རེ་མདོ་སེངྒེ་།
(འདི་ལོའི་ཟླ་བ་བརྒྱད་པའི་ཚེས་ཤར་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ཏཱ་ལའི་བླ་མ་མཐོ་སློབ་གཉིས་མཉམ་འབྲེལ་གྱིས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་བགྲོ་གླེང་ཚོགས་འདུ་ཐེངས་ལྔ་པ་བསྐུང་ཚོགས་གནང། སྐབས་དེར་ཕྲན་ལ་མགྲོན་འབོད་བྱུང་བ་བཞིན་གཏམ་བཤད་དུ་ཕྱིན། དེར་ན་གཞོན་སློབ་གཉེར་པ་གང་འཚམས་འདུག་པས་དཔྱད་ཞིབ་ཡོང་བའི་དོན་དུ་གཤམ་གྱི་དོགས་པའི་གཞི་འདི་བསླངས་ཏེ་གཏམ་བཤད་མདོར་བསྡུས་ཤིག་བྱས་པ་འདིར་ཡང་དོགས་སློང་གི་ཚུལ་དུ་བཀོད་ཡོད།)
༄༅།། སྤྱིར་འགྲོ་བ་མིའི་སྤྱི་ཚོགས་ཤིག་གི་ནང་དུ་ཆོས་ལུགས་ཀྱི་ལྟ་གྲུབ་དང། ཤེས་རིག་གསར་པ། ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལམ་ལུགས་མ་འདྲ་བ་ཞིག་ཐོག་མར་དར་འཕེལ་ཡོང་བའི་སྐབས། དར་འཕེལ་འགྲོ་ཡུལ་གྱི་སྤྱི་ཚོགས་དེས་རང་གི་གོམས་སྲོལ་དང་བསམ་བློ་གཉིས་ཀར་མི་མཐུན་པ་ཤུགས་ཆེ་བའི་ཆོས་ལུགས་དང་ཤེས་རིག་གསར་པ་དེ་དག་དང་ལེན་བྱེད་དཀའ་བར་མ་ཟད། ཆོས་ལུགས་དང་ཤེས་རིག་གསར་པ་དར་སྤེལ་བྱ་བར་ངོ་རྒོལ་བྱས་ཏེ་འཁྲུག་ཟིང་ལྷོང་མཁན་ཡང་མང་པོ་བྱུང་དང་འབྱུང་བཞིན་པ་ཡིན། འོན་ཀྱང་དེ་ནི་འགྲོ་བ་མིའི་ལོ་རྒྱུས་འགྱུར་ལྡོག་གི་བརྒྱུད་རིམ་ངེས་ཅན་ཞིག་ཡིན་པ་ལས་ཡ་མཚར་དགོས་པ་གང་ཡང་མེད། ངོ་རྒོལ་བྱེད་མཁན་གྱི་ཀུན་སློང་ལ་མཚོན་ན་རང་ངམ་རང་ཕྱོགས་ཀྱི་ཆབ་སྲིད་དབང་འཛིན་དང་མཁར་དབང་ལྟ་བུའི་ཁེ་ཕན་ཤོར་ཉེན་ལ་འཛེམས་ནས་ངོ་རྒོལ་བྱེད་མཁན་རིགས་ཤིག་དང། རྒྱུ་མཚན་གང་ཡང་མེད་བཞིན་ཀླད་རྙིང་མཁྲེགས་འཛིན་དང་གཡམ་རྒྱུག་ཁོ་ནའི་ཐོག་ནས་ངོ་རྒོལ་བྱེད་མཁན་གྱི་རིགས་ཡོང་གི་ཡོད་ཀྱང། མི་རིགས་དེ་དང་ཡུལ་ལུང་དེའི་ད་ལྟ་དང་འབྱུང་འགྱུར་གྱི་ཕུག་རྒྱང་རིང་པོའི་བདེ་སྡུག་དང་ལོ་རྒྱུས་ལ་འགན་ཁུར་བའི་བསམ་བློའི་ཐོག་ནས་ངོ་རྒོལ་བྱེད་མཁན་གྱི་རིགས་ཀྱང་ཡོང་གི་ཡོད་པར་བརྟེན། ཆོས་ལུགས་དང་ཤེས་རིག་གསར་པ་དར་སྤེལ་བྱེད་མཁན་གྱི་དམིགས་ཡུལ་དང་ཆབ་སྲིད་ཀྱི་ཀུན་སློང་ལ་ཡང་བསམ་གཞིག་བྱ་དགོས་པ་མ་གཏོགས། སྐྱོན་ཆ་ཡོངས་རྫོགས་བཀག་འགོག་བྱེད་མཁན་གྱི་སྟེང་ལ་གཡོགས་པ་ནི་ཉམས་ཞིབ་འཐུས་སྒོ་ཚང་བའི་ཐག་གཅོད་ཅིག་གཏན་ནས་མ་ཡིན་སྙམ།
དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པ་དང་བཞི་བཅུ་པའི་ནང་བོད་ཀྱི་སྤྱི་ཚོགས་ཁྲོད་དབྱིན་ཇིའི་སྐད་ཡིག་དང་ཤེས་རིག་གསར་པ་དར་འཕེལ་ཡོང་བར་འགོག་རྐྱེན་ཞིག་བྱུང་ཡོད་ལ། འགོག་རྐྱེན་བྱེད་མཁན་གཙོ་བོ་བོད་ཀྱི་གདན་ས་ཁག་གི་བླ་མ་གྲྭ་པ་ཚོ་ཡིན་པ་བོད་ཀྱི་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་གཅིག་གྱུར་གྱིས་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་གདན་ས་ཁག་གི་བླ་མ་དང་གྲྭ་པས་བཀག་འགོག་བྱས་པ་རེད་ཅེས་བཤད་པར་རྒྱུ་མཚན་བཤད་སྟངས་མ་འདྲ་བ་འགའ་ཤས་ཡོད་པ་ནི་ཆ་ཚང་བ་དང་གནད་ལ་ཐིངས་པ་ཞིག་གཏན་ནས་མ་ཡིན་ཏེ།
༡༽ རིགས་ཤིག་གིས་བོད་ཀྱི་གདན་ས་ཁག་ཏུ་ཆོས་ལུགས་ཙམ་མ་གཏོགས་སྤྱིར་བཏང་གི་སློབ་སྦྱོང་ལ་དོ་སྣང་མེད་པས་ཆོས་ལུགས་མ་ཡིན་པའི་ཤེས་རིག་གསར་རྙིང་གང་ཡིན་ཡང་བོད་དུ་དར་འཕེལ་ཡོང་བར་དགོན་པ་ཁག་གིས་ངོ་རྒོལ་བྱེད་པ་རེད་ཟེར་ཡང། དོན་དངོས་སུ་སྔ་མོ་ནས་བོད་ཀྱི་གདན་ས་ཁག་ཏུ་ཆོས་ཀྱི་ཉམས་ལེན་དང། ལྟ་གྲུབ། མཚན་ཉིད་རིག་པའི་གཞུང་ལུགས། སྲོལ་རྒྱུན་གྱི་སྨན་རྩིས་དང་སྐད་ཡིག་གི་རིག་གནས། རྩོམ་རིག་སྒྱུ་རྩལ། བཟོ་རིག་ལག་རྩལ་བཅས་ཆོས་ལུགས་དང་ཆོས་ལུགས་མ་ཡིན་པའི་རིག་གནས་སྣ་མང་དར་ཁྱབ་ཆེན་པོ་བྱུང་ཡོད་པར་མ་ཟད། མང་ཚོགས་ཀྱི་སྡེར་བོད་ཀྱི་སྐད་ཡིག་གིས་མཚོན་པའི་རིག་གནས་གཞན་དག་སློབ་སྦྱོང་བྱེད་སའི་གཞུང་སྒེར་གྱི་སློབ་གྲྭ་ཇི་སྙེད་བྱུང་ཡོད་ཀྱང། དེ་དག་ཆོས་ལུགས་མ་ཡིན་པའི་རིག་གནས་སློབ་སྦྱོང་བྱེད་མཁན་ཡིན་པའི་རྒྱུ་མཚན་གྱིས་གདན་ས་ཁག་གིས་སྒོ་བརྒྱབས་པ་དང་གནོད་ཤུགས་སྤྲད་པ་གཅིག་ཀྱང་བྱུང་མེད་པས་བཤད་ཚུལ་དེ་ཁུངས་འཁྱོལ་བ་ཞིག་མིན།
