གཡུ་དྲུག་དཀར། རྡ་ས།
སྟོད་ཀྱི་རི་ལུང་བཞིན་ཡངས་ཤིང་། བར་གྱི་རྩྭ་ཐང་བཞིན་མཛེས་སྡུག་ལྡན་ལ། སྨད་ཀྱི་མཚོ་མོ་བཞིན་རྒྱས་པའི། དབྱར་ཟླ་དྲུག་པའི་སེམས་ལྗོངས། མི་ཡུལ་གྱི་མཛེས་སྡུག་གི་དཔལ་ཡོན་འཁྱིལ་ས་ཡིན་ཆོག་ཨང་།
ལྗང་མདོག་དང་མ◌ེ་ཏོག སྤྲིན་དཀར་དང་འཇའ་ཚོན། ཁུ་བྱུག་དང་ལུག་ཁྱུ། ཕ་ཡུལ་གྱི་དབྱར་ཟླ་དྲུག་པའི་སེམས་ལྗོངས་བསྔོགས་ན། རྡོ་བརྐོས་རི་མོ་ལྟ་བུར་ཤ་གསེང་རུས་གསེང་འཐིམས་པའི་མཛེས་སྡུག་ཅིག་ངང་གིས་འཆར་བ། ཅི་ཡིས་བསུབ་ཐུབ། གང་གིས་གནོན་ཐུབ།
ལྷར་པར་དུ། ཆར་དུས་འདི་ཁུ་སིམ་སིམ་སླེབས་དུས་དང་། ཆར་བ་འདི་ཤག་ཤག་འབབ་དུས། དབྱར་ཟླ་དྲུག་པའི་སེམས་ལྗོངས་ཡིན་ཡང་། འཁྱག་སིབ་སིབ། གྲང་ཤུར་ཤུར། འདར་སུག་སུག་ལོག་འགྲོ་དུས། ཆར་དུས་ཀྱི་ནེམ་ཤ་འདི། སུ་ཞིག་གི་སེམས་དང་སེམས་པའི་བར་གྱི་བརྩེ་བ་དེ་ཡིན་ཆོག་ཨང་།
སྨུག་ལོང་དང་སྤྲིན་ནག ཉིན་མཚན་གྱི་ངོ་རྟགས་མི་ཆོད་པའི་ཤག་སྒྲ། རྒྱ་ལམ་གྱི་གཡས་གཡོན་ན་རྒྱུག་ཡོང་གིན་པའ་◌ི་ཆར་ཆུ། མདོར་ན། སུན་སྣང་དང་སྐྱོ་སྣང་བཞུར་ཡོང་བ་ལྟ་བུའི་ས་འདིའི་དབྱར་ཟླ་དྲུག་པར། རབ་རིབ་ཀྱི་སེམས་ལྗོངས་མུན་པས་བཟས་སོང་བ་དང་ཅི་ཁྱད།
ཕ་ཡུལ། ཨ་་་་་་ཕ་ཡུལ། སྐྱེ་བོ་ཀུན་ལ་དབང་བའི་དབྱར་ཟླ་དྲུག་པའི་སེམས་ལྗོངས།།
དབྱར་དྲུག་པའི་དྲུག་ཚན་འགའ་གླེང་བ།
མིའུ་གདུང་དྲུག་རིགས་རུས་ཆོ་འབྲང་ལས་མཆེད་པའི། །
མི་རིགས་བོད་རིགས་ས་ཡ་དྲུག་ལྷག་གྲངས་ལོངས་ཀྱིས། །
ཡིག་དྲུག་འདོན་ཞིང་ཕྱག་དྲུག་སྲུང་མར་ལ་བསྟེན་ནས། །
འགྲོ་དྲུག་འདྲེན་ཕྱིར་ཕྱིན་དྲུག་མཐར་ཕྱིན་སྨོན་ལམ་འདེབས། །
གང་ཞིག་ཐུབ་པའི་ཆོས་ལ་མོས་པ་ན།
