ཧི་མ་ལ་ཡའི་འཕྲུལ་སྨྱུག
གང་གིས་འཆིང་རྣམས་ཡང་དག་རབ་བཅད་ཅིང་།།
མུ་སྟེགས་ཚོགས་རྣམས་ཐམས་ཅད་རབ་བཅོམ་སྟེ།།
སྡེ་དང་བཅས་པའི་བདུད་རྣམས་ངེས་བཅོམ་ནས།།
བྱང་ཆུབ་འདི་བརྙེས་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་འདུལ་བ་གཞི་ལས་སོ།།
དགེ་འདུན་རྣམས་དབྱར་གནས་ཚོགས་པའི་དགོས་པ་ནི་དགུ་སྟེ།
༡༽ འདུལ་བ་གཞི་ལས། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་དབྱར་བཞུགས་པར་ཞལ་གྱིས་བཞེས་སོ། །དེའི་ཚེ་དགེ་སློང་དག་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་དོང་ངོ་། །དེ་དག་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་དོང་བ་དག་མི་སྦེད་ཅིང་མ་བསྲུངས་ལ་མ་སྦས་པར་གྱུར་པ་དག་ལ་མུ་སྟེགས་ཅན་རྣམས་ཤེས་ལྡན་དག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་སྲོག་གཅོད་པ་ཡིན་ཏེ། སྲོག་གཅོད་པ་ལས་མ་ལོག རྣམ་པར་མ་ལོག ཕྱིར་མ་ལོག་པ་འདི་དག་དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་འདོང་སྟེ། དབྱར་གྱི་ནང་ལོགས་སུ་ལྗོངས་རྒྱུ་ཞིང་འདོང་བ་ན། སྲོག་ཆགས་ཕྲ་མོ་དང་ཤིན་ཏུ་ཕྲ་མོ་མང་པོའི་ཚོགས་རྣམས་བརྫིས་ནས་སྲོག་དང་བྲལ་བར་བྱས་སོ། །རེ་ཞིག་བྱེའུ་ཁུག་རྟ་ཡང་དབྱར་ཟླ་བ་བཞི་རང་གི་ཚང་ན་ཞུམ་ཞུམ་པོར་བྱས། ཀུན་ཏུ་ཞུམ་ཞུམ་པོར་བྱས་ནས་བསྐུམས་ཤིང་བསྐུམས་ནས་འདུག་ན། དགེ་སྦྱོང་མགོ་རེག་འདི་དག་ནི་ཁས་ལེན་པ་ཙམ་ཡང་མི་ཤེས་ན། དགེ་སྦྱོང་མགོ་རེག་འདི་དག་ལ་བསོད་སྙོམས་སྦྱིན་པ་དང་དེ་ལ་བྱ་བར་སེམས་པ་ལྟ་སུ་ཞིག་ཡོད་ཅེས་སྨོད་པར་བྱེད། འཕྱ་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་གིས་དབྱར་གནས་པར་དམ་བཅའ་བར་བྱའོ། །ཞེས་པ་ལ་བརྟེན་ནས་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་དབྱར་སྔ་མ་ཁས་ལེན་དགོས་པ་ཁྲིམས་བཅས་སོ། །ཡང་རི་བྲག་གི་གཙུག་ལག་ཁང་ཞིག་ཏུ་དབྱར་གནས་པ་ལས་འཇིག་པ་བྱུང་ནས་དགག་དབྱེ་མ་བྱས་པར་མཉན་ཡོད་དུ་འོངས་པས་དབྱར་ཐ་ཆུང་གི་ཚེས་བཅུ་དྲུག་ལ་དབྱར་ཕྱི་མ་ཁས་ལེན་དགོས་པ་བཅས་སོ།།
༢༽ དེར་ཡོད་ཀྱི་དགེ་འདུན་རྣམས་དབྱར་གནས་མ་བྱས་པའི་ཉེས་པ་ཁེགས་པ་དང་།
