ཀླུ་སྨྱོན་ཧེ་རུ་ཀ
(བོད་ཀྱི་དུས་བབ་ལས་དྲངས།)
དོན་དག་དེ་བྱུང་ནས་ལོ་ངོ་བཞི་བཅུ་འདས་ཟིན། ཡིན་ན་ཡང་ངས་དོན་དག་དེ་ནམ་ཡང་བརྗེད་མ་མྱོང་ལ་བརྗེད་ཐབས་ཀྱང་མི་འདུག ལྷག་པར་དུ་ཨ་མ་དྲིན་ཆེན་མ་ཞིང་དུ་གཤེགས་ནས་ལོ་གཅིག་འཁོར་ལ་ཉེ་བའི་དུས་འདིར་དོན་དག་དེ་ཡང་ཡང་སེམས་ནང་འཁོར་ཡོང་། དེ་ནི་སྤྱི་ལོ་ ༡༩༨༠ ལོའི་དབྱར་ཁའི་མཚན་མོ་ཞིག་ཡིན། ཕྱོགས་བཞིའི་ཕྱི་བརྩེགས་ནང་བརྩེགས་ཀྱི་རི་བོ་ཆེན་པོ་དེ་ཚོས་སྐར་ཚོགས་རྣམ་པར་བཀྲ་བའི་མཚན་ལྗོངས་འདི་གོས་སུ་གྱོན་ནས་གཉིད་དུ་ཡུར་བའི་གྲ་སྒྲིག་ལ་བྲེལ་བཞིན་ཡོད་སྲིད། ངེད་ཚང་གི་ནོར་ནག་དང་ལུག་ཁྱུའི་ངུར་སྒྲ་དང་འབའ་སྒྲ་ཡང་ལྷིང་འཇགས་ཀྱི་ཀློང་དུ་ཐིམ་དང་འཐིམ་བཞིན་ཡོད། ཉིན་གང་བོར་བྲེལ་བས་གཟིར་བའི་འབྲོག་མི་ཚོ་ཡང་རང་རང་གི་སྦྲ་ནག་དེ་ཚོའི་ཐུ་འོག་ཏུ་འཛུལ་ནས་ཉིན་གཅིག་གི་ངལ་དུབ་ཡོངས་རྫོགས་གསོ་བའི་ཆེད་དུ་གཏི་མུག་གཉིད་ཀྱི་ཞིང་ཁམས་སུ་འགྲིམ་རྒྱུའི་སྟ་གོན་བྱེད་བཞིན་ཡོད་ངེས་རེད། མཐོ་སྒང་གི་རྫ་གསེབ་འདིར་ལོ་ངོ་སྟོང་ཕྲག་དུ་མའི་རིང་ཚེ་སྲོག་གི་རྒྱུན་བསྐྱངས་པའི་ངེད་ཚང་གི་སྦྲ་ནག་ཆེན་པོ་འདིའི་ནང་རོལ་ཏུ་ཡམ་ཡོམ་གཡོ་བའི་སྣུམ་སྒྲོན་དང་ལྕི་བ་སྐམ་པོས་སྦར་བའི་མེ་འོད་ལང་ལོང་དེའི་ཁྲོད་དུ། ངའི་བརྩེ་བ་མཚོ་ལས་ཟབ་པའི་ཨ་མ་དྲིན་ཆེན་མ་དང་ནུ་བོ་ཚོ་དགུང་ཟས་སམ་ངེད་ཚོའི་ས་ཆར་ནུབ་འཚལ་དུ་འབོད་པ་དེར་རོལ་བཞིན་ཡོད།
གློ་བུར་དུ་ངེད་ཚང་གི་ཁྱི་རྒན་ནག་ལྡང་ཟུག་མགོ་བརྩམས་བྱུང་། ཐོག་མར་ཁྱིམ་མི་སུས་ཀྱང་དེ་ལ་དོ་སྣང་དེ་ཙམ་མི་བྱེད་ཀྱང་། རིམ་བཞིན་དེའི་ཟུག་སྐད་ཇེ་མཐོ་ནས་ཇེ་མཐོར་གྱུར་ཅིང་དེ་ནི་ཅུང་ཟད་རྒྱུན་མིན་པ་ཞིག་ཏུ་སྣང་བས། ཨ་མས་སྦྲ་ནག་གི་ནང་ཧྲིལ་བོར་ཁྱབ་པའི་ཨོང་བའི་མེ་ལྕེ་ལང་ལོང་དེའི་ཀློང་ནས་ང་ལ་ལྟ་བཞིན། སྐལ་བཟང་། ཁྱོད་སོང་ལ་སྒོའི་ཕྱི་རོལ་ནས་ཅིག་ལྟོས་དང་། ཅང་ཡོང་གི་མེད་ལ། ཟེར། ངས་ལག་གི་ལུག་ཤའི་ཐུག་པ་བླུགས་ཡོད་པའི་དཀར་ཡོལ་དེ་གོ་འདབས་སུ་བཞག་ནས་སྦྲ་སྒོར་བུད་པ་ན། ཁྱི་རྒན་ནག་ལྡང་སྔར་བཞིན་ཟུག་བཞིན་ཡོད་མོད་མུན་ནག་གི་ཁྲོད་ནས་རྒྱུན་ལྡན་མིན་པའི་སྣང་ཚུལ་ཅི་ཡང་མ་མཐོང་བས། ཕྱིར་ཁྱིམ་དུ་འཛུལ་ནས། ཨ་མ། དོན་དག་དམིགས་བསལ་བ་ཅི་ཡང་རིག་རྒྱུ་མེད་ཀི་ཡ། ཞེས་བརྗོད་པ་ཡིན། དེ་ནས་ངེད་ཅག་གིས་མུ་མཐུད་དུ་ནུབ་འཚལ་འཐུང་བ་ཡིན།
ཁྱི་རྒན་ནག་ལྡང་གི་ཟུག་སྐད་ཇེ་ཆེ་ནས་ཇེ་ཆེར་གྱུར་སོང་། ཕལ་ཆེར་མི་ཞིག་ངེད་ཚང་གི་སྦྲ་འདབས་སུ་བསླེབས་ཡོད་པ་འདྲ། མུན་ནག་གི་འབྲོག་པའི་མཚན་མོ་མང་པོ་ཞིག་ལ། རྐུན་ཇག་རེ་ཟུང་གིས་ལྐོག་ལྐོག་སུད་སུད་དུ་ཡོང་ནས་མི་ཚང་ཉམ་ཆུང་དེ་ཚོའི་ནོར་ལུག་རྐུ་བ་ནི་རྒྱུན་ལྡན་ཞིག་ཡིན། ཐེངས་ཤིག་ངེད་ཚང་ལ་ཡང་ནམ་གུང་རྐུན་མ་ཞིག་ཡོང་སྟེ་ནོར་ནག་འགའ་དེད་སོང་བས། ཨ་མས་སྦྲའི་ཀ་ར་ཞིག་བཟུང་སྟེ་ལེ་དབར་གཉིས་མ་ཟིན་ཙམ་གྱི་བར་དུ་རྐུན་མའི་རྗེས་བསྙེགས་པས། མཐར་རྐུན་མ་འུ་ཐུག་ནས་ནོར་ནག་དེ་ཚོ་འདེད་མཚམས་བཞག་སྟེ་མུན་ཁྲོད་དུ་བྲོས་སོང་བའི་གཏམ་རྒྱུད་ཅིག་ཀྱང་ཨ་མའི་ངག་ལས་ཐོས་མྱོང་།
ང་སླར་ཡང་སྦྲ་སྒོར་བུད་ནས་མུན་ཁྲོད་དུ་བལྟས་པ་ཡིན། ལེ་བར་གཅིག་དང་ཕྱེད་ཀའི་ས་རུ་ཡོད་པའི་ཁྱིམ་མཚེས་ཚང་གི་སྦྲ་སྒོ་རུ་གསར་བུ་ཞིག་གིས་ལག་སྒྲོན་གྱི་གློག་འོད་ནམ་མཁར་གཏད་ནས་ཀི་རིང་འདེབ་བཞིན་འདུག་ལ། དེ་ཚང་གི་ཁྱི་རྒན་དེས་ཀྱང་ཟུག་སྐད་སྒྲོག་བཞིན་འདུག ངས་ངེད་ཚང་གི་ཁྱི་རྒན་ལ་ཞིབ་བལྟ་ཞིག་བྱས་པ་ན། དེས་ཀྱང་ཁ་གནམ་ལ་འཁོར་ནས་དྲག་ཏུ་ཟུག་བཞིན་འདུག ཨ་ཡ་མཚན། འདི་ཅི་ཞིག་ཡིན་ནམ། ངས་དེ་ལྟར་བསམ་བཞིན་མགོ་བོ་ཡར་བཀྱགས་ནས་མུན་ནག་གི་ནམ་མཁར་བལྟས་པ་ན། ཨ་་་ ་་་
