བདག་ཀྱང་སྙན་ངག་ལ་དགའ་ཞིང་རབ་ཏུ་དུངས། སྙན་ངག་གིས་བདག་སྲུང་ཞིང་། རང་ཉིད་ཀྱང་སྙན་ངག་ལ་དུངས་པའི་བདག་རྐྱེན་ལས། བདག་ལ་མཚོན་ན་དེ་རིང་<<དབྱངས>>ཞེས་པའི་སྙན་དེབ་ཅིག་སྤྱི་ཚོགས་ཀྱི་སྒོ་རུ་ཐོན་པའི་སྐལ་བཟང་གི་ཉི་མ་ཞིག་ཤར་བ་འདི་རེད།
དེ་ལས་ཀྱང་ཡིད་རབ་ཏུ་དགའ་ཞིང་སེམས་གཏིང་ནས་སྐྱིད་པའི་དོན་དག་ཅིག་ནི། ཕ་ས་ཕ་ཡུལ་དང་རྒྱང་ཐག་རབ་ཏུ་ཆོད་པའི་གཞན་ཡུལ་འདི་ནས། ཡང་ན་ཚན་རྩལ་དང་དཔལ་འབྱོར་གྱི་དུ་ཞགས་ལང་ལོང་འཁྲིགས་པའི་གྲོང་ཁྱེར་འདི་ནས། ཡང་ན་ཕ་སྐད་ཕ་ཡིག་གི་ལས་དབང་རབ་ཏུ་ཞན་པའི་ས་མཐའ་འདི་ནས།
མདུན་གྱི་འཚོལ་སྙེག་གཅིག་ཅིང་རྒྱབ་ཀྱི་ལས་དབང་མཚུངས་པའི་ངེད་ཅག་རྣམས། སྐད་ཡིག་ཅིག་གི་ཚེ་སྲོག་དོན་དུ། རིག་གཞུང་ཞིག་གི་རིན་ཐང་སླད་དུ། མི་རིགས་ཤིག་གི་དར་རྒུད་ཆེད་དུ་དེ་རིང་འདིར་འཛོམས་ཡོད་པ་དེ་དངོས་གནས་དགའ་འོས་པའི་གནད་དོན་ཞིག་ཡིན་པ་རེད།
དེས་ན་སྐད་ཡིག་དེའི་ཚེ་སྲོག་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་ཅིང་། རིག་གཞུང་དེའི་རིན་ཐང་བླ་ནས་བླ་རུ་འཕགས་ཏེ། མི་རིགས་གང་དེའི་གཟི་བརྗིད་ཀྱི་རྒྱུ་དང་མཛེས་སྡུག་གི་རྒྱན་དུ་འགྱུར་བའི་སྨོན་ལམ་སེམས་གཏིང་ནས་འདེབས་པ་ཡིན།
མཐའ་དོན། གུས་པར་མི་ལུས་རིན་ཆེན་བསྩལ་ཞིང་འབྲི་ཀློག་གི་ལམ་དུ་འཇུག་མཁན་ཕ་མ་གཉིས་ལ་བཀའ་དྲིན་ཞུ་བ་ཡིན། དངོས་ཤུགས་བརྒྱུད་པའི་དགེ་བའི་བཤེས་གཉེན་ཡོངས་ལ་བཀའ་དྲིན་ཞུ་བ་ཡིན། ལྷག་པར་དུ་དབྱངས་སྙན་དེབ་ཀྱི་ཐོག་མཐའ་བར་གསུམ་གྱི་བྱ་བཞག་ཡོད་ཚད་ཕྲག་ཏུ་འཁུར་མཁན་གྱི་ལག་བསྟར་རྩོམ་སྒྲིག་པ་གཅུང་པོ་འགྱུར་མེད་ལ་བཀའ་དྲིན་སྙིང་ནས་ཞུ་བ་ཡིན།
གསེར་ལས་དཀོན་པའི་དུས་ཚོད་བཏོན་ནས་འདིར་ཕེབས་པའི་སྐུ་མགྲོན་ལྷན་རྒྱས་ལ་སེམས་གཏིང་ནས་བཀའ་དྲིན་ཞུ་བ་ཡིན། ཨ་ཅ་མེ་ཏོག་ལགས་ནས་སྤྲོ་སེམས་འཁོལ་པོའི་ངང་ནས་ཁང་པ་གཡར་པོ་གནང་བར་བཀའ་དྲིན་ཞུ་བ་ཡིན། དེ་རིང་གི་མཛད་སྒོ་འདི་ཚགས་ཚུད་ཡོང་བར་རམ་འདེགས་གནང་མཁན་གྱི་གྲོགས་ཕོ་མོ་དག་ལ་བཀའ་དྲིན་ཞུ་བ་ཡིན།
སྙན་ངག་རྒྱལ་ལོ།། སྐད་ཡིག་རྒྱལ་ལོ།། གསལ་བྱེད་སུམ་ཅུ་རྒྱལ་ལོ།།
