འབྲིང་བ་འཇིགས་མེད་ཀྱིས།
ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་ཞེས་པའི་ལོ་རྒྱུས་བརྩམས་ཆོས་ཀྱི་དབྱེ་ཞིབ།
༄༅།། སྤྱིར་བརྩམས་ཆོས་གང་ལ་དབྱེ་ཞིབ་བྱེད་སྐབས་བརྩམས་ཆོས་དེའི་ངོ་བོ་གཞིར་བཟུང་ནས་ཚིག་དོན་གཉིས་ཆ་ལ་དབྱེ་ཞིབ་བྱེད་སྟངས་དུ་མ་ཡོད་པ་ལྟར། སྐུའི་གཅེན་པོ་སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་གི་བོད་དོན་འཐབ་རྩོད་ཀྱི་བྱུང་བ་ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་ཞེས་པའི་ལོ་རྒྱུས་ཀྱི་བརྩམས་ཆོས་འདི་ལ་གཙོ་བོར་ལོ་རྒྱུས་དང་འབྲེལ་བའི་སྒོ་ནས་དབྱེ་ཞིབ་བྱེད་དགོས། ལོ་རྒྱུས་ཀྱི་ཕྱག་དེབ་འདིའི་ནང་དུ་ལོ་རྒྱུས་གཞན་དག་ཏུ་མཐོང་དཀོན་པའི་བོད་དོན་དང་འབྲེལ་བའི་གནས་ཚུལ་གལ་གནད་ཆེ་བ་མང་དག་ཅིག་གསུངས་ཡོད་པ་ལས། ཕྲན་གྱིས་འདིར་དབྱིན་ཇིའི་གཞུང་དང་འབྲེལ་བའི་སྐོར་གྱི་གསུང་ཚིག་འགའ་ཞིག་ཟུར་བཏོན་གྱིས་དབྱེ་ཞིབ་རགས་ཙམ་བྱེད་འདོད་བྱུང་། དེའི་རྒྱུ་མཚན་ནི། ད་ལྟའི་བོད་ཀྱི་དཀའ་རྙོག་འདི་རྒྱ་ནག་གི་བཙན་འཛུལ་ལ་བརྟེན་ནས་བྱུང་བ་སྨོས་མེད་ཐོག རྒྱལ་ཁབ་གཞན་དུ་མར་ཡང་འབྲེལ་བ་ཡོད་པ་ལས་དབྱིན་ཇིའི་གཞུང་ལ་འབྲེལ་བ་ཆེ་ཙམ་ཡོད་པ་དང་། ལྷག་པར་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་རླབས་ཆེའི་ཕྱག་ལས་ཁག་ཅིག་ལ་དབྱིན་ཇིས་བར་ཆད་བཏང་བའི་གནས་ཚུལ་གསུང་ཚིག་འདི་དག་ལ་བརྟེན་ནས་གསལ་པོར་རྟོགས་ཐུབ་ངེས་སྙམ་ལ། དེ་ང་ཚོས་རྟོགས་དགོས་པ་ཞིག་ཀྱང་རེད་སྙམ།
དང་པོ། བོད་མིའི་ནང་ཁུལ་དུ་དབྱེན་དཀྲུག
ཕྱག་དེབ་འདིའི་ལེའུ་བདུན་པའི་ནང་། ‘‘ཁོ་བོར་མཚོན་ན། སྟག་བྲག་རིན་པོ་ཆེས་སྐུ་དབང་རྩིས་སྤྲོད་མ་གནང་བ་འདིའི་རྒྱབ་ཏུ་དབྱིན་ཇི་ཡོད་པའི་དོགས་པ་ཡོད། རེ་ཆར་ཌི་སོན་(Hugh Richardson)ནི་ལྷ་སྡོད་དབྱིན་གཞུང་ཚོང་དོན་སྐུ་ཚབ་ཀྱི་མགོ་གཙོ་རེད། ཁོ་པས་དབྱིན་ཇི་པ་རྣམས་རྒྱལ་སྤྱིའི་སྟེང་སྔར་བཞིན་གལ་གནད་ཆེ་བའི་སྲིད་དོན་གྱི་འཁྲབ་སྟོན་པ་གཙོ་བོར་གནས་ཐུབ་པའི་འབད་པ་བསྟེན་ཏེ། བོད་ཐོག་ཤུགས་ཆེར་འབྱུང་བཞིན་པའི་རྒྱ་ནག་གི་ཤུགས་རྐྱེན་ལ་མངོན་གསལ་དོད་པོས་དོགས་ཟོན་བྱས། ཁོ་པ་ནི་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་རྒྱ་ནག་ལ་ཆེས་མཉེས་པོ་གནང་མཁན་དང་བསླུ་བྲིད་བློ་འགུག་ཞུ་དཀའ་བར་མཐོང་བའི་གྲས་ཀྱི་གཅིག་རེད།’’ ཅེས་སོགས་གསུངས་ཏེ། རྭ་སྒྲེང་རིན་པོ་ཆེ་དང་སྟག་བྲག་རིན་པོ་ཆེ་གཉིས་ཀྱི་ཕྱོགས་གཏོགས་དབར་དུ་དབྱིན་ཇི་རེ་ཆར་ཌི་སོན་གྱིས་འགལ་ཟླ་བསླངས་ཡོད་པའི་ཚོད་དཔག་ཐུབ་ཚུལ་བཀའ་གནང་ཡོད་པ་དང་། ‘‘རྭ་སྒྲེང་རིན་པོ་ཆེས་དགོངས་ཞུ་མ་མཛད་ཚེ་སྐུ་སྲོག་ལ་ཉེན་ཁ་ཆེ་བའི་རྟགས་མཚན་བྱུང་ཚུལ་གྱི་བཤད་ཡམས་སྤེལ་རྒྱུར་ཡང་དབྱིན་ཇིས་སྐུལ་སློང་བྱས་ཡོད་པའི་དོགས་པ་ཆེ།’’ ཞེས་གསུངས།
