སྐྱོ་བྲག་དགའ་དབང་།
སྤྱིར་འཛམ་གླིང་གི་རི་བོ་ཕལ་མོ་ཆེ་དང་། ལྷག་ཏུ་བོད་ཡུལ་གྱི་རི་བོ་ཡོད་དོ་ཅོག་རྣམས་བྲག་རྡོ་གནམ་ཟིང་ལ་ས་རྡུལ་ཆགས་ཏེ། རྩི་ཤིང་ནགས་ཚལ་སྐྱེས་པ་དག་དག་ཡིན་པ་བཞིན། ང་ཚོའི་མཚེར་སའི་རྒྱབ་རི་ལ། སྤང་མེ་ལོང་མ། ཟེར་བ་ཞིག་ཡོད་པ་ཡང་དེ་ཀ་རང་རེད། རི་འདི་མཐོ་དྲགས་ནས་མཚེར་ས་ལ་ཕྱི་དྲོ་ཉི་མ་མགྱོགས་པོ་ལ་རྐྱེན་བྱེད་ཀྱི་རེད།
བྱང་ངོས་ཀྱི་རི་གདོང་ཕྲ་མོའི་འདབས་རོལ་ན་སྤང་སྟེགས་སྒོར་མོ་ཞིག་ཡོད་པ་ལ། མིང་། དབྱར་མཚེར་ཁ། ཟེར་ཞིང་། ས་སྟེགས་འདི་ན་ང་ཚོའི་ཁྱིམ་ཚང་། བུ་ཆུང་ཚང་། ཟེར་བ་མི་ལོ་བཞི་ཅུ་ཡས་མས་ཤིག་ནི་བསྡད་པ་རེད། དེའི་རིང་མི་ཤི་རྐྱེན་ཆག་ཧ་ལས་ཧོན་འཐོར་དགོས་པ་ཞིག་ནི་གང་མ་བྱུང་ན་ཡང་། སྤྱིར་བཏང་གི་སྐྱེ་འཆི་འཁོར་ལོ་དང་། བཟའ་ཚང་འདུ་འབྲལ་ནི་ཡིན་ཡིན་པ་རེད།
ད་ལྟར་ནི་སྲ་རྐང་སྲོག་བཟུང་ལ་ཕ་རྒན་དྲིན་མོ་ཆེ་ས་གསེང་རྡོ་གསེང་ལ་ལུས་བསྡད་ཡོད། དེ་ཡང་ནམ་ཞིག་ན། མི་རིན་ཆེན་གཟུགས་ཡོད་དེ། ས་འོག་ལ་སོང་། གཏམ་རིན་ཆེན་གཟུགས་མེད་དེ། ས་སྟེང་ལ་ལུས། ཞེས་པ་ནི་ཡོང་ངེས་པ་ཡིན། དེའི་སྐབས་ན། སྲིང་མོ་ཁམས་མེད་འཁོས་སྡུག་ཁ་ཤས་ཤིག་ཡོད་པ་ཚོས། ས་ཟིན་སོ་ཚུགས་ཇི་ཙམ་ཡོང་མིན་ནི།ལབ་ཤེས་པ་ཅང་མི་གདའ་ལེ།