བསེ་རུ།
དེ་རིང་གློག་ཀླད་ནང་ལས་ཀ་བྱེད་ཞོར་ཏུ་དབྱིན་དང་ཨིན་སྐོར་ལ་དོགས་མི་བདེ་ཞིང་རང་ཉིད་ལ་སོམ་ཉི་ལྟ་བུར་གྱུར་པས་ལས་འཕྲོ་བཞག་ནས་དབྱིན་དང་ཨིན་སྐོར་གྱི་ཐ་སྙད་རྣམས་ལ་བསམ་བློ་མ་བཏང་ཀ་མེད་དུ་གྱུར། སྔར་ཡོངས་གྲགས་སུ་ཚགས་པར་དང་དུས་དེབ། སློབ་དེབ། ཚིག་མཛོད་སོགས་ཀྱི་ནང་དབྱིན་ཇི་དང། དབྱིན་ཡིག དབྱིན་ཡུལ། དབྱིན་དམག དབྱིན་སྐད། དབྱིན་སྒོར། དབྱིན་བོད། དབྱིན་རྒྱ་སོགས་ཡོངས་གྲགས་སྤྱད་དང་སྤྱོད་མུས་ཡིན་མུར། བར་སྐབས་ཤིག་ནས་བཙན་བྱོལ་ནང་དབྱིན་ཇིའི་ཚབ་ཏུ་ཨིན་ཇི་ཞེས་སྤྱོད་འགོ་ཚུགས་ནས་ད་བར་ཚིག་མཛོད་ཀྱི་ཁ་བྱང་བསྒྱུར་ཞིང་། ཚིག་མཛོད་ནང་གཏན་ལ་ཕབ་ཟིན་པའི་ཐ་སྙད་ཅིག་ཏུ་གྱུར་ཟིན་པ་མ་ཟད། གཞུང་སྒེར་ཁག་གི་དྲ་རྒྱ་དང། གསར་འགྱུར། བརྙན་འཕྲིན་སོགས་ཀྱི་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འབེབས་ལྟར་དེ་ལྟར་སྤྱད་དང་སྤྱོད་མུས་སུ་མཐོང་། འོན་ཀྱང། ངའི་དོགས་གཞི་ནི་དབྱིན་ཇི་དུར་སར་སྦས་ནས་ཨིན་ཇི་གསོན་དུ་རེ་བ་ལྟར། དབྱིན་ཡིག་སོགས་ཨིན་ཡིག་དང་ཨིན་ཡུལ། ཨིན་དམག ཨིན་སྐད། ཨིན་སྒོར། ཨིན་བོད། ཨིན་རྒྱ་སོགས་སུ་གོ་ས་བརྗེ་དགོས་སམ། ཅིི་སྟེ་དེ་ལྟར་བརྗེ་དགོས་ཚེ་བཙན་བྱོལ་ནང་གི་སྨྱུག་ཐོགས་པ་ཚོས་ཐུགས་སྣང་གིས་གཅིག་གྱུར་གྱི་བརྡ་ཆད་ཅིག་ཡོང་ཐབས་ལ་འབད་དགོས་པར་མཐོང་།
ངའི་སེམས་ཁྲལ་ནི་དབྱིན་ཇིའི་ཚབ་ལ་ཨིན་ཇི་འབྲི་ནུས་ཤིང་། དབྱིན་དམག་དང་དབྱིན་ཡུལ་སོགས་ལ་ཨིན་དམག་དང་ཨིན་ཡུལ་སོགས་འབྲི་མི་ནུས་པའི་གང་ཟག་དེ་འདྲའང་གང་མང་མཆིས་པས་འདིར་དྲན་པའི་ལྕག་འདེབས་ཀྱི་ཚུལ་དུ་ཞུ་བར་ཐལ་ལོ།།
བསེ་རུ་ལགས།
དབྱིན་དང་ཨིན་ལ་ཁྱེད་པར་མེད། དོན་གཅིག་མིང་གི་རྣམ་གྲངས་རེད།
ཁྱེད་རང་སེམས་ཁྲལ་མ་བྱེད། སུ་གཅིག་གི་ནོར་འདུག་ཟེར་གྱི་མ་རེད།
རི་བོང་གནམ་རྡིབ་མ་བྱེད་ཨོ་ཀོ།
དབྱིན་ཇི། དབྱིན་སྐད། དབྱིན་ཡིག། དབྱིན་ཡུལ། སོགས་ཐ་སྙད་འདི་ཁུང་བཙན་པ་ནས་འཇུག་འོས་པ་དང་མང་ཚོགས་ནས་ཀྱང་དབྱིན་ཇི་ཟེར་བའི་ཐ་སྙད་འདི་བེད་སྤྱོད་གཏོང་བཞིན་པ་དང།