རེ་ཆར་ཌི་སོན་གྱིས་བོད་ཐོག་དབྱིན་ཇིའི་ཤུགས་རྐྱེན་མུ་མཐུད་གནས་ཐབས་དང་། རྒྱ་ནག་གི་ཤུགས་རྐྱེན་མི་བསླེབ་པའི་ཆེད་དུ་འབད་བརྩོན་དེ་ལྟར་བྱས་ཡོད་པ་དང་། དེ་ནི་སྔར་ཕྱི་ལོ་ ༡༩༠༤ ལོར་དབྱིན་ཇིས་བོད་ལ་དྲག་རྒོལ་བཙན་འཛུལ་གྱིས་ལྷ་སར་བཞག་པའི་དབྱིན་བོད་ཆིངས་ཡིག་ནང་། དབྱིན་གཞུང་གི་བཀའ་དང་མཐུན་པའི་སྒོ་ནས་མ་གཏོགས་བོད་གཞུང་གིས་རྒྱལ་ཁབ་གཞན་ལ་ས་ཆ་བྱིན་ཚོང་དང་། རྒྱལ་ཁབ་གཞན་གྱི་སྐུ་ཚབ་བོད་དུ་འཇོག་པ། རྒྱལ་ཁབ་གཞན་གྱིས་བོད་དུ་འཁོར་ལམ་བཟོ་བ་དང་ས་གཏེར་འདོན་ལེན་སོགས་བྱེད་མི་ཆོག་པ་དང་། འོན་ཀྱང་བོད་ཀྱི་ས་ཁུལ་དུ་མར་དབྱིན་ཇིའི་ཚོང་རྭ་འཛུགས་ཆོག་པ་དང་དེ་དག་ཏུ་དབྱིན་གཞུང་གི་སྐུ་ཚབ་ལྟ་སྐོར་དུ་བསྐྱོད་ཆོག་ཚུལ་སོགས་འཁོད་ཡོད་པ་དང་། དེ་བཞིན་ ༡༩༡༤ ལོའི་སིམ་ལའི་ཆིངས་ཡིག་ནང་བོད་དང་རྒྱལ་ཁབ་གཞན་དབར་ཐད་ཀར་ཆིངས་ཡིག་གཞག་མི་ཆོག་ཀྱང་དབྱིན་བོད་གཉིས་དབར་གཞག་ཆོག་ཚུལ་སོགས་འཁོད་ཡོད་པ་ལྟར། བོད་དུ་དབྱིན་ཇི་མ་གཏོགས་རྒྱལ་ཁབ་གཞན་གྱི་དབང་ཤུགས་བསླེབ་ཏུ་མི་འཇུག་པའི་སྲིད་ཇུས་ཤིག་དབྱིན་གཞུང་གིས་སྔ་མོ་ནས་བཟུང་ཡོད་པ་དེའི་རྒྱུན་བསྐྱངས་པ་ཞིག་ཡིན་སྲིད། དབྱིན་ཇིའི་བྱེད་བབས་དེ་ནི་ཚད་ལས་བརྒལ་བ་ཞིག་ཡིན་པ་ལས་དྲང་སྙོམས་ཤིག་ག་ལ་ཡིན། དེར་བརྟེན། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་རྒྱ་ནག་ལ་འབྲེལ་བ་གནང་བའང་དབྱིན་བོད་དབར་གྱི་འབྲེལ་བ་དེ་སྙོམས་ཤིང་རན་པ་ཞིག་ཡོང་ཆེད་ཡིན་པ་ལས། རྒྱ་ཕྱོགས་ལ་དགའ་ནས་གནང་བ་ཞིག་མིན་པར་སྣང་སྟེ། ལེའུ་བདུན་པའི་ནང་། ‘‘རྭ་སྒྲེང་རིན་པོ་ཆེས། མུ་མཐུད་བོད་རང་བཙན་དུ་གནས་དགོས་པའི་བཞེངས་ཕྱོགས་བརྟན་པོར་བཟུང་སྟེ། བོད་གཞུང་གིས་རྒྱ་གར་དབྱིན་གཞུང་ལ་བཟུང་བའི་འབྲེལ་བ་དེ་ཐལ་ཆ་མེད་ཅིང་ཕྱོགས་སུ་མ་ལྷུང་བ་རན་པོ་ཞིག་ཏུ་གནས་པ་ལ་ཇེ་ལེགས་སུ་འགྲོ་བཞིན་པའི་བོད་རྒྱའི་འབྲེལ་བ་དེ་གནད་འགག་ཆེན་པོར་གཟིགས། རྒྱུ་མཚན་དེ་ལ་བརྟེན་ནས་ང་རྒྱ་ནག་ཏུ་སློབ་སྦྱོང་ལ་གཏོང་དགོས་པའི་ཐུགས་འདུན་འཁྲུངས།’’ ཞེས་དང་། ‘‘འགའ་ཞིག་གིས། རྭ་སྒྲེང་རིན་པོ་ཆེ་རྒྱ་མིར་ཆེས་ཆེར་དགའ་བའི་རྒྱ་ནག་གི་མཐུན་ཕྱོགས་པ་ཞིག་རེད་ཟེར་ཡང་། ཁོང་གིས་རྒྱ་ནག་དང་རྒྱ་གར་དབྱིན་གཞུང་གཉིས་ལ་ཕྱོགས་སུ་མ་ལྷུང་བའི་འབྲེལ་ལམ་སྙོམས་པོ་ཞིག་འཛུགས་ཐབས་གནང་བ་ལས་རྒྱ་ཕྱོགས་ལ་དགའ་ཟེར་བ་དེ་བདེན་པ་མིན།’’ ཞེས་གསུངས།
དེ་ལྟར་ན། རྭ་སྟག་དབར་དུ་འགལ་ཟླ་བྱུང་བ་དེ་ནི་དབྱིན་ཇི་རེ་ཆར་ཌི་སོན་གྱིས་དབྱིན་གཞུང་གི་ཁེ་ཕན་ཆེད་བོད་མི་ནང་ཁུལ་དུ་མི་བདེན་རྫུན་སྒྲིག་གིས་དབྱེན་དཀྲུག་བྱས་ཏེ་བྱུང་བ་ཞིག་ཡིན་པ་ལས། བོད་མི་རང་གི་ནང་དུ་དོན་དངོས་ཀྱི་སྐྱོན་གནད་དེ་ལྟ་བུ་ཞིག་ཡོད་ནས་བྱུང་བ་ཞིག་མིན་པ་དང་། བོད་ལ་མཚོན་ན་དེ་ནི་དབྱིན་ཇིའི་གཡོ་འོག་ཏུ་ཚུད་པའི་ནང་འཁྲུག་ཅིག་དང་། བོད་མི་རང་གི་ཆིག་སྒྲིལ་དང་ཆབ་སྲིད་ལ་གནོད་ཚབས་ཆེན་པོ་ཐེབས་པའི་གྱོང་གུད་ཅིག་རེད། སྤྱིར་རྭ་སྟག་དབར་གྱི་འགལ་ཟླ་དེའི་ཐོག་མའི་བྱུང་རྐྱེན་གཙོ་བོ་ནི་དེའི་སྔོན་གྱི་གནས་ཚུལ་གཞན་ཞིག་ཡིན་པའི་བཤད་སྲོལ་ཡོད་ཀྱང་འགལ་ཟླའི་དཀའ་རྙོག་འབྱུང་བཞིན་པའི་སྐབས་སུ་དབྱིན་ཇིས་བསླངས་པའི་རྒྱ་ཕྱོགས་ཞེས་པའི་སྐྱོན་འཛུགས་འདི་མ་གཏོགས་གཞན་ནི་ཡོངས་གྲགས་སུ་གླེང་གི་མེད་ཅིང་དེ་དབྱིན་ཇི་དང་འབྲེལ་བའང་མེད་པས་འདིར་དབྱེ་ཞིབ་བྱ་རྒྱུ་མིན།