༢༽ རིགས་ཤིག་གིས་བོད་ཀྱི་གདན་ས་ཁག་གི་མཁས་པ་དང་དབང་འཛིན་པ་རྣམས་ཕྱི་རྒྱལ་གྱི་རིག་གནས་དང་ཤེས་ཡོན་ལ་མི་དགའ་བའི་རྒྱུ་མཚན་གྱིས། དབྱིན་ཇིའི་སྐད་ཡིག་དང་ཤེས་རིག་གསར་པ་བོད་དུ་དར་མ་བཅུག་པ་རེད་ཟེར། དེ་ལྟར་ན་སྔ་མོ་ནས་བོད་དུ་གོར་ཥའི་སྐད་ཡིག་དང། རྒྱ་ནག་གི་སྐད་ཡིག། ཁ་ཆེ་ཨ་རབ་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སའི་སློབ་གྲྭ་ཡོད་པ་དེ་དག་ཀྱང་བོད་ཀྱི་གདན་ས་ཁག་གིས་བཀག་འགོག་བྱས་ཏེ་ཤུལ་མེད་དུ་བཏང་དགོས་པ་ཡིན་ཡང། སློབ་གྲྭ་དེ་དག་ལ་བོད་ཀྱི་དགོན་སྡེ་ཁག་གིས་བཀག་འགོག་བྱས་པའི་ལོ་རྒྱུས་མེད། ལར་ནས་བོད་ཀྱི་བླ་མ་དང་གྲྭ་པ་རྣམས་ཀྱིས་རང་གི་ཚེ་སྲོག་ལས་ཀྱང་བརྩི་མཐོང་ཆེན་པོ་ཞུ་སའི་ཆོས་ལུགས་དང་རིག་གནས་ཕལ་ཆེ་བ་རྒྱལ་ཁབ་གཞན་པ་ནས་བོད་ལ་བསྒྱུར་ཡོང་བ་ཤ་སྟག་ཡིན་པས། བོད་ཀྱི་གདན་ས་ཁག་གི་མཁས་པ་དང་དབང་འཛིན་པ་རྣམས་རྒྱལ་ཁག་གཞན་པའི་ཤེས་རིག་ལ་མི་དགའ་ཟེར་བ་ཡང་ཁུངས་འཁྱོལ་བའི་སྐད་ཆ་ཞིག་གཏན་ནས་མིན།
༣༽ རིགས་ཤིག་གིས་བོད་ཀྱི་གདན་ས་ཁག་གི་མཁས་པ་དང་དབང་འཛིན་པ་རྣམས་ཕྱི་རྒྱལ་པ་ལ་མི་དགའ་བས་ཕྱི་རྒྱལ་གྱི་སྐད་ཡིག་དང་ཤེས་རིག་གསར་པ་བོད་དུ་དར་མ་བཅུག་པ་རེད་ཟེར་ཡང། ཁོང་རྣམས་ཀྱིས་བོད་ཀྱི་མཁས་པ་ལས་ཀྱང་ཕྱིའི་མཁས་པ་ཁུངས་བཙུན་པར་བརྩི་བ་རྟོགས་སླ་ཞིང། བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་དབྱིན་ཇི་པ་དང། ཉིན་ཧོང་པ། རུ་སུ་པ། འཇར་མན་པ་བཅས་ཕྱི་རྒྱལ་པའི་ཞི་དྲག་གི་མི་སྣ་མང་པོ་བོད་དུ་ཡོང་བ་རྣམས་ལས་ཆབ་སྲིད་ཀྱི་ཐད་ནས་དོགས་ཟོན་བྱ་དགོས་པའི་རིགས་མ་གཏོགས། གཞན་དག་རྣམས་ཕྱི་རྒྱལ་པ་ཡིན་པའི་རྒྱུ་མཚན་གྱིས་མ་དགའ་བ་དང་སྡང་པོ་བྱས་པ་མེད།
གཞན་ཡང། བོད་ཀྱི་གདན་ས་ཁག་གི་དབང་འཛིན་པ་རྣམས་ཀྱིས། ལྷ་སར་གཞུང་ཞབས་ཀྱི་བུ་ཕྲུག་མང་པོ་དབྱིན་ཡིག་སློབ་གྲྭར་བཏང་ཚེ་ཁོང་ཚོ་ལྟ་སྤྱོད་བསྒྱུར་ཏེ་གདན་ས་ཁག་གི་སྦྱིན་བདག་ཤུགས་ཞན་དུ་འགྲོ་རྒྱུར་མ་ཟད། མ་འོངས་པར་བུ་ཕྲུག་དེ་ཚོས་སྲིད་ཀྱི་དབང་འཛིན་བྱེད་སྐབས་བོད་ཀྱི་བསྟན་པ་དང་ཆབ་སྲིད་ལ་དེ་བས་ཀྱང་གནོད་པ་ཆེན་པོ་ཡོང་ངེས་ཡིན་པའི་གནས་ལུགས་བཤད་ནས་དགག་བྱ་བྱས་པ་རེད་ཅེས་དང། སྐབས་དེའི་རྒྱ་ནག་གི་སྐུ་ཚབ་ཤེན་ཟེར་བ་སོགས་ཀྱིས་སྐུལ་སློང་བྱས་ནས་དབྱིན་ཇིའི་སློབ་གྲྭ་དེ་སྒོ་རྒྱག་ཏུ་བཅུག་པ་རེད་ཅེས་པ་ལ་རྒྱུ་མཚན་ངེས་ཅན་རེ་ཡོད་སྲིད་ཀྱང། སྐབས་དེར་གདན་ས་ཁག་གི་བླ་མ་དང་གྲྭ་པ་ཚོར་ལྷ་ས་ཁུལ་དུ་ཁ་ཆེ་ཨ་རབ་ཀྱི་སྐད་ཡིག་དང་དེའི་བརྒྱུད་ལམ་ནས་ཀོ་རན་ལ་སློབ་སྦྱོང་བྱེད་འཇུག་པའི་སྤོབས་པ་ཡོད་ན། དབྱིན་ཇིའི་སྐད་ཡིག་ཙམ་སློབ་སྦྱོང་སྤྲོད་པ་ལ་དེ་ཙམ་དངངས་སྐྲག་བྱེད་དགོས་པའི་རྒྱུ་མཚན་མེད་པ་ལྟ་བུ་ཡིན་ཡང། སྐབས་དེར་དབྱིན་ཇི་པས་བོད་ཐོག་ལ་སྲིད་བྱུས་ནི་ལྷག་བསམ་ཡོད་པ་དང་ཁ་གསལ་གཏིང་གསལ་ཅན་ཞིག་མིན་པས། སྐབས་དེར་དབྱིན་ཇི་པ་ཚོར་ཐོག་མར་སྐད་ཡིག་སློབ་ཁྲིད་ཀྱི་གོམ་སྟབས་ནས་བོད་ཀྱི་སེམས་ཁམས་དང་རིག་གཞུང་ཡོངས་རྫོགས་ལ་དབང་བསྒྱུར་བྱ་བའི་ཆབ་སྲིད་ཀྱི་ཀུན་སློང་གཡོ་སྒྱུ་ཅན་ཞིག་ཡོད་སྲིད་པས། བོད་ཀྱི་བླ་མ་གྲྭ་པ་ཚོར་དངངས་སྐྲག་བྱེད་སའི་དབྱིན་ཇི་པའི་སྲིད་བྱུས་མངོན་གསལ་མིན་པ་གཞན་ཅི་ཞིག་ཡོད་སྲིད་པར་ཡང་དཔྱད་ཞིབ་བྱ་དགོས།