ཡིད་འོང་མཛེས་སྡུག་ལྡན་ལ་མི་ཆགས་པར།
ཕན་བདེ་ཀུན་གྱིས་རྩ་བ་སྙིང་རྗེ་ལ།
ཉིན་མཚན་ཀུན་ཏུ་སྤྱོད་པར་བྱིན་གྱིས་བརློབས།
གངས་རིའི་ལྗོངས་ལ་སྐྱེ་བའི་བུ་མོ་ང།
ཕ་ཡུལ་ཤར་ཕྱོགས་ཨམ་མདོའི་ཡུལ་ནས་ཡིན།
སློབ་གྲར་འགྲོ་བའི་གོ་སྐབས་ང་བརྙེད།
ས་མཐའ་འཁྱམས་པ་སྔོན་གྱི་ལས་དབང་རེད།
ཡོན་ཏན་མེད་ན་མི་གྲལ་འགྲོ་མི་ཐུབ།
བོད་སྐད་གཅིག་པོས་རང་མགོ་མི་ཐོན་གི།
ནུབ་ཕྱོགས་ཡུལ་སྐད་གང་ཡང་མི་ཤེས་པའི།
མགོན་མེད་བུ་མོ་ང་ཡང་སེམས་པ་སྐྱོ།
རྒྱ་མཚོ་ཕར་མཐར་གནས་པའི་ཕ་མ་གཉིས།
དྲིན་ལན་འཁོར་ཐབས་བསམ་ཀྱང་སྟོང་གཏམ་རེད།
མི་ཡི་བྲན་གཡོག་ཁོ་ན་བྱས་གྱུར་ཅིང་།
མི་ཚེ་སྟོང་ཟན་བུ་མོ་སེམས་པ་སྐྱོ།
གངས་རིའི་སྤུན་ཟླ་གར་ཡོད་ངས་མ་མཐོང་།
གངས་ཅན་མགོན་པོས་ཟབ་ཆོས་ངས་མ་ཐོབ།
དོན་མེད་མི་ཚེ་རྫོགས་པའི་བསོད་ཟད་མ།
གང་ནས་ལྟས་ཀྱང་བུ་མོ་སེམས་པ་སྐྱོ།
ཚེ་སྟོད་ཨམ་མདོའི་འབྲོག་མོ་ཡིན་པས་སྐབས།
ཕ་མ་བཀའ་དྲིན་ཅན་དང་མཉམ་དུ་གནས།
མར་དང་འོ་མའིདཀྱིལ་ནས་མི་ཚེ་སྐྱལ།
དེ་ལས་སྐྱིད་ཞིག་མེད་པ་ད་ལྟ་ཤེས།
རི་མགོ་ཁ་བའི་གཡོག་པའི་གངས་རི་དང་།
རི་སྐེད་ངས་ཀྱིས་རྒྱན་པའི་མཛེས་ལྗོངས་དང་།
རི་འདབས་སྤང་གི་མེ་ཏོག་ཡོངས་ཁྱབ་པའི།
ང་ཡི་ཕ་ཡུལ་ཨམ་མདོའི་ཡུལ་དེ་དྲན།
དབྱར་ཟླ་དྲུག་པའི་མེ་ཏོག་སྤང་ལ་ཤར།།
གཡུ་དྲུག་བུང་བས་སྙན་པའི་གླུ་དབྱངས་ལེན།།
ཚིག་དྲུག་སྨྱིག་མའི་སྐྱེ་གཟུགས་བུ་མོ་རྣམས།།
ཚེ་རིང་དྲུག་སྐོར་ཞབས་བྲོ་འཁྲབ་ལ་རྩོམ།།
སྒང་དྲུག་མདོ་ཁམས་ཕྱོགས་ཀྱི་རོང་ཕྲུག་ཞིག།
ལ་དྲུག་ལུང་དྲུག་བརྒལ་བའི་ཕ་རོལ་ན།།
གདོང་དྲུག་ལོ་རྒྱུས་གླེག་བམ་ཞལ་ཕྱེ་ནས།།
ཆུ་བོ་དྲུག་གིས་བྲང་ཁོག་བརླན་པར་བྱས།།
