ཧི་མ་ལ་ཡའི་འཕྲུལ་སྨྱུག
མང་མང་འགྲོ་དྲུག་ཀུན་ལ་བྱང་སེམས་ཀྱི་སྒོ་ནས།།
ཡང་ཡང་གྲངས་མེད་གསུམ་དུ་ཚོགས་གཉིས་ལ་འབད་དེ།།
ནག་ནག་སྒྲིབ་གཉིས་མུན་པའི་གཡུལ་དཔུང་བཅས་བཅོམ་པའི།།
མཆོག་མཆོག་རྣམ་འདྲེན་ཤཱཀྱ་སེང་གེ་དེར་བསྟོད་དོ།།
འདུལ་བ་གཞི་ལས། དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་རྣམས་ཀྱིས་མཚན་མོ་ཐག་ཐག་ཆོས་བཤད་པར་བྱའོ། །ཞེས་གསུངས་པ་ལྟར། དེར་འཁོད་མཁན་པོ་དང༌། བཙུན་པ། དགེ་འདུན་པ་དབྱར་གནས་པ་རྣམས་ནས་རང་རང་གི་བློ་གྲོས་དང་བསྟུན་ཏེ། འཆད་རྩོད་གསུམ་གྱི་བྱ་བ་ལ་འཇུག་དགོས་པ་ཡིན་ལ། དབྱར་གནས་དགོས་པའི་རྒྱུ་མཚན་ཡང༌། དབྱར་ཁས་མ་བླངས་པའི་ཉེས་པ་ཁེགས་པ། སྲོག་ཆགས་ལ་གནོད་པ་སྤོང་བ། གཞན་གྱིས་འཕྱ་བ་སྤོང་བ། ལུས་སྲོག་ལ་གནོད་པ་སྤོང་བ། དོན་དང་བྱ་བ་ཉུང་བ། དགག་དབྱེ་འབྱུང་བ། སྲ་བརྐྱང་གདིང་བ་འབྱུང་བ། གནས་རལ་བ་དང་གྲུམ་པ་འཆོས་པ། ཐོས་སེམས་འཕེལ་བ་བཅས་དགུའོ།།
སྐྱེས་རབས་ཀྱི་གླེང་གཞི་ལས། སྟོན་པ་སངས་རྒྱས་སུ་གྱུར་ནས་དང་པོའི་ལོ་ལ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་དབྱར་བཞུགས་ཏེ། དགག་དབྱེ་བྱས་ནས་ལྟེང་རྒྱས་སུ་གཤེགས་ཤིང་དེར་ཟླ་བ་གསུམ་བཞུགས་ཏེ། ཞེས་གསུངས་པ་དང༌། འཕགས་པ་གནས་བརྟན་པ་རྣམས་ཀྱིས་སྟོན་པ་དབྱར་གནས་པའི་གོ་རིམ་དང་རྣམ་པར་བཞག་པ་ལས་རྟོགས་པར་བྱ་སྟེ། འདུས་བྱ་དང་འདུས་མ་རྣམ་པར་ངེས་པའི་ལེའུ་གསུམ་བཅུ་རྩ་གསུམ་པ་ལས། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ནི་ལོ་བརྒྱད་བཅུ་གནས་པའོ། །འདེ་ལྟར་སྟེ། ལོ་ཉི་ཤུ་རྩ་དགུ་ཁབ་ཏུ་བཞུགས་པ་དང༌། ལོ་དྲུག་ཏུ་དཀའ་བ་སྤྱད་པ་ལ་གནས་པ་དང༌། སངས་རྒྱས་པར་གྱུར་ནས་དབྱར་གནས་དང་པོ་ཆོས་ཀྱི་འཁོར་ལོའི་གནས་སུ་མཛད་པ་དང༌། གཉིས་པ་བེ་ལུ་བ་ནེ་རུའོ། །ཡང་བེ་ལུ་བ་ནེ་རུ་གསུམ་པའོ། །ཡང་བཞི་པ་བེ་ལུ་བ་ནེ་རུའོ། །ལྔ་པ་བཻ་ཤཱ་ལྱརའོ། །དྲུག་པ་གོ་ལེར་རོ། །བདུན་པ་གསུམ་བཅུ་རྩ་གསུམ་ལྷ་རུ་རྡོ་ཨ་རྨོ་ནིག་ཏུའོ། །བརྒྱད་པ་སུ་ཤུ་ར་མཱ་གི་རིའོ། །དགུ་པ་ཀཽ་ཤཱམ་བྷི་རུའོ། །བཅུ་པ་སྤྲེའུ་བཏུལ་པ་ཞེས་བྱ་བ་གླང་པོ་ཆེ་བེ་རི་ལེ་ཡི་ནགས་སུའོ། །བཅུ་གཅིག་པ་རྒྱལ་པོའི་ཁབ་ཏུའོ། །བཅུ་གཉིས་པ་བཻ་ར་ཉྭའི་གྲོང་དུའོ། །བཅུ་གསུམ་པ་མཆོད་རྟེན་གྱི་རི་ལའོ། །བཅུ་བཞི་པ་རྒྱལ་པོ་ཛི་ཏ་བ་ནའི་ལྷ་ཁང་དུའོ། །བཅོ་ལྔ་པ་ཀ་པི་ལ་བསྟུ་ཤིང་ནཻ་གྲོ་དྷའི་ཀུན་དགའ་ར་བར་རོ། །བཅུ་དྲུག་པ་ཨ་ཌ་བ་བྲག་ཕུག་ཏུའོ། །ཉི་ཤུ་པ་རྒྱལ་པོའི་ཁབ་ཏུའོ། །དབྱར་གནས་བཞི་ནི་གཉན་ཡོད་ཤར་ཕྱོགས་མ་ལོ་མྀ་རི་ཀ་རིའི་ཀུན་དགའ་ར་བར་རོ། །གྲོང་ཁྱེར་མཉན་ཡོད་དུ་ལོ་ཉི་ཤུ་རྩ་གཅིག་དབྱར་གནས་མཛད་དོ། །ཞེས་བྱུང་བ་ལྟར་རོ། །