ཕྱོགས་བཞི་རི་ཚོགས་ཀྱིས་བཏེགས་པའི་བར་སྣང་དེར། སྐར་ཚོགས་ཁྲ་ཆིལ་ལེར་བཀྲ་བའི་ནམ་མཁའ་དེར། མདོག་སྔོ་ནག་དང་དབྱིབས་སྒོར་མོ་ཡིན་པ། མཐའ་སྐོར་དུ་སྤྱི་ལེ་མང་པོ་ཡོད་པ་དང་ངོས་ནས་འོད་དཀར་སེར་དམར་ལྗང་འཕྲོ་བའི་གྲུ་ཆེན་ནམ་གྲོང་ཁྱེར་ཆེན་པོ་ཞིག་ངའི་ཐད་ཀའི་བར་སྣང་གི་སྤྱི་ལེ་ལྔ་བཅུ་དྲུག་ཅུའམ་ཡང་ན་བརྒྱ་ཕྲག་དུ་མའི་ས་རུ་ཁུ་སིམ་མེར་ཧ་ཅང་ནུས་ཤུགས་ཁྱད་པར་བ་ཞིག་དང་བཅས་ཏེ་འདུག དེའི་ངོས་ཀྱི་འོད་ཟེར་དེ་ཚོ་ནོར་བུ་དགའ་འཁྱིལ་གྱི་དབྱིབས་སུ་གྲུབ་འདུག་ཅིང་། དེ་ཚོ་ནི་ནམ་མཁའི་གྲུ་ཆེན་ནམ་གྲོང་ཁྱེར་ཆེན་པོ་དེའི་སྒེའུ་ཁུང་སྟོང་ཕྲག་དུ་མ་ཡིན་སྲིད་པ་ཞིག་རེད།
ངས་ཁ་ཕྱིར་སྦྲ་སྒོའི་ཕྱོགས་སུ་འཁོར་ནས། ཨ་མ། མགྱོགས་པོར་སྒོར་ཤོག་དང་། ནམ་མཁའ་རུ་ཡ་མཚན་ཅན་ཞིག་འདུག མགྱོགས་པོར་ཤོག་དང་། ཞེས་བོས་པ་ན། ཨ་མ་དང་གཅེན་གཅུང་ཚོ་མགྱོགས་པོར་སྦྲ་སྒོར་བུད་དེ། གང་ན་འདུག གང་ན་འདུག ཅེས་དྲིས་པར། ངས། ལྟོས་དང་། བར་སྣང་ན་འདུག བར་སྣང་ན་འདུག ཅེས་བརྗོད་པ་ཡིན།
ངས་གསལ་བོ་ཞིག་མི་མཐོང་ཡང་ཨ་མ་དང་གཅེན་གཅུང་ཚོས་བར་སྣང་གི་ཅི་ཡིན་མི་ཤེས་ལ་ནམ་ཡང་མཐོང་མ་མྱོང་བའི་གྲུ་ཆེན་ནམ་གྲོང་ཁྱེར་དེར་ལྟ་བཞིན། ངག་ལས་ཡ་མཚན་པའི་སྐད་ཆ་འདྲ་མིན་རྗོད་བཞིན་འདུག ངས། ཨ་མ། དེ་ཅི་ཞིག་རེད། ཅེས་དྲིས་པར། ཨ་མས། ཞི་ལི། ངས་མི་ཤེས་ཀི ངས་འདི་འདྲ་ཞིག་ནམ་ཡང་མཐོང་མ་མྱོང་། ཞ་ཞིས་ཚོ། རྗེ་བཙུན་སྒྲོལ་མར་གསོལ་བ་ཐོབས། ཞེས་མུན་ཁྲོད་ནས་བསྟུད་མར་རྗོད་བཞིན་འདུག