གངས་རིའི་ལྗོངས་སུ་སྐྱེས་པའི་བུ་མོ་ཁྱེད། །
སློབ་གྲྭྲར་འགྲོ་བའི་གོ་སྐབས་མ་རྙེད་ཀྱང། །
ཤེས་ཡོན་ལང་ཚོ་ཁོང་ནས་འབར་འདུག་པས། །
ས་མཐའི་བུ་ངའི་ཡིད་དབང་ཁྱོད་ལ་ཤོར། །
ཡོན་ཏན་མེད་ན་མི་གྲལ་མི་དབང་བདེན། །
བོད་སྐད་གཅིག་པོས་རང་མགོ་མི་ཐོན་བདེན། །
ནུབ་ཕྱོགས་ཡུལ་སྐད་ད་ལྟ་མཤེས་ཀྱང་། །
སེམས་པ་མ་སྐྱོ་སྙིང་རུས་བསྐྱེད་དེ་སྦྱོངས། །
གངས་རིའི་སྤུན་ཟླ་འཛམ་གླིང་གང་སར་ཡོད། །
ཟབ་ཆོས་མ་འཐོབ་ཕངས་པས་དོན་གཉེར་བྱོས། །
དོན་མེད་མི་ཚེ་ད་ལྟ་མ་རྫོགས་པས། །
བུ་མོ་སེམས་པ་མ་སྐྱོ་ཤེས་ཡོན་སྦྱོངས། །
ཕ་མ་བཀའ་དྲིན་ཅན་དང་མཉམ་གནས་ཤིང་། །
མར་དང་འོ་མའི་དཀྱིལ་ནས་མི་ཚེ་སྐྱལ། །
ཚེ་སྟོད་འབྲོག་མོ་ཡིན་པའི་གནས་སྐབས་དེ། །
ད་ལྟ་དྲན་པ་བུ་མོ་ཁྱོད་རང་བདེན། །
རི་མགོ་ཁ་བས་གཡོག་པའི་གངས་རི་དང་། །
རི་སྐེད་སྤངས་ཀྱིས་བརྒྱན་པ་མ་མཐོང་ཡང་། །
རི་འདབས་ཐང་ལ་སྐྱེས་པའི་མེ་ཏོག་ངས། །
རི་ཆུ་དུ་མའི་རྒྱང་ནས་ཁྱོད་ལ་བལྟ། །
དྲ་གྲོགས་ཚེ་རིང་སྒྲོན་མ་ལའོ། །
ང་ཡི་གངས་ལྗོངས་སྐྱིད་པའི་ཞིང་ཁམས་ན།
རྫ་ཆབ་གསིལ་མ་བདུད་རྩི་འདྲ་བ་ཡོད།
འོ་མ་མར་ཆུར་དཀར་གསུམ་གང་འདོད་ཡོད།
སྐྱིད་པའི་ཕ་ཡུལ་བུ་མོས་སེམས་ལ་དྲན།
ང་ཡི་ཕ་ཡུལ་གངས་ལྗོངས་ལུང་བ་ན།
སྟག་ཤར་ཕོ་རྒོད་འཛིམ་པའི་མདང་དང་ལྡན།
སྨན་ཤར་བུ་མོ་མཉམ་དགའི་གླུ་བྲོ་རོལ།
རང་སྣང་གང་ཤར་དགའ་བའི་ཕ་ཡུལ་དྲན།
ང་ཡི་ཕ་ཡུལ་སྐྱིད་པའི་ལུང་བ་ན།
བུ་དང་བུ་མོའི་བརྩེ་གདུང་དུང་ལས་དཀར།
མི་འགྱུར་དམ་བཅའི་རི་མོ་སྙིང་ལ་འབྲི།
མི་ཚེ་གང་གི་གཏན་གྲོགས་བུ་མོས་དྲན།
ང་ཡི་ཕ་ཡུལ་མདོ་སྨད་ལུང་བ་ན།
ལྷ་དང་བླ་མའི་བསྟན་པའི་གཞི་རྩ་འཛིན།