ལེའུ་ཉེར་གཉིས་པའི་ནང་། ‘‘དེ་ལ་ཀླུ་ཁང་པས་གནས་ཚུལ་གུང་བསྒྲིགས་ཏེ་དབྱིན་ཇི་ཡིས་ཚ་རོང་ལ་དམག་དཔུང་བེད་སྤྱད་ནས་གཞུང་གི་དབང་ཆ་འཕྲོག་དགོས་པའི་ངན་བསླབ་རྒྱག་བཞིན་པའི་ཕྱོགས་བསྡོམས་གནང་ཡོད་པར་སྙམ་སྟེ། སྐབས་དེར་དེ་ལྟ་བུའི་ལྐོག་ཇུས་དང་ས་འོག་དར་ཐག་གི་ལས་ཀ་སྒྲུབ་པ་ནི་རྒྱུན་མཐོང་གི་གནས་ཚུལ་དུ་གྱུར་ཡོད།’’ ཅེས་གསུངས་པ་ལྟར། རྒྱ་གར་དབྱིན་གཞུང་གིས་དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལ་བོད་གཞུང་གི་དབང་ཆ་འཕྲོག་དགོས་པའི་ངན་བསླབ་བརྒྱབས་ཡོད་པ་དང་། དེའི་རྐྱེན་གྱིས་༸གོང་ས་བཅུ་གསུམ་པ་ཆེན་པོས་ཚ་རོང་གི་བཀའ་བློན་དང་དམག་སྤྱིའི་གོ་གནས་གཉིས་ཀ་ཕྱིར་འཐེན་མཛད་པའི་ལོ་རྒྱུས་ཡོད་པ་དེའང་དབྱིན་ཇིས་བོད་མི་ནང་ཁུལ་ལ་འཁྲུག་རྐྱེན་བཟོས་པ་ཞིག་རེད།
ལེའུ་བཅུ་པའི་ནང་། ‘‘ཁོང་(དབྱིན་ཇི་རེ་ཆར་ཌི་སོན་)གིས་བོད་དང་བོད་གཞུང་གཉིས་ལ་བསྟོད་བསྔགས་ཁོ་ན་གནང་སྟེ། རྒྱལ་ཁབ་གཞན་གང་ལ་ཡང་འབུར་དུ་ཐོན་ཞིང་ཁྱད་དུ་འཕགས་པའི་བོད་ཀྱི་ལམ་ལུགས་འདི་ལྟ་བུ་ཞིག་མེད་པས་འགྱུར་བ་གཏོང་དགོས་པ་གང་ཡང་མེད་ཅེས་གསུངས། ང་ནན་ཅིན་དུ་འགྲོ་ཁར་རྒྱ་གར་དུ་འབྱོར་མ་ཐག་ནས་བསྒྱུར་བཅོས་ཆེན་པོ་ཞིག་མ་བྱས་ན་བོད་རང་ཉིད་སྐྱོབ་ཐབས་མེད་པའི་ཡིད་ཆེས་རྙེད་ཅིང་། དེ་ནས་ནང་ཁུལ་སྲིད་དོན་གྱི་རྙོག་ཟིང་གིས་བོད་འཐོར་ཞིག་ཏུ་གཏོང་བཞིན་པའང་ཅུང་ཟད་ཤེས་པས། རེ་ཆར་ཌི་སོན་གྱི་ལྟ་ཚུལ་དེས་ང་འཇིགས་སྐྲག་གི་ནང་དུ་གཡུགས་ཤིང་། ངས་ཁོང་མྱོང་རྒྱུས་དང་གོ་རྟོགས་མེད་པའི་བོད་ཀྱི་དཔོན་རིགས་རྣམས་ལ་བློ་སྒྱུར་ངན་སྐུལ་བྱེད་མཁན་གྱི་དབྱིན་ཇིའི་གསང་ལས་པ་ཞིག་ཏུ་མཐོང་།’’ ཞེས་གསུངས་པར་གཞིགས་ན། སྐུ་ངོ་མཆོག་ནས་ས་ཞིང་བཅོས་བསྒྱུར་གྱིས་མཚོན་བོད་ལ་ལེགས་བཅོས་གནང་འདུན་གྱི་དགོངས་གཞིར་སྐུ་དྲག་རྣམས་ཀྱིས་མོས་མཐུན་མ་གནང་བ་དེའང་། སྐུ་དྲག་རྣམས་རང་ངོས་ནས་དེར་མོས་མཐུན་མེད་པ་གཅིག་པུ་མིན་པར། དབྱིན་ཇི་རེ་ཆར་ཌི་སོན་གྱིས་ཀྱང་སྐུ་དྲག་ཚོར་ཤུགས་རྐྱེན་ངན་པ་ཞིག་ཏན་ཏན་ཐེབས་ཡོད་པར་སྙམ།
སྤྱིར་དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ་ནས་བཟུང་ཕྱིི་རྒྱལ་མི་རིགས་མང་པོ་ཞིག་བོད་དུ་སྔ་ཕྱིར་སླེབས་པ་དག་གིས་བོད་མི་ནང་ཁུལ་དང་། བོད་དང་ཁྱིམ་མཚེས་ཡུལ་ཁག་དབར་ཕན་མེད་གནོད་གཞིའི་ལས་དོན་སྣ་ཚོགས་བརྩམས་ཡོད། དཔེར་ན། ཕྱི་ལོ་ ༡༨༧༩ ལོར་རྒྱ་གར་དབྱིན་གཞུང་ནས་བཏང་བའི་ས་ར་ཅན་དྷར་རྡཱ་སེ་ཞེས་པ་བོད་དུ་འབྱོར་བར་བཀྲ་ཤིས་ལྷུན་པོའི་བླ་བྲང་རྒྱལ་མཚན་མཐོན་པོའི་ཕྱག་མཛོད་སེང་ཆེན་སྤྲུལ་སྐུ་སོགས་ཀྱིས་རོགས་རམ་གནང་སྟེ་དབུས་གཙང་ཁུལ་དུ་ལོ་གསུམ་ལྷག་རིང་ལྟ་སྐོར་དང་སོ་ཉུལ་བྱས་པས་བོད་གཞུང་གིས་འཛིན་བཟུང་བྱེད་ཉེའི་མཚམས་རྒྱ་གར་དུ་ཕྱིར་བྲོས་པ་དང་། སེང་ཆེན་སྤྲུལ་སྐུ་སོགས་ལ་བོད་གཞུང་གིས་ཉེས་ཆད་བཏང་བས་གཞུང་བླ་གཉིས་ཀྱི་དབར་འགལ་ཟླའི་ས་བོན་ངན་པ་ཞིག་དེ་དུས་བཏབ་ཡོད་པ་ཡོངས་གྲགས་ལྟར་ཡིན་ལ། འགལ་ཟླ་དེ་ནི་དབྱིན་གཞུང་གི་མི་སྣ་དེས་བསླངས་པ་དང་། འགལ་ཟླ་དེ་རིམ་གྱིས་ཇེ་ཆེར་ཕྱིན་ཏེ་བོད་སྤྱིའི་ཐོག་ལ་གནོད་སྐྱོན་ཆེན་པོ་བྱུང་བ་དེ་ཀུན་གྱི་རྩ་བ་ནི་དབྱིན་ཇིའི་གཞུང་གི་མི་དེ་ཚོའི་བྱས་ཉེས་ལ་ཐུག་ཡོད།
གཉིས་པ། གལ་ཆེའི་གསུང་འཕྲིན་བཀག་འགོག