ཨིན་ཇི་ཟེར་བའི་ཐ་སྙད་འདི་འཚེམས་བཟོ་དང་ཁང་པ་སོགས་བཟོ་མཁན་གྱི་ལག་ཆ་ཐིག་འཐེན་( inch Tape) ལ་འཇུག་འོས་པ་ནི (ཨིན་ཇི་ཊེབ) ཐ་སྙད་འདི་བེད་སྤྱོད་བྱེད་བཞིན་པ་ནས་དབྱིན་དང་ཨིན་གྱི་འཇུག་ཡུལ་ངོས་འཛིན་ཐུབ་དགོས་པ་དང་དོན་དངོས་མི་མང་ནས་ཐ་སྙད་གང་ལ་བེད་སྤྱོད་བྱེད་བཞིན་པ་དེ་ལ་གཏན་འཁེལ་དགོས་པ་ནི་མང་གཙོ་ཟེར་བའི་ཐ་སྙད་ལ་ང་ཚོའི་འགན་འཁུར་དགོས་པ་མ་རེད་དམ།
ལྟད་མོ་ལ་༼དབྱིངས་༽ཞུགས། འདིའི་ཁ་སྐད་ཀྱི་གདངས་དང་། ཨིན་སྒྲ་གཉིས་ལ་ཁྱད་ཡོད་མེད་དང་། མཚུངས་པའི་ཆ་ག་ཚད་ཡོད་མེདལ་དཔྱད་ཅིང་འགྲོ རིགས་འགྲེ་བྱས་པས་ཐག་ཆོད་འགྲོ དོན་དག་གཞན་ཞིག་ནི་རྒྱ་ཡིག་ནས་ཚུར་སྒྲ་སྒྱུར་གྱི་ཤན་ཡོད། དེ་ཙམ་རེད།
དབྱིན་འདི། བྲིས་དཀའ་ལ། ཀློག་རྒྱུ་དེ་བས་ཀྱང་དཀའ། དེས་ན། ཨིན་ཇི་ནི། England and English ཀྱི་བོད་སྐད་གསར་གཏོད་ཅིག་རེད། འོ་ན། inch Tape ལ་ཨིན་ཇི་བྲིས་འདུག་ཟེར་ན། དེ་ཡང་། ཨིན་ཅི་ལ་བཅོས་ན། མི་འགྲིགས་པ་གང་ཡང་མེད་དོ།།
དབྱིན་ཇི་དང་ཨིན་ཇི་ཐ་སྙད་འདི་གཉིས་འཇུག་སའི་ཡུལ་དེེ་གང་ཟག་མ་ཡིན་པ་ཡུལ་ལ་ཡིན་པ་ནས་དབྱིན་དང་ཨིན་གཉིས་དོན་གཅིག་མིང་གི་རྣམས་གྲངས་ཙམ་མོ།
བོད་ནང་དུ་གསར་བྱུང་རྒྱུན་བཀོལ་མིང་མཛོད་སོགས་སུའང་དབྱིན་རང་བྲིས་འདུག །གོམས་ལོབས་སུ་ཡང་སོང་ཟིན་པས་དེ་ལྟར་བྱའོ།།
ངའི་བསམ་ཚུལ་བྱས་ན་ཕལ་ཆེར་དེ་ཤེས་རིག་ལས་ཁུངས་ཀྱི་ཀརྨ་སྨོན་ལམ་གྱིས་བཟོས་པ་རེད་དྲན། སེ་རུར་ཁ་མཆུ་ཡོད་ན་ཁོང་འཚོལ་དུ་སོང་རོགས་ཞུ།
དབྱིན་དང་ཨིན་གཉིས་ལ་ཡི་གེ་སོར་ཡངས་ལོད་ཙམ་ལས་དོན་ལ་ཁྱད་པར་དེ་ཙམ་མི་སྣང་ལ། ཐ་སྙད་འདི་ནི་སྐད་ཡིག་གཞན་ལས་སྒྲ་བསྒྱུར་ (Transliterate) བྱས་པ་ཞིག་ཡིན་པ་ལས་དོན་བསྒྱུར་ (Translation) བྱས་པའི་ཐ་སྙད་ཅིག་མ་རེད་འདོད།