གང་ལྟར་ཡང་ཕྱི་ལོ་ ༡༩༢༣ ལོར་རྒྱ་གར་དབྱིན་ཇིའི་སྲིད་གཞུང་གི་ལས་བྱེད་ཧྥི་རན་ཁི་ལ་ཌི་ལོའ་ཡིས་རོགས་རམ་འོག་རྒྱལ་རྩེར་བཙུགས་པའི་དབྱིན་ཇིའི་སློབ་གྲྭ་དང། ཕྱི་ལོ་ ༡༩༤༤ ལོར་དབྱིན་ཇིས་སྐུལ་སློང་བྱས་པར་ལྷ་སར་བཙུགས་པའི་དབྱིན་ཇིའི་སློབ་གྲྭ་གཉིས་ཀ་རིམ་བཞིན་ལོ་ཤས་དང་བདུན་ཕྲག་་འགའ་ཤས་ལས་གནས་ཐུབ་མེད། འོན་ཀྱང་དེ་ནི་གདན་ས་ཁག་གི་བླ་མ་གྲྭ་པ་རྣམས་ཆོས་ལུགས་ལ་ཞེན་འཁོག་ཆེ་དྲགས་པ་དང། ཀླད་རྙིང་མཁྲེགས་འཛིན་གྱི་དབང་གིས་རེད་ཅེས་ལས་སླ་པོས་བསྡོམས་བརྒྱབ་ཆོག་པ་ཞིག་ཨེ་ཡིན་ནམ་སྙམ་པའི་དོགས་པ་ཞིག་རང་བཞིན་གྱིས་འབྱུང།
སྐབས་དེར་ལྷ་སའི་སྤྱི་ཚོགས་ཁྲོད། ལྷ་ས་དག་པའི་ཞིང་ལ། །མ་དག་དབྱིན་ཇིའི་སློབ་གྲྭ། །ཞེས་གྲགས་པ་ལྟར་དབྱིན་ཇིའི་སློབ་གྲྭའི་ཐོག་གདན་ས་ཁག་གིས་གཞན་དག་དང་མ་འདྲ་བར་ཚོར་ཤུགས་ཆེན་པོས་དགག་པ་བྱས་ཡོད་སྲིད་ཀྱང། འདི་ལྟར་དགག་བྱ་བྱེད་པ་ནི་དབྱིན་ཇིའི་སྐད་ཡིག་དང་ཤེས་ཡོན་བོད་དུ་དར་བ་ལ་ཐུགས་མོས་མེད་པའི་རྒྱུ་མཚན་གྱིས་མ་ཡིན་པར། དབྱིན་ཇིའི་སྐད་ཡིག་གི་བརྒྱུད་ལམ་ནས་བོད་དུ་དར་ཁྱབ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་བསམ་སྤྱོད་གོམས་གཤིས་ངན་པའི་རིགས་མང་པོ་ཞིག་བཀག་སྡོམ་བྱ་དགོས་པ་གཟིགས་ཀྱི་ཡོད་པ་འདི་རྒྱུ་མཚན་ཞིག་ཡིན་ངེས་ལ། རྒྱུ་མཚན་གཞན་ཞིག་ནི་རྒྱ་གར་པའི་སྤྱི་ཚོགས་ནང་དབྱིན་ཇིའི་སྲིད་གཞུང་གིས་དབྱིན་ཇིའི་སྐད་ཡིག་སློབ་ཁྲིད་བྱས་པ་བརྒྱུད། རིམ་གྱིས་རྒྱ་གར་པའི་སྐད་ཡིག་དང། ཤེས་ཡོན་རིག་གཞུང། སྲོལ་རྒྱུན་གྱི་བསམ་བློ་དང་གོམས་གཤིས་བཟང་པོ་བཅས་ཤུལ་མེད་བཏང་སྟེ། རྒྱ་གར་པའི་མི་རྣམས་ཤ་མདོག་དང་གདོང་དབྱིབས་ཙམ་མ་གཏོགས་འཚོ་བའི་རྒྱུན་སྤྱོད་ཀྱི་སྐད་ཡིག་དང། བསམ་བློ། སྤྱོད་ལམ་ཡོངས་རྫོགས་དབྱིན་ཇི་པ་ཞིག་ཏུ་བསྒྱུར་བའི་ཤེས་ཡོན་སྲིད་བྱུས་གདུག་རྩུབ་ཆེ་ལ་གཡོ་ཐབས་ལྡན་པ་ཞིག་ལག་བསྟར་བྱས་ཡོད། རྒྱ་གར་པའི་མཁས་པ་མང་པོ་ཞིག་གིས་ཤེས་ཡོན་སྲིད་བྱུས་དེ་ལ་ཤིན་ཏུ་དངངས་འཚབ་ཆེན་པོས་དགག་བྱ་མཛད་ཡོད་པས། བོད་ཀྱི་གདན་ས་ཁག་གི་བླ་མ་དང་གྲྭ་པ་ཚོ་ལ་ཡང་རྒྱ་གར་པའི་མཁས་པ་ཚོར་བྱུང་བའི་དངངས་འཚབ་དེ་བྱུང་ཡོད་མི་སྲིད་པ་གཏན་ནས་མིན། སེམས་ཚོར་འདི་ནི་སྐབས་དེེར་བོད་དུ་དབྱིན་ཇིའི་སྐུལ་སློང་འོག་ཏུ་བཙུགས་པའི་སློབ་གྲྭ་སྔ་ཕྱི་གཉིས་ཀར་བཀག་འགོག་བྱ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཡིན་ངེས་ལ། གཞི་རྩ་ནས་སྐབས་དེར་དབྱིན་ཇི་པས་བོད་ཐོག་ལག་བསྟར་བྱས་པའི་སྲིད་བྱུས་ཡོངས་རྫོགས་སྤུ་གྲིའི་རྩེ་མོའི་སྦྲང་རྩི་ལྟར་དོགས་པ་བྱེད་དགོས་པ་ཤ་སྟག་ཡིན་པ་ལས། ཁ་ཞེ་གཉིས་མེད་དང་ལྷག་བསམ་རྣམ་དག་གིས་བོད་ལ་ཕན་ངེས་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་ཅི་ཞིག་ཡོད།
སྐབས་དེར་བོད་ཀྱི་སྤྱི་ཚོགས་ཁྲོད་དབྱིན་ཇི་པའི་ལྟ་སྤྱོད་དང་ཁ་གསལ་མེད་པའི་སྲིད་བྱུས་ལ་མ་དགའ་བ་བྱེད་པ་ནི་བོད་ཀྱི་གདན་ས་ཁག་གི་བསམ་བློ་མི་ཐོངས་པའི་གྲྭ་པ་འགའ་ཤས་ཀྱི་བསམ་ཚུལ་རྐྱང་པ་ཞིག་གཏན་ནས་མིན། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་རྣམ་ཐར་ནང་དུ་ཡང། ཆུ་སྲིན་རྒྱལ་མཚན་གྱི་སྡེ་རིས་སུ་གཏོགས་པའི་དབྱིན་ཇིའི་རྒྱལ་ཁབ་ཅེས་པ་སོགས་དབྱིན་ཇིའི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལམ་ལུགས་མང་པོ་ཞིག་བདུད་ཀྱི་ལས་སུ་གཏོགས་པ་ཡིན་པའི་ཚིག་གསལ་ཁ་ཅན་མང་པོ་ཡོད་ལ། གནས་ཆུང་ཆོས་རྒྱལ་ཆེན་པོས་ཀྱང། དམ་སྲི་འབྱུང་པོས་རྒྱུད་བསྐུལ་ཏེ། །ལྟ་ལོག་དབྱིན་ཇིའི་མི་ནོར་དཔུང། །གངས་རིས་བསྐོར་བའི་ཁ་བའི་ལྗོངས། །ཧང་ཤེད་དཔུང་ངོམས་འདི་ཉིད་ཀྱང། །ཞེས་སོགས་འཁོད་པའི་ཐོག་ནས་སྐབས་དེའི་བོད་ཀྱི་མཐོ་རིམ་མི་སྣའི་ཁྲོད་དུ་དབྱིན་ཇི་པའི་ཐོག་ལྟ་ཚུལ་གང་འདྲ་འཛིན་གྱི་ཡོད་མེད་གསལ་པོར་མཚོན་ཐུབ་ཡོད་སྙམ།