ལེའུ་བཅུ་པའི་ནང་། ‘‘སྐུ་ཞབས་ནེཧ་རུ་ཡིས། ཁོང་གི་གསུང་འཕྲིན་རྣམས་ང་དང་འབྲེལ་བའི་འཕྲིན་ལམ་བརྒྱུད་ནས་བོད་དུ་གཏོང་བ་ལས། དབྱིན་ཇི་རེ་ཆར་ཌི་སོན་བརྒྱུད་དགོས་པའི་འཕྲིན་ལམ་བེད་སྤྱོད་གཏོང་འདོད་མ་གནང་། རེ་ཆར་ཌི་སོན་གྱིས་སྐབས་དེར་ཡང་ལྷ་ས་རུ་མུ་མཐུད་ནས་རྒྱ་གར་གྱི་གཞུང་ཚབ་གནང་བཞིན་ཡོད།’’ ཅེས་དང་། ‘‘ངས་སྔར་བཞིན་བོད་གཞུང་གི་བཀའ་ལན་ཞིག་གཏན་ནས་མ་གོ་ཞིང་། འབད་བརྩོན་ཞུས་པ་རྣམས་རྒྱ་མཚོའི་ནང་རྡོ་གཡུགས་པ་ལྟར་འབྲས་མེད་དུ་གྱུར།’’ ཅེས་དང་། ‘‘དམག་ཆེན་གཉིས་པའི་མཇུག་ཏུ་དབྱིན་ཇི་གཞུང་འཆི་ལ་ཁད་པའི་མཚམས་སུ་ལྷུང་ཡང་། བོད་གཞུང་གིས་ད་དུང་མུ་མཐུད་ནས་རེ་ཆར་ཌི་སོན་གྱི་ལམ་སྟོན་ལ་ཉན། རྩིས་དཔོན་ཞྭ་སྒབ་པས་ནི་དབྱིན་ཇི་ལ་མཉམ་ལས་བྱེད་རྒྱུ་ཙམ་ཞིག་ཐར་ལམ་དུ་གཟིགས་པ་འདྲ།’’ ཞེས་དང་། ‘‘རྒྱ་གར་གྱིས་སྤྱི་ལོ་ ༡༩༥༠ ཟླ་བ་ ༤ ཚེས་ ༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འབྲེལ་ལམ་གསར་འཛུགས་གནང་། དེ་ནས་རེ་ཆར་ཌི་སོན་ལྷ་སྡོད་རྒྱ་གར་སྐུ་ཚབ་ཀྱི་གོ་གནས་ནས་ཕྱིར་འཐེན་བྱས་ཏེ། དེའི་ཚབ་ཏུ་རྒྱ་གར་གྱི་རང་མི་སྐུ་ཞབས་སི་ནཱ་མཆོག་སྤྱི་ཁྱབ་དོན་གཅོད་དུ་བསྐོ་བཞག་གནང་། དེ་ལྟར་སྐུ་ཞབས་སི་ནཱ་ལྷ་སར་བཞུགས་ཡོད་པར་བརྟེན། སྔར་རྒྱ་གར་གཞུང་གིས་འབད་བརྩོན་ཆེན་པོས་ཏར་འཕྲིན་བརྒྱུད་ནས་བཏང་བའི་གསུང་འཕྲིན་རྣམས་ད་གཟོད་བོད་གཞུང་ལ་དངོས་སུ་འབུལ་ཐུབ་པ་བྱུང་། དེ་ལྟ་ན་ཡང་། འབྲས་བུ་སྔར་བཞིན་མ་ཐོན།’’ ཞེས་གསུངས།
སྐུ་ངོ་རྒྱལ་ལོ་དོན་གྲུབ་ཀྱིས་བོད་གཞུང་ལ་ཕུལ་བའི་གལ་ཆེའི་གསུང་འཕྲིན་ཁག་སྟེ། རྒྱ་གར་གཞུང་གི་གསུང་འཕྲིན་རྣམས་རེ་ཆར་ཌི་སོན་གྱིས་བོད་གཞུང་ལ་མ་ཕུལ་བ་དེས། རྒྱ་གར་གཞུང་ལ་བོད་གཞུང་གིས་རོགས་རམ་དགོས་མིན་གྱི་ལན་གང་ཡང་མ་འབྱོར་བ་ཙམ་དུ་མ་ཟད། ནེཧ་རུའི་སློབ་སྟོན་རྣམས་བོད་གཞུང་ལ་འབྱོར་ན་དེར་བསྟུན་གྱིས་འབད་བརྩོན་གནང་སྲིད་ཀྱང་དེ་བྱུང་མེད་པ་དང་། གལ་ཏེ་བོད་ལ་རྒྱ་གར་གཞུང་གི་རོགས་རམ་དགོས་པའི་དབང་དུ་བྱས་ཀྱང་རོགས་རམ་ཐོབ་ཐུབ་མེད། དེ་ལ་དཔགས་ན། ཨ་རིའི་གཞུང་དང་རྒྱ་ནག་དམར་ཤོག་གི་གསུང་འཕྲིན་དག་ཀྱང་རེ་ཆར་ཌི་སོན་གྱིས་བཀག་སྟེ་བོད་གཞུང་ལ་དུས་ཐོག་འབྱོར་མེད་ཚོད་རེད། རེ་ཆར་ཌི་སོན་གྱིས་དེ་ལྟར་བྱེད་དོན་ནི། གོང་གསལ་ལྟར་ཁོ་པས་བོད་ཀྱི་ལམ་ལུགས་ནི་ཕུལ་དུ་བྱུང་བ་ཞིག་ཡིན་པས་བསྒྱུར་བཅོས་གང་ཡང་གཏོང་མི་དགོས་པར་འདོད་པ་དང་། དེའང་བོད་དང་རྒྱལ་ཁབ་གཞན་དབར་འབྲེལ་ལམ་འབྱུང་དུ་མི་འཇུག་པར་བོད་ཁེར་རྐྱང་དུ་འཇོག་འདོད་ཀྱི་དབྱིན་ཇིའི་སྲིད་ཇུས་དེ་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྲིད། བོད་ཛ་དྲག་གི་གནས་ལ་གྱར་བའི་སྐབས་སུ་གལ་ཆེའི་གསུང་འཕྲིན་རྣམས་བོད་གཞུང་ལ་མ་ཕུལ་བར་བཀག་པའམ། ཕུལ་ནའང་ལན་མ་གནང་བ་དེས་བོད་ཀྱི་སྤྱི་དོན་ལ་གནོད་ཚབས་ཆེན་པོ་ཐེབས་ཡོད་པ་ནི་སྨོས་ཅི་དགོས་ཏེ། ལེའུ་བཅུ་པའི་ནང་། ‘‘གལ་ཏེ་བོད་གཞུང་གིས་ནེཧ་རུ་དང་ཨ་རིའི་གོ་བསྐོན་གསུང་འཕྲིན་རྣམས་དང་། ཐ་ན་དམར་ཤོག་གིས་གྲོས་འགོ་བཏོན་པ་བཅས་ལ་བཀའ་ལན་ཚུལ་བཞིན་དུ་གནང་ཡོད་ན་གྲུབ་འབྲས་ཆེན་པོ་མ་བྱུང་ཡང་། མ་མཐར་ཡང་ད་ལྟའི་གནས་སྟངས་འདི་ལས་ཡག་ཙམ་ཞིག་ང་ཚོར་བྱུང་ཡོད་པར་ངས་ད་དུང་ཡང་ཡིད་ཆེས་བྱེད་བཞིན་ཡོད།’’ ཅེས་གསུངས། འོན་ཀྱང་དེ་ལྟར་མ་བྱུང་བ་འདིའི་སྐྱོན་གྱི་རྩ་བའང་སྐབས་དེའི་བཀའ་ཤག་གི་ཤེས་འཇོན་གྱིས་མ་འདངས་པ་ཙམ་དུ་མ་ཟད་དབྱིན་ཇི་རེ་ཆར་ཌི་སོན་གྱི་གཡོ་འཕྲུལ་ལའང་ཐུག་ཡོད་པ་ནི་གོང་དུ་དྲངས་མ་ཐག་པའི་གསུང་ཚིག་དེ་དག་གིས་གསལ་པོར་ཤེས་ཐུབ།