ནམ་རྒྱུན་ཐོག་སེར་དང་རླུང་འཚུབ་སོགས་རང་བྱུང་གི་གོད་ཆག་དང་ན་ཚ་ངན་པ་སོགས་བྱུང་དུས་ཨ་མས་ངེད་གཅེན་གཅུང་ཚོར་རྗེ་བཙུན་སྒྲོལ་མར་གསོལ་བ་ཐོབས་ཞེས་ལན་གྲངས་དུ་མར་གསུངས་མྱོང་བས། དོ་ནུབ་ཀྱང་ངེད་ཚོས་གང་ནུས་ཅི་ཐུབ་ཀྱིས་རྗེ་བཙུན་སྒྲོལ་མར་གསོལ་བ་འདེབ་ཞོར་ནམ་མཁའི་དཀྱིལ་གྱི་ཅི་ཡིན་མི་ཤེས་པའི་དངོས་པོ་འཇིགས་ཡེར་རེ་བའམ་ངོ་མཚན་ཆེན་པོ་ཅན། གསང་བ་ལྐོག་གྱུར་དང་ནུས་ཤུགས་ཀྱང་ཧ་ཅང་ཆེན་པོ་ཅན་དེར་བལྟས་ནས་བསྡད་པ་ཡིན།
ཧ་ལམ་ཆུ་ཚོད་གཉིས་ཙམ་འགོར་ཞིང་། ངེད་ཅག་གི་ཐད་ཀའི་མགོ་ཐོག་གི་བར་སྣང་དུ་བཟོད་དཀའ་བའི་གཟི་བརྗིད་དང་བཅས་ལྷང་ངེ་ལྷན་ནེར་ཡོད་པའི་ཡ་མཚན་ཅན་གྱི་གྲོང་ཁྱེར་རམ་འཕུར་གྲུ་ཆེན་པོ་དེ་ག་རེར་ནུབ་ཕྱོགས་ཀྱི་རི་ཚོགས་ཀྱི་རྒྱབ་ཏུ་ཡལ་མགོ་བརྩམས་བྱུང་། ཁྱིམ་མཚེས་རེ་ཟུང་གི་སྐྱེས་པ་འགས་གཅིག་རྗེས་གཉིས་མཐུད་དུ་ལག་སྒྲོན་གྱི་འོད་དཀར་ནམ་མཁར་གཏད་དེ་ཀི་ཤར་རེ་འདེབ་པ་དང་། ཁོ་ཚོའི་སྒོ་ཁྱིའི་ཟུག་སྐད་དྲག་པོ་དེ་ཡང་ཐོས་ཙམ་ཡལ་ཙམ་བྱེད།
དེ་ནས་མགོ་ཐོག་ན་གསང་བ་ཁྲི་ཕྲག་གིས་བཏུམས་ཏེ་རྗིད་ཀྱིས་འགྱིངས་པའི་དངོས་པོ་མཐའ་སྐོར་དང་རྒྱ་ཁྱོན་འཇལ་ཐབས་བྲལ་བ་དེ་ནུབ་ཕྱོགས་ཀྱི་རི་རྒྱབ་ཏུ་ཡལ་སོང་། ངེད་མ་བུ་ཚོ་ཡང་གཉིད་ཀྱིས་དུབ་པ་དང་རེ་རེ་བཞིན་ཕྱིར་སྦྲ་ནང་དུ་འཛུལ་བ་ཡིན།
སང་ཉིན་ཞོགས་པར། ཉི་འོད་རི་ཀླུང་མེད་པར་འཕྲོས་ཤིང་རྩྭ་ལྗང་དང་མེ་ཏོག་གི་དྲི་ཞིམ་ཁ་སང་བཞིན་ཤེལ་ལུང་རྩྭ་ཐང་གི་རི་ཀླུང་ཀུན་ཏུ་ཁྱབ། མི་སུས་ཀྱང་མདང་དགོང་གི་ཡ་མཚན་ཞིང་གསང་བ་ལྐོག་གྱུར་གྱི་དངོས་པོ་དེའི་སྐོར་མ་གླེང་། དེ་དུས་དེང་སྐབས་ཅི་བཞིན་ཁ་པར་ངང་བརྙན་འཕྲིན་མེད། ཚགས་པར་དང་དུས་དེབ་ཀྱང་ཧ་ཅང་དཀོན། དེ་ནས་ལོ་ཟླ་ཧ་ཅང་མང་པོ་ཞིག་གི་རིང་ལ་མཚན་མོ་དེའི་དོན་དག་དེ་ནམ་ཡང་མ་གླེང་། ངས་ཀྱང་རང་ཉིད་བརྒྱུད་དགོས་པའི་ཟང་ཟིང་གི་མི་ཚེའི་ལམ་ཕྲན་ཀྱག་ཀྱོག་ཅན་དུ་མ་ཞིག་གི་སྟེང་དུ་སྐྱིད་སྡུག་གི་འགྲུལ་བཞུད་སྣ་ཚོགས་ཤིག་བྱེད་དགོས་བྱུང་བས། དབྱར་ཁའི་མཚན་མོ་དེར་བྱུང་བའི་དོན་དག་དེ་དྲན་ཁོམ་དང་གླེང་ཁོམ་མ་བྱུང་བར་ཡུན་རིང་ཞིག་འགོར།
དོན་དག་དེ་བྱུང་ནས་ལོ་བཅུ་བཞིའི་རྗེས་ཏེ། སྤྱི་ལོ་ ༡༩༩༤ ལོར་ང་དང་རོགས་པ་བཅུ་དང་ཕྱེད་ཀས་འཛམ་གླིང་གི་རི་བོ་ཧི་མ་ལ་ཡ་བརྒལ་བ་ཡིན། དེ་ནི་འཛམ་གླིང་སྟེང་གི་འགྲུལ་བཞུད་ཉེན་ཁ་ཆེ་ཤོས་དེ་ཡིན་པ་ཀུན་ལ་གྲགས་པ་ཞིག་ཀྱང་ཡིན། ཚེ་སྲོག་འབེན་དུ་བཙུགས་པའི་འགྲུལ་བཞུད་དེ་བརྒྱུད་ནས་ངེད་ཚོ་བལ་ཡུལ་དུ་བསླེབས་ཤིང་། དེ་རུ་ཉིན་འགར་ངལ་གསོས་རྗེས་རྒྱ་གར་དུ་བསྐྱོད། ལྡི་ལི་ནས་ང་དང་ཆོས་གྲོགས་གཉིས་རྒྱ་གར་ལྷོ་ཕྱོགས་སུ་བསྐྱོད་པའི་མེ་འཁོར་ཞིག་ལ་བསྡད། ཕ་ཡུལ་ནས་དབྱིན་ཡིག་ཕྲན་བུ་ཞིག་སྦྱངས་མྱོང་བ་མ་གཏོགས་རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞི་དང་སྐད་ཕྲན་སུམ་བརྒྱ་དྲུག་ཅུའི་ཁྲོད་ཀྱི་གཅིག་ཀྱང་བརྗོད་མི་ཤེས། ཕ་ཡུལ་གྱི་དགོན་པའི་འདོན་ཆོག་དེ་དག་གི་བཀའ་དྲིན་ལས་གནའ་བོའི་ལེགས་སྦྱར་གྱི་ཐ་སྙད་མང་པོ་ཞིག་བློ་རུ་བཟུང་ཡོད་ཀྱང་དེང་སང་དེ་ཚོ་རྒྱ་གར་དུ་བཀོལ་སྤྱོད་ཡོད་མེད་ཀྱང་མི་ཤེས།