༸རྒྱལ་དབང་བཅུ་གསུམ་པའི་རྣམ་ཐར་ངོ་མཚར་རིན་ཕྲེང་སོགས་སུ་ཞིབ་ཕྲ་གསལ་མིན་ལ་མ་ལྟོས་པར་རྒྱལ་རྩེའི་དབྱིན་ཇིའི་སློབ་གྲྭ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་གསར་འཛུགས་གནང་བ་ཡོངས་གྲགས་ལྟ་བུར་གྱུར་ཡོད། རྒྱལ་རྩེའི་དབྱིན་ཇིའི་སློབ་གྲྭ་འདི་༸རྒྱལ་དབང་མཆོག་གིས་བཙུགས་པའི་དབང་དུ་བྱས་ཀྱང། དབྱིན་ཇིའི་སློབ་གྲྭ་འདི་བརྒྱུད་ནས་བོད་ལ་དགོས་ངེས་མཁོ་ངེས་ཀྱི་ཤེས་རིག་དང་ལག་རྩལ་མང་པོ་ནང་འདྲེན། བོད་ཀྱི་ཕྱི་འབྲེལ་ཁོར་ཡུག་སྔར་ལས་རྒྱ་བསྐྱེད་དང་སྟབས་ཇེ་བདེ་ཡོང་བ། མདོར་ན། བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར་རིག་གནས་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་སྐུལ་འདེད་ཐུབ་པར་ཐུགས་རེ་གནང་ཡོད་ངེས་ཀྱང། དོན་དངོས་སུ་རྒྱ་གར་དབྱིན་ཇིའི་སྲིད་གཞུང་དང་འབྲེལ་བ་ཆེ་ཞིང་འགྲོགས་འདྲིས་གཏིང་ཟབ་ཡོད་མཁན་དམག་སྤྱི་ཚ་རོང་བ་སོགས་ཀྱིས་དབྱིན་ཇི་དང་ངན་འབྲེལ་བྱས་ཏེ་༸རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་ཀྱི་སྐུ་དབང་འཕྲོག་རྒྱུ་དང། བོད་གཞུང་མགོ་རྟིང་སློག་རྒྱུའི་ལྐོག་ཇུས་གཤམ་གྱི་ཡོད་པའི་གསང་བའི་མཐིལ་བརྡོལ་བ་ནི། ༸རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་དབྱིན་ཇི་པ་དང་དེའི་སྐུལ་སློང་འོག་ཏུ་ལག་བསྟར་བྱེད་བཞིན་པའི་ལས་གཞི་ཁག་ལ་ཐུགས་དོགས་འབྱུང་གཞིར་གྱུར་ཡོད་པ་གོར་མ་ཆག་སྟེ། སེར་མོ་བའི་རྒྱལ་ཁབ་ཀྱི་ཉམས་འཇིག་ཅེས་པར། གང་ཉིད་ནས་ཕྱི་ལོ་ ༡༩༢༣ ལོར་རྒྱལ་རྩེར་དབྱིན་ཇི་པ་ཕེ་རན་ཁེ་ལུ་ཌོ་ཡིས་དགེ་རྒན་བྱས་པའི་དབྱིན་ཇིའི་སློབ་གྲྭ་ཞིག་འཛུགས་གནང་མཛད། འོན་ཀྱང་ཕྱི་ལོ་ ༡༩༢༤ ལོར་རྒྱལ་དབང་རིན་པོ་ཆེ་དམག་དོན་གྱི་ཚོགས་སྡེ་ལ་མི་མཉེས་པ་བྱུང་རྗེས་དེ་སྔའི་མཛད་ཕྱོགས་རྣམས་མེད་པ་བཟོ་གནང་མཛད། ཅེས་བྲིས་ཡོད་པ་ལས་རྒྱལ་རྩེའི་དབྱིན་ཇིའི་སློབ་གྲྭ་མཇུག་བསྡུ་བ་དེ་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་ཡོངས་སུ་འགལ་བ་ཞིག་མིན་པ་དོན་གྱིས་རྟོགས་ཐུབ།
དེ་ཙམ་མ་ཟད་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་མཁས་པ་དང་གསར་བརྗེ་པའི་སྙན་གྲགས་ཆེན་པོ་ཡོད་པའི་དགེ་འདུན་ཆོས་འཕེལ་གྱིས་ཀྱང། གཞན་ཕན་སྙིང་རྗེའི་སྣུམ་དང་བྲལ་ན་ཡང། །རིག་རྩལ་ཐབས་མཁས་གློག་གི་ཆོ་འཕྲུལ་གྱིས། །དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་པ། །སྐྲ་སེར་སྤྲེའུའི་རིགས་ལ་དོགས་ཟོན་མཛོད། །ཅེས་སྐྲ་སེར་པོའི་རིགས་ཀྱི་མིའི་རིན་ཐང་གི་ལྟ་ཚུལ་དང་བསམ་སྤྱོད་གོམས་གཤིས་ལ་བསྡོམས་ཆེན་པོ་ཞིག་བརྒྱབས་པར་མ་ཟད། མི་རིགས་འདི་དྲང་པོའི་མི་ལ་འཁྱོག་པོའི་ལམ་སྟོན་མཁན་ཞིག་ཡིན་པས་དོགས་ཟོན་བྱ་དགོས་པའི་སློབ་སྟོན་མཛད་ཡོད། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་དགེ་འདུན་ཆོས་འཕེལ་གཉིས་ནི་དུས་རབས་གོང་མའི་བོད་མི་ཤེས་རིག་གསར་པ་ལ་ཐུགས་སྣང་ཆེ་ཤོས་ཡོད་མཁན་གཉིས་ཡིན་ཡང། ཁོང་གཉིས་ཀས་དབྱིན་ཇི་པའི་བསམ་སྤྱོད་གོམས་གཤིས་ལ་ཐུགས་མོས་མེད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་ཡོད་པ་འདིས། བོད་ཀྱི་གདན་ས་ཁག་གིས་གཙོས་མང་པོ་ཞིག་གི་བསམ་བློའི་ནང་དབྱིན་ཇིའི་སྐད་ཡིག་དང་ཤེས་རིག་དང་ལེན་མི་བྱེད་པར་ཁག་མི་འདུག་སྙམ་པའི་རྒྱུ་མཚན་སྣོན་མ་ཞིག་བསྟན་ཡོད་ལ། བོད་མི་མང་ཚོགས་སྤྱི་བྱིངས་ལ་བསམས་ན་བཙན་རྒྱལ་བ་དང་བཙན་འཛུལ་བྱེད་མཁན་གྱི་རིང་ལུགས་དང་ཤེས་རིག་ལ་བློ་མོས་ཡོང་དཀའ་བ་འགྲོ་བ་མིའི་གཞི་རྩའི་རྒྱུན་ཤེས་ལྟ་བུ་ཞིག་ཡིན་པས། ད་ལྟའི་གནས་བབ་དང་ལྟ་ཚུལ་རྐྱང་པའི་ཐོག་ནས་ཁོང་ཚོར་ཉེས་འཛུགས་བྱེད་རྐྱང་མི་བྱ་བར་ཁོང་ཚོའི་ཚོར་བ་དེ་རང་སྟེང་དུ་བླངས་ནས་ལྟ་ཐུབ་དགོས་པ་ཤིན་ཏུ་གལ་ཆེ།
གཞན་ཡང། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པ་ནས་བཟུང་ད་བར་མཚམས་མ་ཆད་པར་བོད་ཀྱི་མཁས་པ་རྒན་པ་མང་པོ་ཞིག་གིས་དེང་རབས་རྩོམ་རིགས་བོད་དུ་དར་འཕེལ་ཡོང་བར་དགག་བྱ་མཛད་ཀྱི་ཡོད་པ་ཡང། ཁོང་རྣམས་ཀྱིས་དེང་རབས་རྩོམ་རིགས་བརྒྱུད་ནས་གཞན་པའི་བསམ་སྤྱོད་དང་གོམས་གཤིས་ངན་པའི་རིགས་བོད་དུ་དར་བ་ཉེན་ཁ་ཆེན་པོར་གཟིགས་ཀྱི་ཡོད་པས་ཡིན་པ་མ་གཏོགས། རྩོམ་རིག་སྒྱུ་རྩལ་ཡིན་པའི་ངོ་བོའི་ཆ་ནས་བོད་དུ་དར་ཁྱབ་འགྲོ་བར་བཀག་འགོག་མཛད་པ་གཏན་ནས་མིན། མཁས་དབང་ཁོང་རྣམས་ཀྱིས་བོད་ཀྱི་གནའ་སྲོལ་བཟང་པོ་རྣམས་གཞན་པའི་རིག་གཞུང་གི་བཙན་འཛུལ་དང་ཤུགས་རྐྱེན་གྱི་འོག་ཏུ་ཉམས་བརླག་ཏུ་མི་འགྲོ་བའི་དགོས་པ་ཆེན་པོ་ཞིག་གི་དོན་དུ། དེང་རབས་རྩོམ་རིགས་དང་དེ་དང་རྗེས་སུ་མཐུན་པའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རིག་གནས་སོགས་ལ་ཡང་རང་བཞིན་གྱིས་རྣམ་འགྱུར་མཁྲེགས་པོ་འཛིན་དགོས་བྱུང་བ་ཡིན་པ་ལས། ཚུལ་དང་མཐུན་པའི་རིག་གནས་དང་ཤེས་ཡོན་ལ་རྒོལ་བ་བྱེད་པའི་གཤིས་ཀ་ཁོང་ཚོའི་ཐུགས་རྒྱུད་ལ་ཡེ་ནས་མེད། དཔེར་ན། བོད་ནང་དུ་ཨ་ལགས་དོར་ཞི་གདོང་དྲུག་སྙེམས་པའི་བློ་གྲོས་ཀྱིས་དེང་རབས་རྩོམ་རིག་དང་སྤྱི་ཚོགས་ཀྱི་རིག་གནས་མང་པོ་ཞིག་ལ་དགག་པ་ཤུགས་ཆེན་པོ་བསྐྱོན་ཡོད་ལ། བོད་ཕྱི་ལོགས་སུ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་དེང་རབས་ཀྱི་རྩོམ་རིག་དང་བསམ་བློ་གཉིས་ཀ་ལ་དགག་པ་ཤུགས་ཆེན་པོ་མཛད་ཡོད།
ལྷག་པར་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གཙོས་བོད་ཀྱི་སློབ་གསོ་བ་མཁས་པ་མང་པོ་ཞིག་གིས་སྔ་མོ་དབྱིན་ཇིའི་སློབ་གསོ་པ་ལོ་ཊི་མར་ཀེ་ལིས་རྒྱ་གར་གྱི་སྤྱི་ཚོགས་ནང་ལག་བསྟར་བྱས་པའི་ཤེས་ཡོན་སྲིད་བྱུས་དེ་བོད་ཀྱི་སློབ་གྲྭ་ཁག་གི་ནང་དུ་ལག་བསྟར་བྱས་དང་བྱེད་བཞིན་པར་ཕྱི་ལོ་བརྒྱད་ཅུ་གྱ་གྲངས་ནས་དགག་པ་ཤུགས་ཆེན་མཛད་ཡོད་ལ། བར་ལམ་ནས་བོད་རང་གི་ཁྱད་ཆོས་ལྡན་པའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གྲོས་ཚོགས་བརྒྱུད་གཏན་ལ་ཕབ་སྟེ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ཏུ་ལག་བསྟར་ཡོང་བར་འབད་བརྩོན་ཆེན་པོ་གནང་བཞིན་པར་རྒྱུ་མཚན་མེད་པ་གཏན་ནས་མིན། མདོར་ན། དུས་སྐབས་སོ་སོའི་ལོ་རྒྱུས་ནང་བྱུང་བའི་གནས་ཚུལ་འདི་དག་ནི། ཕྱི་ཚུལ་གྱི་རྣམ་འགྱུར་དང་བྱེད་ཐབས་ལ་མ་འདྲ་བའི་ཁྱད་པར་ཕྲན་བུ་ཙམ་མ་གཏོགས། གཞི་རྩའི་དམིགས་ཡུལ་དང་བསམ་བློའི་རྒྱབ་ལྗོངས་ཀྱི་ལྟ་གྲུབ་གཅིག་མཚུངས་ཡིན་ཞེས་བཤད་ཀྱང་ཆོག་གམ་སྙམ།