གསུམ་པ། རྒྱ་ནག་གི་བཙན་འཛུལ་གྱི་སྣ་འདྲེན།
ལེའུ་བཅུ་པའི་ནང་། ‘‘དེ་ནས་ལྷ་སྡོད་གོ་མིན་ཏང་གི་དོན་གཅོད་ཁྲུའུ་ཀྲང་ཁྲན་ཞི་ཀྲང་(Chen Xi Zhng)རྒྱ་གར་བརྒྱུད་ནས་ཕྱིར་རྒྱ་ནག་ཏུ་འགྲོ་སྐབས་ཐུག་འཕྲད་བྱུང་བར་ཁོང་གིས་ང་ལ། རེ་ཆར་ཌི་སོན་གྱིས་རྒྱ་རིགས་རྣམས་ཕྱིར་འབུད་བྱེད་དགོས་པའི་ལམ་སྟོན་ཕུལ་བ་ལྟར། བོད་གཞུང་གིས་དེ་ལྟར་བྱ་རྒྱུའི་ཐག་གཅོད་གནང་བ་རེད་ཟེར། རྒྱ་མི་ཕྱིར་འབུད་ཀྱི་ལས་དོན་དེར་གོ་མིན་ཏང་དང་དམར་ཤོག་གཉིས་ཀྱིས་གཅིག་མཚུངས་སུ་སྐྱོན་བརྗོད་དྲག་པོ་བྱས་ཤིང་། པེ་ཅིན་རླུང་འཕྲིན་ཁང་ནས་སྤེལ་བའི་དྲིལ་བསྒྲགས་ལ་ཡང་གློ་བུར་དུ་འགྱུར་ལྡོག་ཆེན་པོ་བྱུང་སྟེ་དམར་ཤོག་གིས། ལས་དོན་དེ་དབྱིན་ཇི་བཙན་རྒྱལ་རིང་ལུགས་པས་ངན་སྐུལ་བྱས་པ་ལྟར་བོད་གཞུང་གིས་ལག་བསྟར་གནང་།’’ ཞེས་དང་། ‘‘བོད་ནས་རྒྱ་རིགས་ཕྱིར་འབུད་བྱས་པའི་རྒྱུ་མཚན་དངོས་ནི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་བོད་བཅིངས་འགྲོལ་བྱེད་པ་ལ་འགོག་རྐྱེན་བཟོ་བའི་ཆེད་ཡིན་པ་བཅས་དྲིལ་སྒྲོག་བྱས། གོང་གི་སྐད་ཆ་དེ་ནི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་བོད་བཅིངས་འགྲོལ་གཏོང་སྲིད་པར་སྟོན་པའི་བསྒྲགས་གཏམ་ཐོག་མ་དེ་རེད། དེའི་བར་དུ་དམར་པོའི་ཤོག་ཁག་གིས་ཐའེ་ཝན་བཅིངས་འགྲོལ་གཏོང་རྒྱུ་ཙམ་ལས་གཞན་མ་བཤད་ཀྱང་། ད་ལྟ་བོད་ལ། དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱི་ལག་ཆར་གྱུར་ཡོད་ཚུལ་གྱི་སྐྱོན་བརྗོད་བྱས་ཤིང་། དེ་དང་ཆབས་ཅིག་བཙན་འཛུལ་བྱེད་པའི་ཁ་གཡར་ས་ཞིག་རྙེད་པ་རེད།’’ ཅེས་གསུངས།
འདི་ལ་བལྟས་ན། དབྱིན་ཇི་རེ་ཆར་ཌི་སོན་གྱི་བྱེད་སྟངས་དེ་ལ་བརྟེན་ནས་རྒྱ་ནག་གིས་བོད་བཅིངས་འགྲོལ་གཏོང་རྒྱུ་ཡིན་ཚུལ་དངོས་སུ་བརྗོད་འདུག་པས། རེ་ཆར་ཌི་སོན་གྱི་བྱེད་སྟངས་དེ་རྒྱ་ནག་གི་བཙན་འཛུལ་གྱི་སྣ་འདྲེན་ལྟ་བུར་གྱུར་ཡོད། དེ་དང་ཕྱོགས་མཚུངས་སྐབས་དེར་དབྱིན་ཇིའི་གསར་ལམ་ཁག་ནས་དབྱིན་ཇིའི་གཞུང་གིས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་རེད་ཅེས་པའི་བརྗོད་སྟངས་ལ་དུས་ནམ་ཡང་ཁས་ལེན་བྱས་མེད་ཅེས་བརྒྱུད་བསྒྲགས་བྱས་ཡོད་པ་དང་། དེའང་ཕྱོགས་གཅིག་ནས་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་པའི་ཚུལ་ཡིན་ནའང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་བོད་དུ་ཡོད་པའི་བཙན་རྒྱལ་རིང་ལུགས་པའི་སྟོབས་ཤུགས་མཐའ་དག་མཐར་སྐྲོད་གཏོང་དགོས་ཞེས་བོད་ལ་བཙན་འཛུལ་བྱེད་པའི་ཁག་འདོགས་ས་ཞིག་ཏུ་གྱུར་ཡོད།
བཞི་པ། རྒྱ་ནག་ཏུ་ཕེབས་རྒྱུ་བཀག་འགོག