“གོང་གི་གཏམ་བཤད་དག་ཡིག་ཐོག་ལ་འབེབས་མཁན་དོལ་སྨྱོན་ཡིན།”
རྟེན་འབྲེལ་ཞུ། གཏམ་བཤད་ཁག་ཧ་ཅང་ཡག་གི
སྙན་དེབ་ལས་སྙན་ངག་གཅིག་གཉིས་རེ་འདིར་བཞག་ན་ཧྲ་གི་པ། དེ་མིན་ཁྱོའི་སྙན་དེབ་དེ་ད་རུང་མེ་ཏོག་མ་ཡིན་མིན་སུས་ཤེས།
དཔལ་དོལ་སྨྱོན་ལེགས་དང་དིང་སང་གི་བོད་ཀྱི་སྙན་དངགས་པ་རྣམས་དགའ་སྤྲོའི་ངང་དུ་གླུ་དབྱངས་ལེན་པར་བཀྲ་ཤིས་པར་གྱུར་ཅིག དེ་ཡང་། སྔོན་བྱོན་བོད་ཀྱི་མཁས་པ་རྣམས་ཀྱིས་སྙན་དངགས། ཞེས་དང་། དིང་སང་གི་མཁས་པ་དག་གིས་སྙན་ངག ཞེས་འབྲི། དངགས་ཞེས་པ་ངག་ཙམ་མ་ཡིན་པར་ངག་དེ་གདངས་སྙན་པོས་གླུ་རུ་ལེན་པ་ཞིག་ལ་གོ་དགོས།
“གལ་ཆེ་ཤོས་དེ་གསལ་བྱེད་སུམ་ཅུའི་ཐོག་ནས་འབྲི་གི་ཡོད་པ་དེ་རེད།” ཨ་ཡིག་གསལ་བྱེད་ཡིན་པ་བཏགས་པ་ཙམ་མ་གཏོགས། གསལ་བྱེད་དངོས་ཡིན་པ་ནི་དོན་དང་འགལ།
ངག་གང་ཞིག་གིས་དོན་སྟོན་པ་ལ་ངག་དེ་ལ་དབྱངས་གསལ་གཉིས་དང་ལྡན་པ་དགོས། ང་དང་། ཆ། ཉ། ཕ།བ། མ། ཚ། ཡ། ར། ལ། ས་སོགས་ཡི་གེ་འདི་རྣམས་ལ་དབྱངས་གསལ་གཉིས་ཅན་གྱི་ཡི་གེ་ཡིན་པར་སེམས་སོ། “གུས་པར་མི་ལུས་རིན་ཆེན་བསྩལ་ཞིང་འབྲི་ཀློག་གི་ལམ་དུ་འཇུག་མཁན་ཕ་མ་གཉིས་ལ་བཀའ་དྲིན་ཞུ་བ་ཡིན།”བརྗོད་པ་འདིར། བསྩལ། ཅེས་པ་བོད་ཀྱི་སྔོན་བྱོན་མཁས་པས་བྲིས་པ་དང་མཐུན་ནམ།
དེང་སང་བོད་ཡིག་ཐོག་གི་སྙན་དེབ་ཀློག་རྒྱུར་ཕར་བཞག་བོད་སྐད་གཙང་མ་ཞིག་ཀྱང་རྒྱབ་ཤེས་ཀྱི་ཡོད་པ་མ་རེད། བོད་ཡིག་ཐོག་ཏུ་བྲིས་པའི་སྙན་ངག་དེ་ཚོ་མི་རིང་བར་ལེགས་སྦྱར་གྱི་སྐད་བཞིན་ཆགས་གྲབས་འདུག ཡང་གསལ་བྱེད་སུམ་ཅུ་མེད་རེད་ཟེར། ད་གང་ཤེས་བོད་ཡིག་དེ་ཉུང་དུ་ཉུང་དུ་འགྲོ་གི་ཡོད་ས་རེད། ཡང་མིན་ན་རྒྱལ་བའི་བཀའ་འགྱུར་གྱི་ནང་ངམ་དག་ཡིག་གསར་བསྒྲིགས་ཀྱི་ནང་དུ་མེད་པ་ཡིན། གང་ཤེས།
ངག་སྒྲོན་གྱི་མགོ་ན། དབྱངས་ལྔ་ཡ་ར་ལ་བའི་འདོགས། ཞེས་གསུངས། ཤེས་རིག་སྤར་ཁང་གིས་ངག་སྒྲོན་མཛད་པོའི་ལོ་རྒྱུས་རགས་པ་འདི་ལྟར་བཀོད་པར་མཛད་པ་དེ། ཀློག་པ་པོ་འགའ་ཞིག་ལ་ཐུགས་ཕན་གསོས་པའི་རེ་བས་བཀོད་པ་ལ་གཟིགས་ཤིག
་