མཧཱ་གྷན་ངྷི་མཆོག་གིས་ཀྱང་དབྱིན་ཇི་པའི་བཙན་འཛུལ་གྱི་དཔུང་ཤུགས་ལ་ངོ་རྒོལ་བྱས་པ་ཙམ་མ་ཡིན་པར། དབྱིན་ཇི་པའི་ཆབ་སྲིད་དང་འཛིན་སྐྱོང་ལམ་ལུགས། དཔལ་འབྱོར་ལམ་ལུགས། སྤྱི་ཚོགས་དང་ཤེས་ཡོན་གྱི་ལམ་སྲོལ་མང་པོ་ཞིག་ལ་དགག་པ་ཤུགས་ཆེན་མཛད་དེ། དབྱིན་ཇི་པའི་ཞི་དྲག་གི་ལམ་ལུགས་དེ་དག་རྒྱ་གར་པའི་སྤྱི་ཚོགས་ནང་དུ་དར་འཕེལ་ཡོང་བར་མཐའ་གཅིག་ཏུ་དགག་བྱ་མཛད་ཡོད་པ་ནི། དམ་པ་ཁོང་ཉིད་རྙིང་ཞེན་མཁྲེགས་འཛིན་ཆེ་བའི་གནང་བབ་ཅིག་ག་ལ་ཡིན་ཏེ། གྷན་ངྷི་ཁོང་ཉིད་ཀྱི་རང་རྣམ་དང་རྒྱ་གར་རང་སྲིད་རང་སྐྱོང་སོགས་ལ་ཞིབ་ཏུ་བལྟས་ན་ཁོང་གི་དགོངས་པའི་མཐིལ་རྟོགས་ངེས་ཡིན།
ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༩ ཚེས་ ༢༩ སྟེ་རེས་གཟའ་ཉི་མའི་ཉིན་བསྐྱར་ཞིབ་བྱས།
དུས་རབས་དང་བསྟུན་ནས་ཁ་ཕྱོགས་མ་ཐུབ་ན།
སྔོན་གྱི་རྗེས་ལུས་ད་ལྟའི་ཡང་ལུས་དུ་ལྷག།
རྗེས་ལུས་སྤྱི་ཚོགས་ཡང་ལུས་ལྷག་རྒྱུར་ན།
ནམ་ཡང་གསར་བརྗེའི་མདུན་ལམ་སྙེད་པ་དཀའ།
ངས་ད་ལྟ་དྲན་པ་ལྟར་བྱས་ན་བགྲོ་གླེང་ཚོགས་འདུ་དེ་ཟླ་དགུ་པའི་ཚེས་ཤར་ལ་ཡིན་པས་གོང་གསལ་ཡིག་ཆུང་གི་ཚེས་གྲངས་དེ་ནོར་ཡོད་ཚོད་འདུག ངའི་རྩོམ་ཡིག་འདིའི་ནང་དབྱིན་ཇིའི་སློབ་གྲྭ་སྒོ་བརྒྱབས་པ་དེ་འགྲིག་ཡོད་མེད་གཏན་ནས་གླེང་མེད། དེ་གླེང་གཞི་གཞན་པ་ཞིག་ཡིན། སྒོ་བརྒྱབ་དགོས་པའི་རྒྱུ་མཚན་ནི་གདན་ས་ཁག་གི་བླ་མ་གྲྭ་པ་རྣམས་ཀྱིས་ཀླད་རྙིང་མཁྲེགས་འཛིན་བྱས་ནས་སྒོ་བརྒྱབས་པ་རེད་ཅེས་ལས་སླ་པོས་བསྡོམས་བརྒྱབས་ན་འགྲིག་གི་ཡོད་མེད་དང་། ཁོང་ཚོར་ཡང་སྐབས་དེའི་ལོ་རྒྱུས་ཀྱི་གནས་བབ་དང་འབྲེལ་བའི་རྒྱུ་མཚན་སྣ་ཚོགས་ཡོད་སྲིད་པ་ནི་གླེང་གཞི་གཙོ་བོ་ཡིན། འདིའི་ཐད་རྣམ་པ་ཚོར་དགོངས་ཚུལ་མ་འདྲ་བ་སྣ་ཚོགས་ཡོད་ངེས་པས་སུ་ལ་ཡིན་ནའང་རྒྱུ་མཚན་དང་གནས་ལུགས་ཀྱི་ཐོག་ནས་བགྲོ་གླེང་བྱེད་འདོད་ཆེན་པོ་ཡོད།
༼བསྐུང་ཚོགས༽ཞེས་བྲིས་འདུག གསང་བའི་ཚོགས་འདུ་ཞིག་ཡིན་པ་འདྲ། ཡང་ན། ཡི་གེ་ནོར་བ་འདྲ།
སྲིན་པོ་རྫ་རྒན་ལགས། ཁྱེད་ཀྱི་ཐུགས་དག བསྐོང་ཚོགས་ལ་བཅོས་རོགས།
དབྱིན་ཇིའི་སློབ་གྲ་རྒྱུན་ནས་མ་ཐུབ་པའི་རྒྱུ་རྐྱེན་གཙོ་ཅིག་དུས་རབས་བཅུ་་བདུན་པའི་ནང་་གོང་མིན་ཏང་གི་ལྷར་སར་བཅའ་དོན་གཅོད་ཚན་དབྱིང་ཀྲེ་ཡུད་ཀྱི་ངན་སྐུལ་ཐོག་འབྲས་སྤུངདགོན་པའི་ནང་དུ་སྒྲིག་ཁུངས་སུ་ཞུགས་པ་གྲ་པ་ཆོས་མིང་༼ལྦིའི་མིང་སུང༽རྒྱུད་ནས་བོད་ཀྱི་བླ་ཆེན་ཁག་ལ་ངན་སྐུལ་བྱས་ནས་བྱུང་བ་བོད་ཀྱི་བྱུང་རབས་དང་༼བོད་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་༽སོག་ནས་ཤེས་ཐུབ་དེ་ཡང་༡༩༣༨ལོའི་དབྱར་མཇུགཏུ་ལྷ་སའི་ཤར་ཕྱོག་དབྱི་སི་ལམ་ཁ་ཆེའི་བོད་རིགགནས་སྡོད་སྲང་འགག་གཡས་ལ་གོ་མིན་ཏང་གི་སློབ་གྲ་ཞིག་བཙུགས་ནས་སླབ་གཞི་གཙོ་་བོ་རྒྱ་ཡིག་དང་ཀྲུང་ཧ་ང་ཁྱེད་ལ་དགའ་ཟེར་པའོ་རོལ་དབྱང་་ལོ་རྒྱུས་རྒྱུན་ཤེས་འཕྲོད་བརྟན་ལུས་ཙལ་་སླབ་་གཞིའི་ནང་སེང་ནས་བཙན་འཛུལ་ཀྱི་ལམ་ཐོག་མ་དེ་ནས་མགོ་བཙུགས་སྐབས་་དེའི་ནང་ཏག་ཏག་སྲིད་ཀླུ་ཁང་བ་དང་ཞ་སྒབ་དབང་ཕྱུག་བདེ་ལྡན་ལ་སོགས་པའི་བོད་ཀྱི་ཆབ་སྲིད་དང་དམག་དོན་གློག་ལས་ས་གཏེར་སོག་གངཅེའི་ཐད་རང་རྒྱ་འཕེར་ཞིག་གི་མགོ་བཙུགས་བྱུང་ཡང་ཐོར་ཞིག་སུ་སོང་བ་རེད་
ངའི་computer གྱི་ཡོན་ཡིན་ནམ། ཡིག་སྟར་འདོམས་པ་གཉིས་ཙམ་ནག་ཁུང་ནང་ཤར་པས་ཀློག་ཁག་པོ་འདུག འོན་ཀྱང་བསམ་ཚུལ་ཚིག་གཉིས་འབྲི་བར།