ལེའུ་བཅུ་པའི་ནང་། ‘‘དེ་ནས་ངའི་བསམ་པར་པེ་ཅིན་དུ་སོང་ན། དེ་རུ་རང་མི་རིགས་ལ་སྲི་ཞུ་སྒྲུབ་པའི་ལམ་བུ་ཞིག་རྙེད་སྲིད་པས་ཅིས་ཀྱང་འགྲོ་དགོས་སྙམ་སྟེ་བསམ་གཞིག་བྱས།’’ ཞེས་སོགས་ཧོང་ཀོང་བརྒྱུད་རྒྱ་ནག་ཏུ་འགྲོ་ཆེད་དབྱིན་ཇིའི་གཞུང་ལ་ཐོངས་མཆན་ཞུས་ཚུལ་དང་། ‘‘མཐར་དབྱིན་ཇིའི་ཆེས་མཐོའི་དཔོན་རིགས་ནས་ང་ལ་ཐོངས་མཆན་མི་སྤྲོད་རྒྱུའི་ལམ་སྟོན་གནང་སྟེ་ཐོངས་མཆན་མ་སྤྲད། དེ་ནི་བོད་པས་རྒྱ་མིར་བཀའ་མོལ་ཐད་ཀར་གནང་བ་ལ་དབྱིན་གཞུང་གིས་དགའ་མོས་མ་གནང་བའི་དབང་གིས་ཡིན་པ་འདྲ།’’ ཞེས་དང་། ‘‘དམར་པོའི་ཤོག་ཁག་གིས་བཙན་རྒྱལ་རིང་ལུགས་ཀྱི་ལག་འོག་ནས་བོད་ལྗོངས་བཅིངས་འགྲོལ་གཏོང་བའི་གླེང་སློང་བྱས། དབྱིན་ཇིའི་གཞུང་གིས་བོད་རིགས་རྣམས་(སྐུ་ངོ་རང་ཉིད་དང་། ཞྭ་སྒབ་པ་སོགས་སྐུ་ཚབ་རྣམས།)ཧོང་ཀོང་བརྒྱུད་ནས་རྒྱ་ནག་ཏུ་འགྲོ་ཆོག་པའི་ཐོངས་མཆན་མ་སྤྲད།’’ ཅེས་གསུངས།
དབྱིན་ཇིའི་གཞུང་གིས་སྐབས་དེར་སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་དང་། ཞྭ་སྒབ་པ་སོགས་བོད་གཞུང་གི་སྐུ་ཚབ་རྣམས་ཧོང་ཀོང་བརྒྱུད་རྒྱ་ནག་ཏུ་ཕེབས་རྒྱུར་འགོག་རྐྱེན་བཟོས་ཏེ། བོད་རྒྱའི་དབར་ཐད་ཀར་བཀའ་མོལ་གནང་རྒྱུར་དགའ་མོས་མ་བྱས་པའི་རྒྱུ་མཚན་ནི། དབྱིན་གཞུང་རང་གི་ཁེ་ཕན་ཆེད་ཡིན་པ་ལས་བོད་ཀྱི་ཆེད་དུ་ག་ལ་ཡིན། དེའང་སྐབས་དེའི་གྲང་དམག་འཐབ་རྩོད་ཁྲོད་ཀྱི་དབྱིན་ཇི་རང་གི་འཐབ་ཇུས་ཏེ་རྒྱ་བོད་གཉིས་ཕན་ཚུན་འགལ་ཟླར་ལངས་ཏེ་རྒྱ་ནག་གི་རྒྱ་བསྐྱེད་ལམ་དུ་མི་འགྲོ་བའི་རེ་བ་བྱེད་བཞིན་པའི་འདོད་ཕྱོགས་དང་བསྟུན་ཏེ་བྱས་པ་ཞིག་ཡིན་ངེས་ལ། དེ་བཞིན་སིམ་ལའི་ཆིངས་ཡིག་སོགས་སྔོན་གྱི་ཆིངས་ཡིག་ཁ་ཤས་ནང་འཁོད་པའི་དབྱིན་ཇིའི་ཐོབ་དབང་དེ་དག་ད་དུང་བློས་མ་ཐོངས་པའང་ཡིན་སྲིད། སྐབས་དེར་སྐུའི་གཅེན་པོ་མཆོག་དང་ཞྭ་སྒབ་པ་སོགས་དུས་ཐོག་རྒྱ་ནག་ཏུ་ཕེབས་ཐུབ་ཡོད་ཚེ་བོད་རྒྱའི་དབར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ལས་ལེགས་ཙམ་ཞིག་བྱུང་ཡོད་སྲིད་ལ། རྒྱ་དམག་གི་དྲག་པོའི་བཙན་འཛུལ་དེའང་འགོག་ཐུབ་ཡོད་སྲིད། འོན་ཀྱང་དབྱིན་གཞུང་གི་བྱེད་བབས་དེའི་དབང་གིས་དེ་དག་བྱུང་མེད།
ལྔ་པ། རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་ལ་འགོག་རྐྱེན།
ལེའུ་བཅུ་གཅིག་པའི་ནང་། ‘‘མཐར་བཀའ་ཤག་འུ་ཐུག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་སུ་ཞལ་འཁོར་ཏེ་རོགས་རམ་ཐོབ་ཐབས་གནང་།’’ ཞེས་དང་། ‘‘མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅི་ཡང་མ་བསྒྲུབས་པར་འགུལ་མེད་དུ་བསྡད། རྒྱ་གར་དང་། དབྱིན་ཇི། ཨ་རི་བཅས་རོགས་རམ་གནང་ཐུབ་མཁན་གྱི་རྒྱལ་ཁབ་གཙོ་བོ་གསུམ་ཡིན་ཡང་སུས་ཀྱང་བོད་ཀྱི་རེ་འདོད་ལ་རྒྱབ་སྐྱོར་མ་གནང་། སྐབས་དེར་ཨ་རི་བྱང་ཀོ་རི་ཡའི་དམག་འཐབ་དང་འབྲེལ་ཏེ་དཀའ་ངལ་ཆེན་པོའི་ནང་ལྷུང་ཞིང་། དབྱིན་ཇིས་རྒྱ་གར་ལ་རང་བཙན་ཕྱིར་སྤྲད་པ་དང་ཆབས་ཅིག་བོད་ཀྱང་བློས་བཏང་སྟེ་ཁེ་ཐོབ་དང་འབྲེལ་ལམ་བཅས་རྒྱ་གར་ལ་སྤྲད་ཡོད། རྒྱ་གར་གྱིས་སྔར་གྱི་བསམ་བློ་ཡོངས་སུ་བརྗེས་ཏེ་རྒྱ་ནག་ནས་རང་ལ་མཇུག་འབྲས་ངན་པ་སློང་སྲིད་པའི་ཕྱག་ལས་གང་ཡང་སྒྲུབ་འདོད་མ་གནང་།’’ ཞེས་གསུངས།