རབ་བྱུང་སྡེ་ཡི་གནས་བསྟན་རྒན་པོ་མཚུང་།
གོས་དཀར་སྡེ་ཡི་གསང་སྔགས་བསྟན་པ་འཛིན།
ང་ཡི་ཕ་ཡུལ་གངས་ཕྲུག་ས་ཡ་དྲུག།
རེ་བ་གཅིག་པོ་གཞི་བྱས་མཉམ་འཛོམས་ཡིན།
བསྟན་དགྲ་དམར་བོ་སྙིང་གི་ཟེར་མ་རེད།
ཡང་ཡང་བསམ་ན་བུ་མོ་སྙིང་རླུང་འཕར།
བུ་མོ་ང་ནི་ཕ་མའི་གཅེས་ཕྲུག་ཡིན།
དྲིན་ཆེན་ཕ་མ་ད་ལྟ་གང་ན་བཞུགས།
ཁྱེད་གཉིས་གསེར་ཞལ་ལན་གཅིག་མཇལ་འདོད་ཀྱང་།
ཡུལ་ཀྱལ་བུ་མོ་ང་ལ་ལམ་ཡིག་མེད།
ཕྱི་གླིང་ཡུལ་ན་འདུག་པའི་བུ་མོ་ང།
རང་ཡུལ་འབྲོག་པའི་འཁོར་ཡུག་ཡིད་ལ་ཤར།
ད་ལྟ་མི་ཡུལ་གཡོག་ལ་བཀོལ་བའི་དུས།
བུ་མོ་ང་ནི་མིག་ཆུ་དབང་མེད་ཤོར།
ཀ་ཡེ་དྲ་དྲོགས་ཡོན་ཏན་ཅན་རྣམས་གསོན།
བུ་མོ་ང་ཡི་སེམས་ཀྱིས་སྐྱོ་གླུ་འདི།
ས་མཐར་མི་ཚེ་རྫོགས་རོགས་མ་བྱས་ནས།
ང་ཡི་སྙིང་ཁམས་སེལ་བའི་ཆེད་དུ་བྲིས།
སྙན་རྩོམས་མིན་པས་སྙན་ངག་ག་ལ་ཡིན།
དག་ཆ་མེད་པའི་ང་རྒྱལ་ག་ལ་ཡོད།
ང་ནི་ཉིན་གཅིག་སློབ་གྲལ་འགྲོ་མ་མྱོང་།
དེ་བས་དྲ་གྲོགས་ཡོངས་ལ་དགོངས་དག་ཞུ།
ཚེ་ རིང་ སྒྲོན་ མ་ ལགས།
ཚེ་མཐར་མ་ཕྱིན་བར་དུ་དམ་ཚིག་སྲུངས། །
རིང་པོར་མི་ཐོགས་ཕ་མ་མཇལ་ངེས་རེད། །
སྒྲོན་མེ་སྤོར་ལྟར་ཤེས་རིགས་གསལ་ངེས་འདུག །
མ་ལྟར་སྐྱོངས་དང་དྲྭ་གྲོགས་ཚེ་སྒྲོན་ལགས། །
ཀརྡོ་རབ་འབྱམས་པ་ལགས།
དང་བོ་ཕ་ཡུལ་ཕྱུགས་མོར་འདུག་པའི་སྐབས།
དཀའ་ཚག་ཆེན་པོས་ལུས་སྲོག་བློས་གཏང་ནས།
གངས་ཅན་མགོན་པོ་ལྷ་མིའི་འདྲེན་དེ།
མངོན་སུམ་མིག་གི་ཡུལ་ལ་ཨེ་མཇལ་བསམ།
བུ་མོས་སྙིང་རླུང་སྟོད་ལ་འཚང་བཞིན་དུ།
བོད་བལ་རྒྱ་གསུམ་ས་འཚམ་ཡོངས་བཅད་ནས།
དངུལ་ཆུའི་ཐིག་པའི་ཟམ་ཆེན་འཕང་ནས་སུ།
གྲི་འཛིན་གཉིས་པ་ལྡ་རམ་ས་ལ་འོང་།
