དཔལ་དགྱེས་པ་རྡོ་རྗེ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
དབྱིངས་རིག་ཆོས་སྐུའི་ངོ་བོ་ཀུན་ཏུ་བཟང་།།
ལོངས་སྤྱོད་རྫོགས་སྐུའི་རང་བཞིན་ཞི་ཁྲོའི་ལྷ།།
ཕུན་ཚོགས་སྤྲུལ་སྐུའི་ཐུགས་རྗེ་པདྨ་འབྱུང་།།
སྐུ་གསུམ་རྒྱལ་བས་ཚེ་རབས་ཀུན་ཏུ་སྐྱོངས།།
ཕ་ཁྱིམ་བཙན་དམར་ཤོར་བའི་རྐྱེན་དབང་གིས།།
ལས་མཐའ་རླུང་འཁོར་སྣེ་མོར་ནུབ་ཏུ་ཕྱོགས།།
སྔགས་འཆང་ལྕང་ལོ་དམར་པོའི་ཚོགས་གྲལ་ཀུན།།
གཏེར་ཆེན་གདམས་པའི་བདུད་རྩིས་སྨིན་པར་མཛད།།
དུད་ཀློང་ནག་ནོག་འཁྲིགས་པའི་བར་གསང་རྣམས།།
ས་ཡ་བཅུ་གསུམ་རྒྱུ་བའི་གྲོང་ཁྱེར་བར།།
གྲངས་མེད་བསྐལ་བའི་རྒུད་པ་སྲིད་ན་དབེན།།
ཆོག་ཤེས་ནོར་བཟང་བྲལ་བའི་སྒྱུ་མ་འཁན།།
ཉིན་མཚན་གཡེང་མེད་རྒྱུག་པའི་ལམ་ཁ་རུ།།
དྲི་ཟའི་གྲོང་ཁྱེར་ལས་ལྷག་རྒྱལ་ས་འདིར།།
གནའ་དེང་རིག་གནས་བང་མཛོད་སྒྱུ་མའི་གླིང་།།
གནམ་བདག་ལྷ་རུ་བཀུར་བའི་རྒྱལ་ཁམས་ཉིད།།
གནམ་ས་བར་སྣང་གྲགས་པའི་རྒྱལ་རྒྱུད་ཅན།།
གནམ་བསྐོས་དཔོན་རྒྱལ་འབྲེལ་བའི་དུས་ཆེན་སྐབས།།
གནམ་སྒོའི་རྟེན་འབྲེལ་འཛོམས་པ་དགའ་སྤྲོ་བརྟས།།
གནའ་དེང་རིག་གནས་འགྲེམ་སྟོན་རིན་མེད་པར།།
གང་དགར་རང་དབང་སྤྱོད་པའི་རྒྱལ་ས་ན།།
ཅི་འདོད་ལོངས་སུ་སྤྱོད་པའི་མི་དམངས་རྣམས།།
མཐོང་ཚེ་གངས་རིའི་ལས་དབང་ཡིད་ལ་འཁོར།།
རང་ཕྱོགས་སྤྲུལ་རྫུན་བཟོ་སའི་ལས་ཁང་དབེན།།
གཡང་བུམ་སྐུ་ཚོང་གཉེར་སའི་གཡོ་འཕྲུལ་དབེན།།
མི་གཤིས་རྡོག་རོལ་གཏོང་སའི་ཁྲིམས་འགལ་དབེན།།
དབེན་གསུམ་ལྡན་པའི་འཛམ་གླིང་མཛེས་པར་རྒྱན།།
རང་ཁ་སྡུག་གིས་སློང་བའི་སྤྲང་པོ་མེད།།
རང་དབང་གཞན་གྱིས་འཕྲོག་པའི་བཙན་གནོན་མེད།།
རང་གཞན་ཕྱོགས་རིས་རྩོད་སའི་གྲུབ་མཐའ་མེད།།
མེད་པ་འདི་གསུམ་རྒྱལ་ཁམས་བདེ་བའི་གཞི།།
ཞོགས་པའི་ཉི་གཞོན་འཚོ་ལས་ཆེད་དུ་གཉེར།།
འཁོར་ཡུག་གཙང་སྦྲའི་རྫས་འཕྲུལ་དྲི་ཡིས་ཁྱབ།།
གཤིས་ལེགས་གསེར་བཟང་ལྕང་ལོས་མཛེས་པའི་ལྗོངས།།
དབྱིན་ཡུལ་རྒྱལ་སའི་རང་བཞིན་ཡིད་གར་འོང་།།
རྒྱལ་རྒྱུད་བདེན་པའི་ཆུ་རྒྱུན་རིང་མོའི་དཔལ།།
དཔལ་འབྱོར་ངན་འདྲིས་ཏང་ཡན་དྲི་ཆེན་རིགས།།
རིགས་རྒྱུད་ཕ་ལམ་ཅོ་པན་སྒྲིབ་མཐོང་ཚེ།།
བདེན་གཏམ་གསེར་གཤིས་དཀར་པོར་དྲི་ནག་ཙམ།།
ཆོས་རྗེ་བླ་མས་དམ་ཆོས་གསུངས་པའི་གནས།།
ཆོས་མཆེད་དམ་པའི་བརྩེ་དུང་མཇལ་བའི་གནས།།
ཆོས་བཟང་རིགས་པའི་རྟུལ་ཞུགས་འཛིན་པའི་གནས།།
གནས་མཆོག་ཆོས་རིགས་རྒྱལ་ཁམས་ཡུན་གནས་སྨོན།།
མ་སྨད་བཙུན་མོ་དམ་པའི་སྐུ་ཚེ་བརྟན།།
མ་ལུས་འགྲོ་ལ་ཕན་བདེའི་དགེ་ལེགས་སྦྱིན།།
མ་འབད་ལྷུན་གྱིས་གྲུབ་པའི་བདེ་ཆེན་ཞིང་།།
མ་བཅོས་གནས་འདིར་འབྱོར་བའི་དཔལ་དུ་ཤོག།
ཅེས་པ་རབ་གནས་ཤིང་ལུག་སྨྲིན་ཟླའི་ཚེས་བཟང་ལ་དབྱིན་ཡུལ་རྒྱལ་ས་ལན་དྲོན་གྱི་རྒྱལ་བཙུན་མགྲོན་ཁང་ནས་རྒྱལ་ཁམས་པ་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་དེ་ཉིད་དུ་བྲིས་པར་དགེའོ།། །།
མ་སྨད་༸གོང་ས་མཆོག་གི་༸སྐུ་ཚེ་བརྟན། །
མ་ལུས་འགྲོ་ལ་བདེ་ལེགས་སྦྱིན་པའི་ཕྱིར། །
མ་འབད་ལྷུན་གྱིས་དགོངས་བཞེད་འགྲུབ་པའི་ཕྱིར། །
མ་བཅོས་གནས་དེར་ཡང་ཡང་༸ཞབས་འཁོད་ཤོག །
མ་རིགས་སེམས་ཅན་བདེ་ལ་འགོད་པ་ཤོག་།
མ་ནོར་ལམ་ལ་འགྲོ་དྲུག་འཇུག་པ་ཤོག་།
མ་ཤེས་མི་ལ་ལམ་སྟོན་མཛད་པ་ཤོག་།
མ་དང་མཁའ་འགྲོའི་བསུ་བ་ཡང་ཡང་ཤོག་།