བོད་དོན་མཉམ་འབྲེལ་རྒྱལ་ཚོགས་ལ་ཐོག་མར་ཞུས་སྐབས་རྒྱ་གར་སོགས་ཀྱིས་རྒྱབ་སྐྱོར་མ་གནང་བའི་རྒྱུ་མཚན་ནི་དྲངས་མ་ཐག་པ་ལྟར་དང་། ལྷག་པར་དེ་དུས་དབྱིན་ཇིའི་གཞུང་ཚབ་ཀྱིས། བོད་འདི་ཁྲིམས་ཐོག་ནས་ག་འདྲ་ཡིན་མིན་གསལ་པོ་མེད་གཤིས་རྒྱལ་ཚོགས་ནས་བཀའ་བསྡུར་གནང་རྒྱུ་ངང་འཐེན་གནང་ན་ལེགས་ཚུལ་དང་། རྒྱ་གར་གཞུང་ཚབ་ཀྱིས་ཀྱང་། བོད་རྒྱའི་དཀའ་རྙོག་འདི་བོད་རྒྱ་གཉིས་ནང་ཚགས་ཀྱིས་ཞི་འགྲིག་ཡོང་ཐུབ་པའི་ཡིད་ཆེས་ཡོད་པས་རྒྱལ་ཚོགས་ནས་བཀའ་མོལ་གནང་མི་དགོས་ཚུལ་བཤད་པར་བརྟེན་རྒྱལ་ཚོགས་ནས་ངང་འཐེན་གནང་བ་རེད། དེའི་འབྲས་བུ་ནི་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ལས། ‘‘དབྱིན་གཞུང་དང་རྒྱ་གར་གཞུང་གཉིས་ཀས་༌༌་་་༌༌༌༌༌༌༌༌༌དྲང་འབྲེལ་གྱི་རྒྱབ་སྐྱོར་མ་གནང་བ་དེ་ནི་བོད་མི་ས་ཡ་དྲུག་རྒྱ་མི་དམར་པོའི་བཙན་འོག་ཏུ་ཆེད་མངགས་རྩིས་སྤྲོད་བྱས་པ་དེའི་ངན་འབྲས་ལ་བརྟེན་ནས་རྒྱ་གར་དང་། དེ་དང་ཉེ་བའི་རྒྱལ་ཁབ་མང་པོའི་རང་དབང་དང་། ཞི་བདེ་དཔལ་འབྱོར་བཅས་ལ་ཉེན་འགན་ཚབས་ཆེན་ཞིག་ཀྱང་བཟོས་པ་རེད།’’ ཅེས་འབྱུང་བ་ལྟར་བོད་ལ་ཤིན་ཏུ་མཁོ་གལ་ཆེ་བའི་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་མ་ཐོབ་པ་ཙམ་དུ་མ་ཟད། བོད་ལ་རྒྱུས་མངའ་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཀྱིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ལྟ་བུའི་གཏམ་བཤད་བྱས་པ་དེས་རྒྱལ་ཁབ་མང་པོའི་བསམ་བློར་ཤུགས་རྐྱེན་ངན་པ་ཐེབས་ཏེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་ཏུ་བོད་ཀྱི་གནས་བབས་ལ་རིན་ཐང་གང་ཡང་མེད་པ་ལྟ་བུར་གྱུར་པ་རེད།
གཞན་ཡང་། ལེའུ་བཅོ་བརྒྱད་པའི་ནང་། ‘‘སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ཀྱི་མགོ་སྟོད་ཙམ་ལ་ཁོང་(དབྱིན་ཇིའི་མཁས་པ་མར་ཀོ་པ་ལི་སི)གིས་ང་དབྱིན་ཇིའི་གསང་བའི་ལས་ཁུངས་ནས་རོགས་རམ་ཞུ་ཆེད་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཨེམ་ཨང་ ༡༦ པ་(M16)ཞེས་པའི་གསང་བའི་ལས་ཁུངས་ཀྱི་དབུ་ཁྲིད་ལ་ཐུག་འཕྲད་དུ་ཁྲིད། དབུ་ཁྲིད་དེས་དེ་མ་ཐག ང་ཚོ་ཨེ་ལྗིབ་ཀྱི་ཆུ་ཡུར་ཆེནམོའི་(Suez Canal)ཤར་ཕྱོགས་ས་ཁུལ་ཐམས་ཅད་ནས་ཕྱིར་འཐེན་བྱས་ཟིན་པ་ཡིན། ཞེས་དབྱིན་ཇི་ལ་རེ་བ་རྒྱག་ས་གང་ཡང་མེད་པའི་གོ་བསྐོན་དང་འབྲེལ་དབྱིན་ཇིས་རོགས་རམ་བྱེད་སྲིད་སྙམ་མཁན་དག་ལ་ཡིད་ཆེས་བྱ་མི་རུང་། དེ་ལས་ཨ་རི་ལ་བཀའ་མོལ་ཞུས་ན་ལེགས་ཞེས་ཟེར། དེ་ལ་བརྟེན་ནས་མར་ཀོ་པ་ལི་སི་ལ་ང་རང་ཉིད་ཀྱི་མཐོང་ཚུལ་གཞན་ཞིག་བྱུང་།’’ ཞེས་གསུངས་པ་ལྟར་དབྱིན་ཇིའི་རོགས་རམ་དངོས་སུ་དགོས་པའི་སྐབས་རོགས་རམ་ཞུས་ཀྱང་རོགས་རམ་བྱས་མེད་པ་དེ་ནི་དབྱིན་ཇིའི་རང་མདོག་ངོ་མ་ཕྱིར་མངོན་པ་ཞིག་རེད།
དེ་ལྟར་སྐུའི་གཅེན་པོ་སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་གི་བོད་དོན་འཐབ་རྩོད་ཀྱི་བྱུང་བ་ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་ཞེས་པའི་ནང་འཁོད་པའི་གོང་སྨོས་གསུང་ཚིག་དེ་དག་ལ་གཞིགས་ན། དབྱིན་གཞུང་གི་མི་སྣས་བོད་མི་ནང་ཁུལ་དུ་འགལ་ཟླ་བསླངས་ཏེ་ཆིག་སྒྲིལ་མེད་པར་བཟོས་པ་དང་། རྒྱ་གར་དང་ཨ་རིས་བོད་ལ་རོགས་རམ་གནང་འདོད་ཀྱི་གསུང་འཕྲིན་དང་། རྒྱ་ནག་གིས་བོད་ལ་གྲོས་མོལ་བྱེད་འདོད་ཀྱི་གསུང་འཕྲིན་ཁག་བོད་གཞུང་ལ་དུས་ཐོག་འབུལ་དུ་མ་བཅུག་པ་དང་དེ་ལ་ལན་གནང་དུ་མ་བཅུག་པ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་པའི་ཁ་གཡར་ས་དང་རྐྱེན་རྩ་བྱས་པ། བོད་མི་རྣམས་ཧོང་ཀོང་བརྒྱུད་རྒྱ་ནག་ལ་གྲོས་མོལ་གནང་དུ་ཕེབས་མ་བཅུག་པ། བོད་དོན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཏུ་མ་བཅུག་པ་བཅས་ཀྱི་གནས་ཚུལ་གསལ་པོར་མཐོང་ཐུབ།