འཕགས་པ་གནས་བརྟན་པའི་སྡེ་ལུགས་ལྟར་ན། སྟོན་པ་འཇིག་རྟེན་གྱི་ཁམས་འདིར་འཁྲུངས་ནས། ད་ལྟའི་བར་ལ་མི་ལོ་༢༦༣༨ འཁོར་བཞིན་ཡོད་པ་དང༌། སྟོན་པ་དགུང་ལོ་སོ་ལྔ་པ་ལྕགས་རྟ་ལོར་ཡུལ་ཝཱ་རཱ་ཎ་སཱིར་དབྱར་གནས་དང་པོ་མཛད་པ་ནས། ད་ལྟའི་བར་ལ་མི་ལོ་༢༦༠༣ འགྲོ་བཞིན་ཡོད་པ་དང༌། སྟོན་པ་དགུང་ལོ་བརྒྱད་བཅུ་པར་གྱད་ཡུལ་རྩྭ་མཆོག་གྲོང་དུ་མྱ་ངན་ལས་འདས་ནས། མི་ལོ་༢༥༥༨ ཧྲིལ་པོ་འཁོར་བཞིན་པ་བཅས་སོ།།
དཀར་དཀར་ལྷག་བསམ་རྣམ་བཀྲའི་མཐུ་ལས་བསྐྲུན་པའི་སྔོན་གྱི་བྱུང་བ་དེ།།
མང་མང་བཅུ་ཕྲག་རིག་པའི་གནས་ལ་གོམས་འདྲིས་སྦྱང་བརྩོན་མེད་ན་ཡང༌།།
ཡང་ཡང་འདུས་བྱས་སོར་མོ་གང་གིས་འདིར་འབད་དགེ་རྩ་མཆིས་གྱུར་ན།།
བསྔོ་བསྔོ་མ་རྒན་འགྲོ་དྲུག་སེམས་ཅན་རྫོགས་བྱང་ཐོབ་པའི་རྒྱུར་འགྱུར་ཤོག།
ལེགས་པར་བྲིས་པར་བཀའ་དྲིན་ཆེ།
དགེ་སློང་དང་དགེ་ཚུལ་རྣམས་བོད་དུ་དབྱར་གནས་ལ་ལ་བཞུགས་པ་དང་། མཚམས་ཀྱི་ཕྱི་རོལ་དུ་འགྲོ་དགོས་ན། དབྱར་གནས་ལ་བཞུགས་པའི་དགེ་སློང་ཞིག་ནས་གནང་བ་བྱིན་རླབས་ཞུས་ཏེ། ཕྱི་ལོགས་ལ་འགྲོ་ན་ཉིན་ཞག་བདུན་གྱི་ནང་དུ་མཚམས་ཀྱི་ནང་དུ་སླར་ལོག་དགོས།
བོད་ལ་ཆར་དུས་ཡུན་ཐུང་བས། དབྱར་གནས་ལ་ཟླ་བ་གཅིག་དང་ཕྱེད་ཀ་ལྷག་བཞུགས་མི་དགོས། རྒྱ་གར་སོགས་སུ་ཆར་དུས་རིང་བས་ཟླ་བ་གསུམ་བཞུགས། དིང་སང་རྒྱ་གར་ལྷོ་ཕྱོགས་སོགས་སུ་ཆར་དུས་བོད་ལས་རིང་བས། བོད་ཀྱི་དགེ་སློང་དང་དགེ་ཚུལ་རྣམས་ཟླ་༣རིང་དབྱར་གནས་ལ་བཞུགས་སམ། ཡང་ན། བོད་ལྟར་ཟླ་གཅིག་དང་ཕྱེད་བཞུགས། ཞེས་དྲི་བ་མཆིས།
་ནཻ་གྲོ་དྷ། ཞེས་པ་སྔར་གྱི་དཔེ་ཆ་རྣམས་སུ་བསྒྱུར་མེད་ཀྱང་། ཕྱིས་སི་ཏུ་པཎ་ཆེན་གྱིས། ནྱགྲོདྷ། འགྲོ་འགོག ཅེས་བསྒྱར་པར་མཛད་དོ།
རྒྱ་གར་གྱི་དགོན་སྡེ་རྣམས་སུ་དབྱར་སྔ་ཕྱི་གང་ཡིན་ཀྱང་བོད་དང་གཅིག་པ་རེད། སྟོན་པ་སངས་རྒྱས་པའི་ལོ་དེ་གའམ་ལོ་དང་པོ་ལ་ཝཱ་རཱ་ཎ་སཱིར་དབྱར་གནས་ལ་ཞུགས་པ་ཡིན་ན། དབྱར་གྱི་གླིང་གཞི་དང་མི་མཐུན་། དེས་ནས་དབྱར་དང་པོ་ཝཱ་རཱ་ཎ་སཱིར་ཞུགས་ཟེར་ན་བདེན་ཡང་། ཝ་ར་ན་སིར་དབྱར་མཁས་ལེན་མཛད་ནས་དབྱར་གནས་ལ་ཞུགས་པ་མིན་ལས་ཆེ།