འདྲེ་གླེན་པ།
རྒྱལ་སྲས་དུར་མཇུག་བྱས་ཀྱང་། ། རྒྱལ་དར་རོ་ལངས་བརྒྱབ་པས།། ངས་ནི་རྒྱ་མཚོའི་འགྲམ་དུ།། གངས་དང་ཕ་ཡུལ་དྲན་ནོ།།
ངེད་གཉིས་ལུང་པ་འདིར་ཡོང་ནས་ལོ་ངོ་དྲུག་མ་ཟིན་ཙམ་ཞིག་སོང་། དེ་རིང་དབྱིན་ཇི་རྒྱལ་སྲསPrince Philipལགས་ཀྱི་དུར་མཇུག་ཉིན་མོར་མི་སེར་ལག་ཁྱེར་ཐོབ། ཞོགས་པ་མཛད་སྒོར་འགྲོ་བའི་ལམ་སྐབས་སུ་སེམས་སུ་དོན་དག་འདྲ་མིན་ཞིག་འཁོར་ཏེ་ཕྱོགས་ཡོངས་ནས་སྐྱོ་གདུང་དྲགས་པོས་རབ་ཏུ་བཙིར། དེ་རིང་གི་གནམ་གཤིས་ཀྱང་བདག་གི་སེམས་ཁམས་དང་འདྲ་བར་རི་སྔོན་པོའི་ཕྱོགས་ཀུན་སྨུག་སྤྲིན་གྱིས་བཟུང་ཞིང་རླུང་བུ་གྲང་མོ་ཕྱོགས་ནས་ཕྱོགས་སུ་ལྡང་། ཞོགས་པའི་དུས་ཚོད་དགུ་དང་ཕྱེད་མ་ཟིན་ཙམ་ལ་ས་གནས་སྲིད་གཞུང་གི་སྒོར་ཁར་འབྱོར།
དེར་མི་མང་པོ་བང་སྒྲིག་སྟེ་ནང་དུ་འགྲོ་བར་ཐོ་བསྐྱོན་བཞིན་འདུག ཞོགས་པར་ནང་ནས་ཐོན་སྐབས་མྱི་ལྡང་མར་དེ་རིང་རྣ་ལུང་ཆེ་ཙམ་བོད་ཀྱི་ཁྱད་ཆོས་ཡོད་པ་དང་བོད་ཆས་ཅུང་ཟད་ཚོན་མདངས་ཆེ་བ་ཞིག་གྱོན་ཞེས་བསྐུལ་བ་ཡིན། དེ་ནི་སེམས་སུ་ཤར་ཕྱོགས་ཀྱི་མི་རྣམས་ནི་རང་རང་གི་ཆས་གོས་སྣ་ཚོགས་པ་གྱོན་རྒྱུར་དགའ་ཞིང་དམིགས་བསལ་གྱི་མཛད་སྒོ་སོགས་སུ་རང་རང་གི་ཁྱད་ཆོས་འདོན་པར་ཧ་ཅང་ཧུར་པོ་ཡོད་པ་བསམ་ནས། བོད་མི་རིགས་ཀྱང་ཚོན་མདངས་རྣམ་པར་བཀྲ་བའི་གྱོན་ཆས་ཀྱི་རིག་གཞུང་འདྲ་མིན་འཛོམས་ཤིང་མི་རིགས་གཞན་དང་འདྲ་བར་ལོ་རྒྱུས་ཕུམ་སུམ་ཚོགས་པར་ང་ཚོ་ཡང་གཞན་གང་ཡང་མིན་པར་མདོ་དབུས་མཐོ་སྒང་དུ་ཆགས་པའི་བོད་མི་རིགས་ཡིན་པ་གསལ་སྟོན་ཡོང་ཆེད་མོར་བསྐུལ་བ་ཡིན། འོན་ཀྱང་། བསམ་ཡུལ་ལས་འདས་པར་དེ་རིང་གི་མཛད་སྒོར་ཤར་ཕྱོགས་པ་ནི་ངེད་གཉིས་ཙམ་ལས་ཕལ་ཆེར་མཐོང་རྒྱུ་མེད་པ་ལྟ་བུ་རེད་འདུག
ང་ཚོ་འཚོགས་ཁང་གི་ནང་དུ་སོང་སྟེ་རང་རང་གི་སྐུབ་སྟེགས་སུ་བསྡད། གྲོང་སྡེ་གཞུང་གིས་གྲ་སྒྲིག་བྱས་པའི་ཡིག་ཆ་དང་དེ་རིང་གི་མཛད་སྒོའི་དཔེ་དེབ་སོགས་ལ་ཞིབ་ཀྱིས་བལྟས། མཛད་སྒོའི་དཔེ་དེབ་ཀྱི་ཤོག་ལྷེ་དང་པོ་རུ་རྒྱལ་ཁབ་འདིའི་རྒྱལ་གླུ་དང་དར་ཆ། རྒྱལ་ཁབ་ཀྱི་ལོ་རྒྱས་ཉུང་བསྡུས་དང་དེ་ནས་དེ་རིང་གི་མཛད་སྒོ་ངོ་སྤྲོད། དམིགས་བསལ་ཤོག་ངོས་བཅུ་པ་རུ་རྒྱལ་ཁབ་ཉིར་དྲུག་གི་རྒྱལ་དར་བཀོད་འདུག