གང་ལྟར་ལས་ཤིག་ཡོད་ན་ལམ་ཞིག་ཡོད་པའི་ཡིད་ཆེས་ཀྱིས་དྲངས་ཏེ་རྒྱ་གར་ལྷོ་ཕྱོགས་སུ་བསླེབས། གཞུང་ཆེན་བསླབས་ཤིང་སྙན་ངག་བྲིས། ཚ་བ་དང་འདོད་ཆགས་མཉམ་དུ་འབར། གྲོགས་པོ་གསར་བ་འགའ་རྙེད་པའི་ཁྲོད་ཀྱི་གཅིག་ནི་རྔ་བ་ཆོས་གྲགས་ཡིན། ཉིན་ཞིག་ཁོང་གི་ལག་ནས་རྒྱ་གར་གྱི་དུས་དེབ་ཚོན་ཁྲ་ཅན་ཞིག་གི་ངོས་སུ་དགུ་ཚིགས་ཁྱིམ་རྒྱུད་ཀྱི་འདྲ་པར་ཞིག་ཡོད་པ་མཐོང་། དེས་ལོ་མང་རིང་སེམས་ཀྱི་གྲུ་ཟུར་དུ་ལུས་པའི་དབྱར་ཁའི་མཚན་མོའི་མཁའ་དབྱིངས་ཀྱི་འཕུར་གྲུའམ་གྲོང་ཁྱེར་དེ་དྲན་དུ་བཅུག དབྱིབས་ཟླུམ་འཁྱིལ་དང་མདོག་སྔོ་ནག མཐའ་དབུས་མེད་པར་སྐར་ཚོམ་གྱི་འོད་ཟེར་འཕྲོ་བ། གསང་བ་ལྐོག་གྱུར་དང་ནུས་ཤུགས་ཁྱད་པར་ཅན་འཕྲོ་བསྡུ་བྱེད་པ་བཅས་ཀྱི་ཁྱད་ཆོས་དུ་མ་འཛོམས་པའི་དགུ་ཚིགས་ཁྱིམ་རྒྱུད་ཀྱི་འདྲ་པར་དེས་ང་རང་ཡང་སྐྱར་ལོ་ངོ་མང་པོའི་སྔོན་གྱི་དབྱར་ཁའི་མཚན་ལྗོངས་དེར་ཁྲིད་སོང་། རྗེས་སུ་རྒྱ་གར་ནས་བལ་ཡུལ་དུ་བསླེབས་ནས་དེ་རུ་ལོ་དྲུག་གི་རིང་བསྡད་པ་དང་། ཐེངས་ཤིག་ལི་ཐང་གི་གྲྭ་པ་ཞིག་དང་མཉམ་དུ་བལ་བོ་དང་རྒྱ་གར་ས་མཚམས་སུ་མཚན་མོར་ལྐོག་འཛུལ་བྱས་ཤིང་། དེ་དུས་གྲྭ་པ་དེས་ཁོའི་ཕ་ཡུལ་དུ་མི་ཞིག་གཞི་བདག་གི་ཁྲོད་དུ་སོང་སྟེ་ཉིན་འགར་མི་མཐོང་བར་འགྱུར་འགྲོ་ལ། དེ་རྗེས་ཕྱོགས་ག་ཤེད་ཅིག་ནས་གློ་བུར་དུ་མངོན་ཡོང་སྟེ་ས་གནས་འདི་དང་དེའི་གཞི་བདག་ཚོའི་གནམ་གྲུར་བསྡད་ནས་ས་ཆ་འདྲ་མིན་ལ་སོང་ཚུལ་དང་། གཞི་བདག་ཚོའི་གནམ་གྲུ་དེའི་རྒྱུ་ཆ་ཤོག་བུ་འདྲ་བོ་ཞིག་ཡིན་པས་ཆར་བ་བྱུང་ན་དེ་ཚོས་སེམས་ཁྲལ་བྱེད་ལུགས། ཁོ་རང་གཞི་བདག་གི་གནམ་གྲུར་བསྡད་དེ་ལི་ཐང་ནས་འཕུར་ཏེ་རི་བོ་ཧི་མ་ལ་ཡ་བརྒལ་ནས་རྒྱ་གར་རྡ་རམ་ས་ལའི་བར་སྣང་དུ་ཡང་ཐེངས་མང་པོར་འཕུར་མྱོང་ཞིང་། ཁོ་རང་རྡ་རམ་ས་ལར་བབས་ཏེ་འདུག་འདོད་ཡོད་ཀྱང་གཞི་བདག་ཚོའི་དབང་ཤུགས་ཀྱིས་ཕྱིར་ལི་ཐང་གི་ཕྱོགས་སུ་མི་འཕུར་ཀ་མེད་བྱུང་བ་སོགས་ཀྱི་དངོས་བྱུང་གཏམ་རྒྱུད་ཅིག་བཤད་མྱོང་བ་དེ་ནམ་ཡང་བརྗེད་ཐབས་བྲལ་ཞིང་། ཉིན་འགའི་སྔོན་གྲོགས་པོ་དེར་Telegram