འགྲོ་བའི་སྐྱབས་མགོན་ཡིད་བཞིན་ནོར་བུ་ཁོང་།
ཕྱག་ལག་དྲོན་མོ་མངོན་སུམ་མྱང་རྒྱུ་བྱུང་།
མངོན་སུམ་ཡིན་དང་རྨི་ལམ་ཨེ་ཡིན་བསམ།
བསྐལ་བཟང་དེ་འདྲ་ནམ་ཡང་བརྗེད་ཐབས་མེད།
དེ་ནས་རང་ཡུལ་སྐྱིད་པའི་ལུང་བ་ན།
བཀའ་དྲིན་ཆེ་བའི་ཕ་མ་རྒན་ཁོག་གཉིས།
ཉིན་མཚན་ཀུན་ཏུ་སེམས་ལ་ཡང་ཡང་འཁོར།
འགྲོ་ཐབས་བྲལ་བས་ཟླ་ཤས་དེ་རུ་ལྷག
དེ་རྗེས་མི་སྣང་སྣང་བ་འདྲེ་ཡི་དེད།
ཕྱི་གླིང་ཡུལ་ལ་སླེབ་ན་བཟང་གི་བསམ།
མི་རྣམས་ཀུན་གྱིས་འདོད་པ་དེ་རེད་འདུག
དེ་ལ་རྟེན་ནས་ནུབ་ཕྱོགས་ལུང་བར་སླེབས།
ད་ནི་མི་ཚེ་སྟོང་ཟད་མ་རྟོག་པ།
དོན་དང་ལྡན་པ་ཞིག་ནི་ངས་མ་མཐོང་།
སློབ་སྦྱོང་མེད་པའི་ཀླུག་མ་ང་འདྲ་ཞིག
བྱ་བ་གང་ཡང་ནུས་པ་གཅིག་མི་འདུག
མིག་གི་མཆིལ་མ་ཉིན་རེ་ལན་བརྒྱར་ཤོར།
དྲིན་ཆེན་ཕ་མ་ཉིན་རེར་ལན་སྟོང་དྲན།
བུ་མོས་ཨ་ཕ་ཨ་མ་ཟེར་བཞིན་དུ།
མགོ་ཡི་སྔས་མགོ་མཆིལ་མའི་རློན་པར་འདུག
མི་རིགས་མི་གཅིག་སྐད་རིགས་མི་གཅིག་པས།
མགོ་སེར་འདི་ཚོ་མཐོང་དུས་སྙིང་རླུང་ལང་།
ཁྲེལ་དང་ངོ་ཚ་མཐོ་དམན་གུས་ཞབས་དང་།
དད་པ་སྙིང་རྗེ་ཟེར་བ་ཡུལ་འདིར་མེད།
ཀ་ཡེ་དྲ་གྲོགས་རྣམས་ལ་དགོངས་དག་ཞུ།
ཁ་བདེ་ཤེས་མེད་བུ་མོ་ང་འདྲ་ཞིག།
ག་ནས་ལྟས་ཀྱང་ཡ་མཚན་གང་ཡང་མེད།
ང་ནི་འཇིགས་རྟེན་བུ་མོས་མཐའ་མ་ཡིན།
ཚེ་སྟོད་ཨ་མའི་མདུན་ནས་སྐྱིད་ཉལ་བྱས། །
ཚེ་སྨད་ས་མཐའི་ཡུལ་ནས་སྡུག་སྐད་ཤོར། །
ཚེ་རིང་སྒྲོལ་མའི་སེམས་ཀྱི་ཁུག་པ་ལས། །
ཤོར་བའི་སྐྱོ་གླུ་རིང་མོས་ཡིད་དབང་འཕྲོག །
ཚེ་སྟོད་ཆུང་དུས་སྐྱིད་ཉལ་ངས་ཀྱང་བྱས། །
ཚེ་སྨད་ས་མཐའི་སྡུག་སྐད་ངས་ཀྱང་ཤོར། །
ཚེ་སྒྲོན་ཁྱོད་ཉིད་གཅིག་པུ་མ་ཡིན་ཏེ། །
ཚེ་ཟད་མ་བྱུང་བར་དུ་གདོང་ལེན་དགོས། །