༣༽ དབྱར་ས་གཞི་ལ་སྲོག་ཆགས་ཕྲ་མོ་མང་དུ་རྒྱུ་བའི་དུས་སུ་འགྲོ་འདུག་མང་པོ་བྱས་ན། སྲོག་ཆགས་ལ་གནོད་པས། སྲོག་ཆགས་ལ་གནོད་པ་སྤོང་བ་དང༌།
༤༽ དབྱར་ཆར་ཆུ་རྒྱས་པའི་དུས་སུ་རྒྱུ་འགྲུལ་མང་པོ་བྱས་ན། རང་གི་ལུས་སྲོག་ལ་གནོད་པ་འབྱུང་ཉེན་ཆེ་བས། ལུས་སྲོག་ལ་གནོད་པ་སྤོང་བ་དང༌།
༥༽ དོན་མང་བ་དང་བྱ་བ་མང་པོ་སྤངས་ནས་དོན་ཉུང་ཞིང་བྱ་བ་ཉུང་ངུས་དབྱར་གནས་པར་བྱ་བ་དང༌།
༦༽ དོན་དང་བྱ་ཉུང་བ་དེ་ལ་བརྟེན་སྤོང་བ་བསམ་གཏན་དང་། ཀློག་པ་ཐོས་བསམ་རྣམས་རབ་ཏུ་འཕེལ་བ་དང༌།
༧༽ དབྱར་གྱི་དུས་སུ་གནས་ཁང་དོར་ཏེ་ཐག་རིང་པོར་ཕྱིན་ན། གནས་ཁང་རལ་བ་དང་། གྲུམས་པ་སོགས་ཀྱི་སྒོ་ནས་ཆུད་ཟ་བར་འགྱུར་བས། གནས་རལ་བ་དང་། གྲུམས་པ་འཆོས་པར་འགྱུར་བ་དང༌།
༨༽ དབྱར་གནས་ལ་བརྟེན་ནས་དགག་དབྱེ་འབྱུང་བ་དང་།
༩༽ སྲ་བརྐྱང་ཡང་དེ་བརྟེན་ནས་འབྱུང་བ་བཅས་ཕན་ཡོན་ཡོད་པར་བཤད་དོ།།
དེ་ཡང་དབྱར་ཁྲིམས་སུ་བྱ་བ་ནི། དགེ་སྦྱོང་གི་ཆོས་བཞི་ལས་མི་འདའ་བར་བྱ་བ་འདི་དང༌། ཆོས་སྤྱོད་བཅུའི་བྱ་བ་ལ་བརྩོན་པས་བསླབ་པར་བྱ་བ་འདི་དང༌། དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་མི་བསྐྱེད་པར་བྱ་བ་འདི་དང༌། ལྟུང་བ་གླེང་དྲན་མི་བྱ་བ་དང༌། དབྱར་ནང་དུ་ནན་ཏུར་བྱེད་པ་སྤང་བ་དང༌། དབྱར་ཚུལ་རལ་བ་སྤང་བ་དང༌། ཚུལ་ནང་དུ་རྙེད་པ་བགོད་པ་སྤང་བ་དང༌། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བར་མི་བྱ་བ་སོགས་དབྱར་ཁྲིམས་ལ་ཚུལ་བཞིན་དུ་གནས་དགོས་པ་བཅས་སོ། །སོ་སོར་ཐར་པའི་མདོ་ལས།
སོ་སོར་ཐར་པ་བཏོན་པ་ཡི།།
བསོད་ནམས་གྲུབ་པ་གང་ཡོད་པ།།
དེས་ནི་འཇིག་རྟེན་མ་ལུས་པ།།
ཐུབ་དབང་གོ་འཕང་ཐོབ་པར་ཤོག།
འཕྲུལ་སྨྱུག་ཁྱོད་ཡུན་རིང་པོ་རིག་མ་སོང་ད་ཐེངས་སྟོན་པའི་བཅས་ཁྲིམས་དབྱར་གནས་དང་འབྲེལ་བའི་ཆེད་རྩོམ་སྤེལ་བ་ལ་སྙིང་ཁོང་ནས་བཀྲིན་ཆེ་ཞུ་བ་ཡིན་ལ་མ་ཟད་བསླབ་ཡོངས་སྦྱོང་གཞི་དང་འབྲེལ་བའི་ཆེད་རྩོམ་མུ་འགོད་སྤེལ་བར་རེ།
སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ཚེའི་རིང་ལ་དབྱར་གནས་ཇི་ཙམ་ཚོགས་ཡོད་པ་དང༌། གནས་གང་དང་གང་དུ་ཚོགས་ཡོད་མེད་མཁྱེན་མཁན་ཡོད་ན་གསུངས་རོགས།