ནང་ཐུག་སྟེ་སྐབས་དེར་ཁོས་ང་ལ་བརྗོད་པའི་དངོས་བྱུང་གཏམ་རྒྱུད་དེའི་སྐོར་གླེང་བ་ན། ཁོས། ཨ་ཡ་མཚན། ཁྱོད་ལ་ཅི་འདྲའི་ཡིད་འཛིན་ཆེན་པོ་ཞིག་འདུག་ཨང་ཟེར་ཞོར། གཞི་བདག་དང་མཉམ་དུ་འགྲོ་མཁན་ལི་ཐང་བ་དེའི་མིང་དང་། ཁོ་ཇི་ལྟར་གཞི་བདག་ལ་འབྲེལ་བ་བྱུང་ཚུལ་སླར་ཡང་ཐེངས་གཅིག་བརྗོད་བྱུང་།
རྗེས་སུ་རྨི་ལམ་ཞིག་ལས་སད་དུས་ང་ཨ་མེ་རི་ཀར་བསླེབས་འདུག སྤྱི་ལོ་༢༠༠༢ ལོའི་ལོ་མཇུག་ཙམ་ནས་བཟུང་སྟེ་དྲ་རྒྱ་སྤྱི་དང་ཁྱད་པར་དུ་Google དགོས་དགུ་དྲ་བ་བརྒྱུད་ནས་ཅི་འདོད་ལ་གང་འདོད་དུ་ལྟ་ཐུབ་པར་གྱུར། ཁྱད་པར་དུ་དགོས་དགུ་ཚོང་ཚོགས་ཀྱིས་བསྐྲུན་པའི་Youtobe བརྒྱུད་ནས་ཁྲིམས་མཐུན་གྱི་གློག་བརྙན་འདྲ་མིན་ཅི་ཞིག་ལ་བལྟ་འདོད་ན་དེར་བཀག་རྒྱ་མེད། དེ་བརྒྱུད་ནས་ངས་མི་འདྲ་མིན་སྣ་ཚོགས་ཀྱིས་མཁའ་དབྱིངས་ནས་དབྱིན་ཡིག་ནང་ཡོངས་གྲགས་སུ་UFO འཕུར་སྡེར་དུ་འབོད་པ་ཞིག་མཐོང་བའི་སྐོར་གྱི་གློག་བརྙན་འདྲ་མིན་བརྒྱ་ཕྲག་དུ་མ་ཞིག་མཐོང་། དེས་ཡང་ནས་སྐྱར་དུ་སྤྱི་ལོ་ ༡༩༨༠ ལོའི་དབྱར་ཁའི་མཚན་མོ་དེར་ངེད་མ་བུ་ཚོས་བར་སྣང་ནས་མཐོང་བའི་དངོས་པོ་དེ་དྲན་དུ་བཅུག དེ་བཞིན་དུ་ཨ་རིའི་ནེའུ་མེག་སི་ཁོའི་ས་གནས་ཤིག་ཏུ་སྤྱི་ལོ་ ༡༩༧༠གྲངས་ནས་བཟུང་སྟེ་འཕུར་སྡེར་ས་རུ་བརྡབས་པའི་དོན་རྐྱེན་འདྲ་མིན་བྱུང་བ་དང་། ཨ་རིའི་དམག་མིའི་གནམ་གྲུའི་ཁ་ལོ་བ་ཚོས་ཐེངས་གཅིག་མིན་དུ་མར་འཕུར་སྡེར་འདི་རིགས་མཐོང་སྟེ་བརྙན་དུ་བླངས་པའི་འདྲ་པར་ཡང་བརྙན་ཐུང་ཡང་ཅི་རིགས་ཤིག་མཐོང་བ་དང་། ཨ་རིའི་དམག་མིའི་གནམ་གྲུ་ཁག་ཅིག་འཕུར་སྡེར་གྱིས་བཙན་ཁྲིད་བྱས་ཏེ་ནམ་ཡང་རྙེད་སོན་མ་བྱུང་བ། ཨ་རིའི་སྲིད་འཛིན་ཨོ་སྦ་མ་སྲིད་ཁྲིར་འཁོད་ནས་ཅང་མ་འགོར་བར་ཨ་རིའི་མཁའ་དབྱིངས་ཞིབ་འཇུག་ཚན་པ་NASA