སྤྱིར་ན་འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཏེ། རྙིགས་དོར་བཅུད་ལེན་གྱིས་ད་ལྟའི་སྤྱི་ཚོགས་ཀྱི་བདེ་སྐྱིད་ལ། ཡར་རྒྱས་སམ་རྒྱུན་གནས་ཐུབ་པ་ཞིག་ལ་ཕན་གྱི་ཡོད་ན་ལྟ་ལེགས་ཏེ། དེ་ནི་ཟུར་བལྟས་ལེབས་མཐོང་རེད། ད་ལྟའི་འཛམ་གླིང་གི་ཚན་རིག་ཡར་རྒྱས་ཀྱི་མཐུན་རྐྱེན་ལ་བརྟེན་ནས་མཐོང་རྒྱ་དང་ཐོས་རྒྱ། སླེབས་རྒྱ། གཞི་རྩའི་ཁྲིམས་ལུགས། རང་དབང་གི་ལམ་དང་། ལུགས་སྲོལ་བཅས་ཅི་བདེར་སྤྱོད་པའི་སྐབས་ཀྱི་ཚོར་སྣང་ས་གཞིར་སྦྲང་ཆར་མི་འབབ་པའི་ནམ་མཁའ་སྟོང་པའི་འབྲུག་སྒྲ་ལྟ་བུ་ཞིག། འདས་པའི་སྤྱི་ཚོགས། རང་ཡུལ་ལྷ་གནས་སུ་འཛིན། བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། གོས་རང་གོས་ཏེ་སྣམ་བུ་དང་པགས་པ། ཟས་རང་ཟས་ཏེ་ཤ་མར་དང་རྩམ་པར་སྤྱོད། རང་སྐད་དང་རང་ཡིག་ལོངས་སུ་སྤྱོད། ཕྱི་མི་ནང་ལ་མི་གཏོང་། ནང་མི་ཕྱི་ལ་མི་གཏོང་། དགྲ་ལ་ཕར་རྒོལ་མི་བྱེད་པའི་ལྟ་སྒོམ་སྤྱོད་གསུམ་གྱིས་འཚོ། བཞོན་ན་རྟ་དང་གཡག་ལས་མེད། བསྒྲག་ན་ཀི་ཤར་སྒྲོགས་པ་ཞིག་ལས་མེད་པ་ལ། འདི་མ་འགྲིགས། མ་འཐུས། མ་འཇོན། མ་ལེགས་ཞེས་དགག་སྒྲ་ཁོ་ན་སྦྱར་ཏེ་ཉམས་ཞིབ་བྱེད་པ་སྐད་ནི་འུར་བཤད་པ་ཙམ་ལས་དོན་ལ་ཅི་ཡང་མི་ཕན། སྤྱི་ཚོགས་གསར་རྙིང་ངམ། འདས་པ་དང་ད་ལྟ་གཉིས་ཀར་རྒྱུ་མཚན་རེ་ཤོད་རྒྱུ་མེད་པ་མིན། གང་ཡོང་ཅི་ཡོང་ཚང་མས་བྱས་དང་བྱེད་བཞིན་ཡོད། འོ་ན་ད་ལྟའི་རང་རེའི་སྤྱི་ཚོགས་དང་། ཡུལ་ལུང་འགའ་རེའི་ནང་བོད་མི་གྲངས་འབོར་གང་ཙམ་ཡོད་ན་ཡང་། ད་ནས་ལོ་ངོ་ལྔ་བཅུའི་ནང་བོད་སྐད་དང་བོད་ཡིག་མི་ཤེས་པའི་བོད་རིགས་ཁྱུ་གཅིག་ཆགས་རྒྱུར་མོ་ལུང་གང་ཡང་ཞུ་མི་དགོས་པའི་རྗེས་དཔག་ཚད་མ་འདི་ལ་ཕན་པ་གང་ཞིག་བྱ་རྒྱུ་འདུག། འདས་པའི་ཉམས་ཞིབ་བཞག་སྟེ་ད་ལྟར་བསམ་གཞིག་བྱེད་དགོས་པ་ཞིག་མི་འདུག་གམ། མ་འོངས་པའི་ཉམས་ཞིབ་པ་ཚོས་ད་ལྟའི་ང་ཚོར་ཉག་ཉེས་འགེལ་སྲིད་པ་མ་རེད་དམ།
སྔ་མ་དབྱིན་ཇི་དགོས་དུས།།
ཨིན་ཇི་བསླབས་ཀྱང་མི་ཤེས།།
ད་ལྟ་བོད་ཡིག་དགོས་དུས།།
བོད་སྐད་བསླབས་ཀྱང་མི་ཤེས།།
སྔ་མ་དབྱིན་ཇི་དགོས་དུས།།
ཨིན་ཇི་བསླབས་ཀྱང་མི་ཤེས།།
ད་ལྟ་བོད་སྐད་དགོས་དུས།།
བོད་སྐད་བསླབས་ཀྱང་མི་ཤེས།།
རང་རེའི་བླ་མ་དང་དཔོན་པོ་ཚོས།
ཚེས་བཟང་དང་དུས་བཟང་རེ་འགར།།
བོད་ཡིག་དང་བོད་སྐད་ཤེས་དགོས་གསུང་།།
གདམས་ངག་ནི་ཤིན་ཏུ་བཟང་བར་འཁུམས།།
གདམས་པ་དམར་འཁྲིད་མཁན་ཕ་མ་དང་།།
དགེ་རྒན་ནི་ཉིན་སྐར་ལྟར་ཐོ་རེ།།
ཉམས་སུ་ལེན་པའི་སྐལ་ལྐལ་ལྡན་ཉ་མ།།
རྩལ་ན་རྙེད་ཙམ་ནི་ཡོད་ན་ཐང།།
དཔོན་རྣམས་བོད་ཡིག་གི་ཁོར་ཡུག།།
བསྐྲུན་ལ་ཐབས་རང་མི་འདུག་ཟེར་ནས།།
བོད་སྐད་ཤི་བའི་རོ་རྒན་ལྟད་མོ།།
ལྔ་བཅུའི་རྗེས་མཐོང་སྒུག་དང་མཚུངས། །
མཁས་པ་ཡོད་ན་བོད་སྐད་ཚེ་སྒྲུབ།།
ཁ་བཤད་ཆུ་ཡི་ལྦུ་བ་མ་ཡིན།།
ལག་ལེན་གསེར་གྱི་ཐིགས་པ་ཟབ་མོ།།
སྒྲུབ་པའི་དུས་བབ་་ཤེས་ལྡན་ཀྱེ།།
སྐད་ཡིག་ཀུན་ལ་ཡོན་ཏན་ལོས་ཡོད་དེ།།
ཐམས་ཅད་སྤྱི་བོར་བཀུར་བའི་འོས་ལོས་ཡིན།།
གཤམ་གསལ་རྣམས་ནི་བོད་ཀྱི་སྐད་ཡིག་གི།།
ཁྱད་ཆོས་འབའ་ཡིག་ཡིན་ཅེས་བརྗོད་ལ་སྤྲོ།།
བླ་མ་རྣམས་མཆོག་གསུམ་མཆོག་གསུམ་གསུང་།།
མཆོག་གསུམ་གཙོ་བོ་བོད་ཡིག་ནང་ཡོད།།
བླ་མ་རྣམས་ཀུན་སློང་ཀུན་སློང་གསུང་།།
ཀུན་སློང་ནི་བོད་སྐད་ནང་ན་ཡོད།།
བླ་མ་རྣམས་བྱམས་སྙིང་བྱམས་སྙིང་གསུང་།།
བྱམས་སྙིང་ནི་བོད་ཡིག་ནང་ན་ཡོད།།
བླ་མ་རྣམས་ཆོས་འཁོར་ཆོས་འཁོར་བསྐོར།།
ཆོས་འཁོར་ནི་བོད་ཡིག་གི་ནང་ན་ཡོད།།
དགེ་བཤེས་རྣམས་ཐལ་ཐལ་དང་ཕྱིར་ཕྱིར་གསུང་།།
ཐལ་ཐལ་དང་ཕྱིར་ཕྱིར་བོད་སྐད་ནང་ཡོད།།
དགེ་བཤེས་རྣམས་གཞུང་ཆེན་དང་གཞུང་ཆེན་གསུང་།།
གཞུང་ཆེན་ནི་བོད་ཡིག་གི་ནང་ན་ཡོད།།
རབ་བྱུང་རྣམས་སྡེ་སྣོད་དང་སྡེ་སྣོད་གསུང་།།
སྡེ་སྣོད་ནི་བོད་ཡིག་གི་ནང་ན་ཡོད།།
སྔགས་པ་རྣམས་རྒྱུད་སྡེ་དང་རྒྱུད་སྡེ་གསུང་།།
རྒྱུད་སྡེ་ནི་བོད་ཡིག་གི་ནང་ན་ཡོད།།
བཙུན་མ་རྣམས་ཤེར་ཕྱིར་དང་ཤེར་ཕྱིན་གསུང་།།
ཤེར་ཕྱིན་ནི་བོད་ཡིག་གི་ནང་ན་ཡོད།།
སྒོམ་ཆེན་རྣམས་ཏིང་འཛིན་དང་ཏིང་འཛིན་གསུང་།།
ཏིང་འཛིན་ནི་བོད་ཡིག་གི་ནང་ན་ཡོད།།
དཔོན་པོ་རྣམས་རྩ་དོན་དང་རྩ་དོན་གསུང་།།
རྩ་དོན་ནི་བོད་སྐད་དང་བོད་ཡིག་ཡིན།།
དཔོན་པོ་རྣམས་རིག་གཞུང་དང་རིག་གཞུང་གསུང་།།
རིག་གཞུང་ནི་བོད་སྐད་དང་བོད་ཡིག་ཡིན།།
དཔོན་པོ་རྣམས་རང་དབང་དང་རང་དབང་གསུང་།།
རང་དབང་ནི་བོད་སྐད་དང་བོད་ཡིག་ལ་དགོས།།
སྤྱི་འཐུས་རྣམས་བཟང་སྤྱོད་དང་བཟང་སྤྱོད་གསུང་།།
བཟང་སྤྱོད་བོད་ཀྱི་སྐད་ཡིག་ཤེས་ན་བཟང་།།
མི་དམངས་རྣམས་ཆིག་སྒྲིལ་དང་ཆིག་སྒྲིལ་ཟེར།།
ཆིག་སྒྲིག་ནི་བོད་ཡིག་གིས་བསྐྲུན་ནས་ཡོད།།
བླུན་པོ་རྣམས་མཁས་དབང་དང་མཁས་དབང་ཟེར།།
མཁས་དབང་བོད་ཀྱི་སྐད་ཡིག་་ཤེས་ན་མཁས།།
རྒན་པ་རྣམས་ཡ་རབས་དང་ཡ་རབས་ཟེར།།
ཡ་རབས་ནི་བོད་སྐད་གྱི་ནང་ན་ཡོད།།
གཞོན་པ་རྣམས་ལྟད་མོ་དང་ལྟད་མོ་ཟེར།།
ལྟད་མོ་ནི་བོད་ཡིག་ཤེས་ན་ཡོད་དོ།།
བྱིས་པ་རྣམས་ཀ་ཁ་དང་ཀ་ཁ་སྦྱོང་།།
ཀ་ཁ་ནི་བོད་ཡིག་གི་གཞི་རྩ་ཡིན།།
མི་རིགས་ཀྱི་སྲོག་རྩ་སྐད་ཡིག་ཡིན་ཞེས།།
མཁས་བླུན་ནི་ཀུན་ལ་གྲགས་པ་འདི་ལགས།།
མི་རིགས་རེ་ལ་སྐད་ཡིག་རེ།
སྐད་ཡིག་རེ་ལ་ནང་དོན་རེ།
ནང་དོན་ཤེས་ན་སྐད་ཡིག་རེད
ནང་དོན་མ་ཤེས་དུད་འགྲོ་རེད།
དེས་ན་གཞུང་པའི་དུད་འགྲོ་རྣམས་ཀྱིས་སྐད་ཡིག་གི་ནང་དོན་མི་ཤེས་པ་མ་གཏོགས་སྐད་ཡིག་རང་ལྟ་ཤེས་ཀྱི་ཡོད་པ་འདྲ། ཧ་་ཧ་ཧ།
རྣམ་པ་ཚོས་བགྲོ་གླེང་མང་པོ་གནང་བར་བཀའ་དྲིན་ཞུ།
སྐད་ཡིག་མེད་པའི་རྒྱལ་ཁབ།
སྐད་ཡིག་མེད་པའི་མི་རིགས།
སྐད་ཡིག་མེད་ན་དུད་འགྲོ་རེད།
སྐད་ཡིག་མེད་ན་འབུ་སྲིན་རེད།
སྐད་ཡིག་ནོར་བུ་རྒྱལ་ཁབ་ངོ་སྤྲོད་རེད།
སྐད་ཡིག་ནོར་བུ་མི་རིགས་འབྱུང་ཁུང་རེད།
སྐད་ཡིག་ཉམས་ན་རྒྱལ་ཁབ་ངོ་སྤྲོད་རླག།
སྐད་ཡིག་ཉམས་ན་མི་རིགས་འབྱུང་ཁུང་རླག།
གཟུགས་ཀྱི་ནང་ན་མཛེས་པའི་མཐར་ཐུག་སྟེ།།
སྐྱེས་པའི་མིག་ལ་བུད་མེད་གཟུགས་དང་ནི།།
བུད་མེད་མིག་ལ་སྐྱེས་པའི་གཟུགས་་ཡིན་ཀྱང་།།
ང་ཡི་མིག་ལ་བོད་ཀྱི་ཡིག་གཟུགས་མཛེས།།
སྒྲ་ཡི་ནང་ན་སྙན་པའི་མཐར་ཐུག་སྟེ།།
སྐྱེས་པའི་རྣ་བར་བུད་མེད་སྒྲ་དང་ནི།།
བུད་མེད་རྣ་བར་སྐྱེས་པའི་སྒྲ་ཡིན་ཀྱང་།།
ང་ཡི་རྣ་བར་བྱང་སེམས་བོད་སྐད་སྙན།།
དྲི་ཡི་ནང་ན་ཞིམ་པའི་མཐར་ཐུག་སྟེ།།
སྐྱེས་པའི་སྣ་ལ་བུད་མེད་དྲི་དང་ནི།།
བུད་མེད་སྣ་ལ་སྐྱེས་པའི་དྲི་ཡིན་ཀྱང་།།
ང་ཡི་སྣ་ལ་དཀར་འཕྱུར་དྲི་མ་ཞིམ།།
རོ་ཡི་ནང་ན་བདའ་བའི་མཐར་ཐུག་སྟེ།།
སྐྱེས་པའི་ལྕེ་ལ་བུད་མེད་རོ་དང་ནི།།
བུད་མེད་ལྕེ་ལ་སྐྱེས་པའི་རོ་ཡིན་ཀྱང་།།
ང་ཡི་ལྕེ་ལ་བོད་ཀྱི་རྩམ་པ་བདའ།།
རེག་བྱའི་ནང་ན་འཇམ་པའི་མཐར་ཐུག་སྟེ།།
སྐྱེས་པའི་ལུས་ལ་བུད་མེད་ལུས་དང་ནི།།
བུད་མེད་ལུས་ལ་སྐྱེས་པའི་ལུས་ཡིན་ཀྱང་།།
ང་ཡི་ལུས་ལ་བོད་ཀྱི་ལ་བ་འཇམ།།
ང་དང་ང་ཞེས་ངར་འཛིན་འགོང་པོ་ནི།།
ཐོག་མེད་དུས་ནས་གོམས་པའི་གཤིས་ངན་འདི།།
རྩད་ནས་ཆོད་པར་ད་དུང་ཐག་རིང་བས།།
དེ་བར་རང་གི་སྐད་ཡིག་བདག་པོ་རྒྱོབས།།
གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལྔ།
གཟུགས་ལ་མ་ཆགས་སྟོང་པའོ།
གཟུགས་འཛིན་ཞེན་ཆགས་སྤང་ན་དགའ།
སྒྲ་ལ་མ་ཆགས་སྟོང་པའོ།
སྒྲ་འཛིན་ཞེན་ཆགས་སྤང་ན་དགའ།
དྲི་ལ་མ་ཆགས་སྟོང་པའོ།
དྲི་འཛིན་ཞེན་ཆགས་སྤང་ན་དགའ།
རོ་ལ་མ་ཆགས་སྟོང་པའོ།
རོ་འཛིན་ཞེན་ཆགས་སྤང་ན་དགའ།
རེག་བྱ་ལ་མ་ཆགས་སྟོང་པའོ།
རེག་འཛིན་ཞེན་ཆགས་སྤང་ན་དགའ།
སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས།
བསམ་གཏན་ཤེས་རབས་ཕར་ཕྱིན་དྲུག།
སྦྱིན་པ་གཏོང།
ཚུལ་ཁྲིམས་སྲུངས།
བཟོད་པ་སྒོམ།
བརྩོན་འགྲུས་འབད།
བསམ་གཏན་གནས།
ཤེས་རབས་བསྐྱེད།