སེམས་སུ་བོད་པ་ཚོ་རྒྱལ་ཁབ་གཞན་ལ་འགྲོ་སྐབས་དང་ཡིག་ཆ་གལ་ཆེན་རིགས་བཟོ་སྐབས་རྒྱ་ཁོངས་སུ་མ་སོང་བར་ཐོ་འགོད་བྱེད་ཐབས་་མེད་པ་བསམ་ཞོར་ཞིབ་ཀྱི་བལྟས་པ་ན་གྲལ་རིམ་ཉེར་བཞི་པ་རུ་བོད་ཀྱི་རྒྱལ་དར་བཞག་སྟེ་རྒྱལ་ཁབ་ཀྱི་མིང་ཡང་བོད་པ<Tibet >ཞེས་རྒྱལ་ཁབ་གཞན་དང་འདྲ་བར་ཧ་ཅང་ཚད་ལྡན་གྱིས་བཀོད་འདུག་པ་མཐོང་བས། ཡང་བསྐྱར་རི་སྔོན་པོའི་གནམ་གཤིས་དང་འདྲ་བར་ངའི་སེམས་ཁོང་གི་སྤྲིན་པ་གློ་བུར་ཏུ་འཁྲིགས་ཏེ་དྲགས་ཆར་དྲགས་པོས་སེམས་ཁམས་གཏིང་ནས་བསྣངས་པར་བྱས།
ལས་མ་དག་པར་ངས་ནི་མི་ཚེ་འདིར་བོད་རྒྱ་ཁོངས་ཡིན་པ་དྲན་མ་མྱོང་བ་དང་བོད་རྒྱ་ཁོངས་སུ་འདུག་ཐབས་ཡོད་པ་ཞིག་ཀྱང་སེམས་སུ་འཁོར་མྱོང་མེད་པས། འཚམས་འཚམས་སུ་ལས་འབྲས་ལ་ཡང་མིག་ཅིག་ཡོད་པ་འདྲ་བསམ་སོང་།
དེ་ནས་རིམ་གྱིས་མི་སེར་ལག་ཁྱེར་སྤྲོད་འགོ་བཙུགས་ཤིང་རེ་རེ་བཞིན་གདིང་ཆ་རུ་བོས་བྱུང་། ངེད་གཉིས་ཀྱིས་ཁ་འཚམས་སུ་སླེབས་པ་ན་གྲོང་སྡེ་སྤྱི་ཁྱབ་དཔོན་པོ་mayor Markལགས་ཀྱིས་ངེད་གཉིས་ཀྱི་མིང་གི་བོས་ཏེ་རྒྱལ་ཁབ་བོད་པ་Tibet ཞེས་དང་དམིགས་བསལ་གྱི་གྲོགས་པོ་ཞེས་བོས་བྱུང་བར་སེམས་སུ་དངོས་གནས་གནོན་མི་ཐུབ་པའི་ཚོར་ཤུགས་དྲག་ཏུ་སྐྱེས། གདིང་ཆ་རུ་སླེབས་པ་ན་སྤྱི་ཁྱབ་དཔོན་པོ་mayor Mark ལགས་ཀྱིས“་ང་རང་བོད་པ་ཞེས་འབོད་པར་སྤོབས་པ་སྐྱེས་སོང་”ཞེས་བརྗོད་པས། ཡང་བསྐྱར་སེམས་ཁམས་ཀྱི་སྤྲིན་པ་བསྐྱོད་སྟངས་ལ་འགྲེལ་བརྗོད་མ་ཤེས་པ་ཞིག་བྱུང་། གང་ལྟར། བོད་ཀྱི་དུས་ངན་འདི་འདྲ་ཞིག་གི་སྐབས། རྒྱལ་བཙོང་བའི་་ཕྱོགས་ཀུན་ཁྱབ་སྟེ་“བོད་རྒྱལ་ལོ་”ལབ་ན་ཡང་མི་འགྲིག་ཚུལ་གྱི་ལྟས་ངན་སྣ་འགུ་འཛོམས་ཡོད་པའི་སྐབས་ཐོག་འདི་འདྲ་ཞིག་ལ། Mayor marke གཙོས་པའི་ཚད་མཐོས་རྒྱབ་སྐྱོར་གནང་བའི་འབྲེལ་ཡོད་རྣམས་ཀྱི་བཀའ་དྲིན་ལ། གསུམ་བཅུའི་དུས་དྲན་གྱི་སྐབས་དང་གནད་འགག་ཅན་གྱི་བོད་ཀྱི་དུས་ཆེན་འདྲ་མིན་གྱི་སྐབས་སུ་གཞུང་འབྲེལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སྒྲེང་འཛུགས་སོགས་རླབས་ཆེན་གྱི་རྒྱབ་སྐྱོར་གནང་བ་ནི་ལོ་རྒྱུས་དང་དྲང་བདེན་གྱིས་ནམ་ཡང་བརྗེད་མི་སྲིད་པའི་རྡོ་རིང་ཡིན།