ལ་འབྲེལ་བ་བྱས་ཏེ་འཕུར་སྡེར་གྱི་སྐོར་ཞིབ་འཇུག་མཉམ་ལས་བྱེད་འདོད་ཡོད་ལུགས་བརྗོད་པ་སོགས། མདོར་ན་མགོ་མཁྲེགས་པོའི་ཚད་དུ་འཇོག་པའི་སྐྲ་སེར་ནུབ་གླིང་བ་ཚོའི་ཁྲོད་དུ་ཡང་འཕུར་སྡེར་ཞེས་པ་འདི་དངོས་སུ་མཐོང་བ་མ་ཟད། འཕུར་སྡེར་གྱིས་ཁྲིད་དེ་གནས་འདི་ནས་གནས་གཞན་ཞིག་ཏུ་བསྐྱལ་བ་ཡང་གང་འཚམ་ཞིག་ཡོད་པ་མི་དེ་ཚོས་བརྙན་འཕྲིན་གྱི་ལམ་དུ་བརྗོད་པ་ཡང་མཐོང་རྒྱུ་འདུག
གང་ལྟར་ཉིན་འགའི་སྔོན་ལོ་བཞི་བཅུའི་སྔོན་གྱི་དབྱར་ཁའི་མཚན་མོ་དེར་བྱུང་བའི་དོན་དག་དེའི་སྐོར་མགྱོགས་བྲིས་རི་མོའི་ལམ་ནས་ཐེངས་ཤིག་སྤེལ་ཏེ་རང་ཉིད་ཀྱི་ངོ་དེབ་དང་སྐད་འཕྲིན་གྱི་རྒྱབ་ལོགས་སུ་བཞག་པར། ངོ་ཤེས་ཤིག་གིས་དེའི་སྐོར་ཡིག་ཐོག་ཏུ་བྲིས་ཏེ་ཁོ་ལ་སྤྲོད་རོགས་ཞེས་བརྗོད་བྱུང་བ་དང་། རང་ཉིད་ཀྱིས་ཀྱང་གལ་སྲིད་དུས་རབས་ཕྱེད་ཀ་མ་ཟིན་ཙམ་གྱི་སྔོན་དུ་བྱུང་བའི་དོན་དག་འདི་ཡི་གེར་མ་བྲིས་པ་ཡིན་ན། ཁོ་བོ་འཇིག་རྟེན་འདི་ནས་ཕྱི་མར་བསྐྱོད་པའི་ཕྱི་ཉིན་ནས་བཟུང་སྟེ་མི་སུས་ཀྱང་དོན་དག་དེའི་སྐོར་ཅི་ཡང་མི་ཤེས་པར་འགྱུར་རྒྱུ་ཡིན་པར་ཡང་དམིགས་ཏེ་ཡིག་ཐོག་ཏུ་ཕབ་པ་ཡིན།
UFO དེ་འདྲ་ཆེན་པོ་ཨེ་ཡོད་ན། ཁྱེད་ཀྱིས་གསུངས་པ་ལྟར་ན་ཆེ་ཆུང་གྲོང་ཁྱེར་ཙམ་ཞེས་ཟེར་འདུག ངས་མཐོང་པ་དང་ཐོས་པ་ལྟར་ན་སྡེར་མའི་དབྱིབས་ཅན་་དེ་འདྲའི་ཆེན་པོ་ཞིག་མེད་ཚོད་རེད། །
UFO འི་ནང་ལ་སྲོག་ཆགས་ཡོད་མེད་མི་ཤེས་ཀྱང་། སྒོར་སྒོར་ལེབ་མོ་ཅན་གྱི་དངོས་རྫས་ཤིག་ནི་ག་ས་ག་ལ་འཕུར་བཞིན་འདུག