༄༅། །དཔལ་ཁང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོ་ནི། རབ་བྱུང་བརྒྱད་པའི་མེ་ཕོ་བྱི་ལོ་སྟེ་ཕྱི་ལོ་༡༤༥༦ལོར་བོད་ཡུལ་གཙང་གི་བཞད་མཐོང་སྨོན་རྫོང་གི་ཤར་ཕྱོགས་དཔལ་ཁང་ཞེས་པའི་ཁྱིམ་དུ་སྐུ་འཁྲུངས། འདས་ལོ་མི་གསལ་ཡང༌། ཀརྨ་མི་བསྐྱོད་རྡོ་རྗེ་(༡༥༠༧ – ༡༥༥༤)དང་དུས་མཉམ་དུ་བྱུང ཁོང་གིས་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་དང༌། སྐྱོགས་སྟོན་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས་སོགས་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་མཁས་པ་ཆེན་པོར་གྱུར། ཁོང་གི་མཚན་གཞན་ལ་དཔལ་ཁང་ལོ་ཙཱ་བ་དང༌། དཔལ་ཁང་ཆོས་མཛད། དབྱངས་ཅན་སྙེམས་པའི་སྡེ། ཀརྨ་འཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་བཅས་ཞུའོ། །
རབ་བྱུང་དགུ་པའི་ས་ཕོ་ཁྱི་ཕྱི་ལོ་༡༥༣༨ ལོར་《བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་》དང༌། རབ་བྱུང་དགུ་པའི་ཆུ་ཡོས་ཕྱི་ལོ་༡༥༤༣ ལོར་《ཚིག་རྒྱན་སྙན་ངག་གི་བསྟན་བཅོས་མེ་ལོང་རྒྱན་གྱི་དཔེར་བརྗོད་བཀླགས་པས་ཀུན་ཤེས་》བརྩམས་སོ། །ད་དུང་《སྙན་ངག་མེ་ལོང་གི་རྒྱན་གྱི་དཔེར་བརྗོད་རབ་གསལ་བཀླགས་པས་ཀུན་ཤེས་ལས་སྒྲ་རྒྱན་གབ་ཚིག་གི་རྟགས་སྐྱོན་སེལ་བ་དང་བཅས་པའི་རྣམ་བཤད་》དང༌། 《མིང་གི་མངོན་བརྗོད་པདྨ་དཀར་པོའི་ཕྲེང་བ་》བཅས་བཞུགས་སོ། །
དག་ཡིག་ངག་སྒྲོན་གྱི་རྩ་བ་ནི་དཔལ་ཁང་ལོ་ཙཱ་བས་རྣམ་འཕྱང་ཞེས་པ། བོད་རབ་བྱུང་དགུ་པའི་ས་ཁྱི། ཕྱི་ལོ་༡༥༣༨ ཐ་སྐར་ཉ་བ་སྟོན་ཟླ་འབྲིང་པོའི་གྲལ་གྱི་ཚེས་བཅོ་ལྔ་ལ་མཛད། ཕྱི་ལོ་༡༩༣༧ ལོར་རྒྱལ་སྲས་ཞི་བ་ལྷ་གཉིས་པར་གྲགས་པའི་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་ནས་ངག་སྒྲོན་གྱི་འགྲེལ་པ་《བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ངག་སྒྲོན་གྱི་འགྲེལ་པ་ཚིག་གསལ་》བརྩམས་གནང་བ་དང། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཀུན་བཟང་རྣམ་རྒྱལ་ལགས་ནས་《ངག་སྒྲོན་གྱི་ཡང་འགྲེལ་》བརྩམས་གནང་མཛད་པ་བཅས་སོ། །