བོད་པ་ཚོ་་ཕྱི་རྒྱལ་ནས་མི་སེར་ཆགས་སྐབས་དགྲ་བོ་རྒྱ་ནག་གི་དར་ཆ་དང་མིང་ཐོག་ནས་མི་རིགས་གཞན་གྱི་མི་སེར་ཆགས་དགོས་པ་སོང་ཙང་བོད་པ་མང་པོར་བརྗེད་པར་དཀའ་བའི་་ན་ཟུག་དང་གཏམ་རྒྱུད་རེ་རེ་བཤད་རྒྱུ་ཡོད། དེ་རིང་དངོས་གནས་སྟབས་ཡག་པར། ལས་བཟང་བར། ཁ་དགེ་བར། ངེད་གཉིས་རྒྱ་ཁོངས་ནས་འགྲོ་མ་དགོས་པར་བོད་རྒྱལ་ཁབ་ཆེན་པོའི་མིང་ཐོག་ནས་འགྲོ་ཐུབ་པར་ལུང་པ་འདི་ནས་བོད་པ་དང་པོ་མིན་ཡང་གཉིས་པ་ནི་ཡིན་ངེས་ཅན་ནོ་བསམ་ནས་དགའ་སྤྲོ་ཚད་མེད་སྐྱེས།
ལྷག་པར་དུ་ལོ་འདི་དག་གི་རིང་ལ་རི་སྔོན་པོ་སྤྱི་ཁྱབ་གྲོང་སྡེའི་སྤྱི་ཁྱབ་དཔོན་པོ་mayor ལགས་གཙོས་པའི་ལས་བྱེད་ཡོངས་དང་དབུས་་གཞུང་འཐུས་མི། མངའ་སྡེ་གཞུང་གི་འཐུས་མི་སོགས་གནད་ཡོད་མི་སྣ་མང་པོས་ང་ཚོར་རྒྱབ་སྐྱོར་ཚད་མེད་གནང་བ་དང་ལྷག་པར་དུ་དཀའ་སྡུག་ཆེ་བའི་གཞི་་ལུས་རྒྱ་ཆེ་མི་མང་གི་གནས་སྟངས་ལ་ཚོར་ཤུགས་ཆེན་པོས་དུས་རྒྱུན་ཏུ་རྒྱབ་སྐྱོར་གནང་བ་ནི་ང་དང་མི་རིགས་ཀྱིས་ནམ་ཡང་བརྗེད་མི་སྲིད་པའི་རླབས་ཆེན་གྱི་རྒྱབ་སྐྱོར་ཡིན།
མཛད་སྒོ་དེ་ལྟར་གྲོལ་ཏེ་ཕྱིར་ཐོན་པ་ན་དབུས་གཞུང་གི་འཐུས་མི་susan templeman mp གཙོས་པའི་གྲོགས་པོ་དང་ངོ་ཤེས་ཚོ་དང་མཉམ་དུ་མཉམ་པར་རེ་བརྒྱབ་སྟེ་ཕྱིར་ལོག ལམ་བར་དུ་ཕུ་བོ་རིན་ཆེན་ནང་མི་ཡིས་ཉིན་གུང་གི་ཁ་ལག་འགྲོནའབོད་གནང་ཞིང་གྲོགས་པོ་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ནུབ་ཟས་འགྲོན་འབོད་གནང་བས་དབྱིན་སྐད་ཀྱིས་ལབ་སྟངས་བྱས་ནས་it was very big day དེ་རིང་གི་ཉི་མི་འདི་དཔེ་ཆེན་པོ་བྱུང་སོང་།
2021 /4/17ཉིན་གྱི་མཚམ་མོར་འདྲེ་གླེན་པས་དྲན་ཐོའི་ཚུལ་ཏུ་ཡི་གེར་བྲིས།
ཁྱོད་སུ་ཡིན་མི་ཤེས་ཀྱང་འུ་གཉིས་ཀའི་སེམས་བར་ན་བརྡ་རྟགས་ཡོད་ཀི
ཕེབས་པར་བཀའ་དྲིན་ཆེ། ང་ཡོད་སར་ད་དུང་གླག་མེད་གི ། རྒན་མོའི་སྐེ་དཀྲུས་གཅིག་པུ་སྡོང་མགོར་བཏེགས་ཡོད།
ང་ཡོད་སར་ད་དུང་གླག་འཐེན་མེད།
རྒན་མོའི་་སྐེ་དཀྲུས་གཅིག་པུ་སྡོང་འགོར་བཏེགས་ཡོད།
ཁྱེད་ཕེབས་པ་བཀའ་དྲིན།