དེའང་གསལ་པོར་བཤད་ན། སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་གི་རླབས་ཆེའི་མཛད་འཕྲིན་ཏེ་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་དང་འབྲེལ་བའི་ཕྱག་ལས་ལ་དབྱིན་ཇིས་འགལ་རྐྱེན་བར་ཆད་བཟོས་ཏེ། གཏིང་ཟབ་པ་དང་གཟིགས་རྒྱང་རིང་བའི་དགོངས་པའི་འཆར་གཞི་དུ་མ་ཐུགས་བཞེད་ཇི་བཞིན་འགྲུབ་ཏུ་བཅུག་མེད་པ་དཔེར་ན། གོང་སྨོས་ལྟར་བོད་དང་བོད་མི་སྐྱོབ་ཐབས་སུ་བོད་དང་རྒྱ་གར་དབར། བོད་དང་ཨ་རིའི་དབར། བོད་དང་རྒྱ་ནག་དབར་བཅས་སུ་བང་ཆེན་འཕྲིན་གཏོང་བ་མཛད་དེ་འབྲེལ་ལམ་བཟང་པོ་འཛུགས་པ་དང་ཆབས་ཅིག་དོན་ཕན་ལྡན་པའི་ཕྱག་ལས་རྒྱ་ཆེན་གནང་རྒྱུའི་ཐུགས་འདུན་ཡོད་ཀྱང་དེ་བཞིན་བྱུང་མེད་པ་དང་། མཐར་རྒྱ་ནག་གིས་བོད་དུ་དྲག་རྒོལ་བྱེད་ཉེའི་ཛ་དྲག་ལ་གྱར་སྐབས་དེ་འགོག་ཐབས་གཞན་མ་རྙེད་པར་པེ་ཅིན་རང་དུ་དངོས་སུ་ཕེབས་གཏན་ཁེལ་ནའང་ཕེབས་མ་ཐུབ་པ། དེ་བཞིན་བོད་དུ་ས་ཞིང་བཅོས་བསྒྱུར་གྱིས་མཚོན་ལམ་ལུགས་དུ་མར་ལེགས་བཅོས་ཆེན་པོ་གཏོང་རྒྱུའི་འཆར་གཞི་ཡོད་པའང་ཇི་བཞིན་ཕྱག་བསྟར་མ་ཐུབ་པ་སོགས་རླབས་ཆེའི་མཛད་འཆར་དུ་མ་ཐུགས་བཞེད་ཇི་བཞིན་འགྲུབ་ཏུ་བཅུག་མེད་པའི་གནས་ཚུལ་འདི་དག་ནི་གོང་དུ་དྲངས་པའི་གསུང་ཚིག་དེ་དག་གི་སྟེང་ནས་གསལ་པོར་ཤེས་ཐུབ། མདོར་ན། ཆབ་སྲིད་ཀྱི་གཡོ་འཕྲུལ་ཆེ་བའི་དབྱིན་ཇིའི་གྲིབ་ནག་དེ་དག་བོད་ལ་ཕོག་པའི་རྐྱེན་གྱིས་བོད་ཀྱི་དཀའ་རྙོག་འདི་ཚབས་ཇེ་ཆེ་དང་ཐབས་ཇེ་སྡུག་ཏུ་སོང་ཡོད་པའི་ལོ་རྒྱུས་ཀྱི་སྐྱོ་གནས་འདི་ནི། ‘‘ཀ་ལིམ་པོང་གི་ཐུག་པ་’’འཐུང་མཁན་བོད་མི་ཚོར་ཞིམ་པོ་དེ་ཙམ་མེད་ནའང་ཅིས་ཀྱང་འཐུང་དགོས་པ་ཞིག་ཏུ་སྣང་ངོ་།།
འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༣ ལ།
ཆ་ཚང་བཀླགས་ཟིན།
ཡག་པོ་བྲིས་འདུག
བཀའ་དྲིན་ཆེ།
འདས་པ་རྗེས་འདེད་བྱེད་པ་བྱིས་པའི་བློ་།
མ་འོངས་མདུན་བསུ་བྱེད་པ་རྒན་ཁོག་བློ་།
ད་ལྟ་ལག་ལེན་ལྟར་བ་མཁས་པའི་བློ་།
དུས་གསུམ་མཉམ་བསྲེས་བྱེད་པ་རྩིས་མཁན་བློ་།
བཀའ་བློན་སྦུག་དེ་ཀ་ལིམ་པོང་། །
འབྲི་སྟངས་གསར་པར་དགའ་བསུ་ཡོད། །
འོནད་ཀྱང་རྡོ་རྗེ་གླིང་པ་དང་། །
བཀའ་བློན་སྦུག་ཅེས་ཅིས་ཕྱིར་བསྒྲགས། །
‘‘འགའ་ཞིག་གིས། རྭ་སྒྲེང་རིན་པོ་ཆེ་རྒྱ་མིར་ཆེས་ཆེར་དགའ་བའི་རྒྱ་ནག་གི་མཐུན་ཕྱོགས་པ་ཞིག་རེད་ཟེར་ཡང་། ཁོང་གིས་རྒྱ་ནག་དང་རྒྱ་གར་དབྱིན་གཞུང་གཉིས་ལ་ཕྱོགས་སུ་མ་ལྷུང་བའི་འབྲེལ་ལམ་སྙོམས་པོ་ཞིག་འཛུགས་ཐབས་གནང་བ་ལས་རྒྱ་ཕྱོགས་ལ་དགའ་ཟེར་བ་དེ་བདེན་པ་མིན།’’ ཞེས་གསུངས།”
དེང་སང་སྐུ་ངོ་མཆོག་ཐེ་ཝན་ལ་ཕེབས། ཐེ་ཝན་གྱི་ཡིག་ཚགས་ལས་ཁུངས་ཀྱི་བོད་དོན་འབྲེལ་བའི་ཡིག་ཆ་དེ་ཚོར་གཟིགས་དང་། རྭ་སྒྲེང་ནི། སྔར་ནས་རྒྱ་གོ་མིང་ཏང་གིས་ཉོས་ཚར་ནས། ཞབས་འདྲེན་གྱི་ཡིག་ཆ་མང་པོ་དེར་བཞག་འདུག དེ་བཞིན་དེ་ཝན་གྱི་ཡིག་ཚགས་དེབ་ཕྲེང་ཞིག་བཏོན་པའི་ནང་ལ་ཡང་། རྭ་སྒྲེང་གི་ཞབས་འདྲེན་ཚང་མ་དེར་འདུག