མཁས་དབང་དགེ་ཆོས་ཀྱིས། སྐད་ཡིག་གཞན་གྱི་ཐ་སྙད་བོད་ཡིག་དུ་སྒྲ་སྒྱུར་ (Transliteration) བྱས་སྐབས། མགོ་འདོགས་བརྩེགས་སོགས་མེད་པར་བྲིས་ཚེས་སོར་ཡངས་པ་དང་ཀློག་བདེ་བའི་དགེ་མཚན་ཡོད་གསུངས་པ་དེ་ལ་བདེན་ཁ་མེད་པ་ཅི་ལ་ཡིན། མིང་དང་ཐ་སྙད་རིང་གྲས་ཁག་བོད་སྐད་དུ་སྒྲ་བསྒྱུར་སྐབས་སོར་ཡངས་པོ་མེད་ཚེ་ཀློག་མི་བདེ་བ་དང་། དཔེ་དེབ་དང་གསར་ཤོག་སོགས་གང་ཡིན་རུང་། ཤར་མར་ཀློག་པ་ལ་གེགས་བྱེད་ཀྱི་ཡོད། དཔེར་ན། ལམ་བདེ་མོ་ཞིག་ཏུ་མོ་ཊ་སྐྱིད་པོ་བཏང་ནས་འགྲོ་སྐབས་འགྲིམ་འགྲུལ་དོན་རྐྱེན་ཉེན་འགོག་ཆེད་ས་འབུར་དེ་འདྲ་ཐུག་ན་མགྱོག་ཚད་བཅག་དགོས་པ་དང་། བདེ་པོ་མེད་པ་མུ་མཐུད་འགྲོ་སྙིང་མི་འདོད་པ་སོགས་ཡོང་གི་རེད། དཔེ་དེབ་ཅིག་ཀློག་སྐབས་ཡིན་ནའང་ཟོར་ཡངས་མེད་པའི་ཐ་སྙད་མང་པོ་ཡོད་ན་མུ་མཐུད་ཀློག་འདོད་མེད་པ་ཆགས་འགྲོ་གི་རེད། དཔེར་ན། ངས་རྒྱ་ཡིག་མི་ཤེས་ཙང་། རྒྱ་སྐད་ནས་འགྱུར་བའི་དཔེ་དེབ་འདྲ་ཀློག་སྐབས་ཟོར་ཡངས་པོ་མེད་པའི་རྒྱ་མིང་དང་། ཡུལ་མིང་སོགས་མང་པོ་འཕྲད་སྐབས་རང་བཞིན་གྱིས་སུན་སྣང་སྐྱེས་ནས་མུ་མཐུད་ཀློག་ཐུབ་ཀྱི་མི་འདུག དེར་བརྟེན་ཡུལ་མིང་དང་མི་མིང་སོགས་བོད་ཡིག་ཐོག་ཇི་ཙམ་ཟོར་ཡངས་པ་འབྲི་ཐུབ་ན་དགེ་མཚན་ཆེ་བ་དང་། གུག་རྟགས་དང་ཞབས་མཆན་སོགས་ལ་གང་ནས་བསྒྱུར་བའི་སྐད་ཡིག་དེ་གའི་ནང་ཚིག་དེ་བྲིས་བཞག་ན་འཁྲུལ་གཞི་མི་ཡོང་བའི་དགེ་མཚན་ཡོད། སྤྱིར་བཏང་ཐ་སྙད་ཡག་མི་ཡག་གི་ཚད་གཞི་དེ་དེའི་སྤྱོད་སྒོ་ཆེ་ཆུང་ལ་བལྟ་དགོས་ཀྱི་རེད། དེང་སྐབས་ Corona Virus རིམས་ནད་འདི་གནས་ཚུལ་གླེང་ཆེ་ཤོས་ཤིག་གྱུར་སྐབས་བོད་སྐད་ནང་ཐ་སྙད་ཅིག་དགོས་མཁོ་ཧ་ཅང་ཆེ་བར་སོང་། ཏོག་དབྱིབས་ཟེར་བ་དེ་མཐོང་འཕྲལ་འགྲིག་མིན་དཔྱད་གླེང་གང་ཡང་མེད་པར་ཚང་མས་ཐ་སྙད་འདི་སྤྱོད་མུས་རེད། དགོས་མཁོ་ཡོད་སྐབས་ཐ་སྙད་ཐེབས་ཆག་ཅིག་གི་གོ་ཆོད་འགྲོ་གི་རེད། དེ་ག་ནང་བཞིན་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་དུ་ཐོག་མར་འབྱོར་སྐབས་ཕྱི་ལ་འབྲེལ་བ་བྱེད་རྒྱུ་དང་། ཁ་ཚ་དགོས་གཏུགས་ཀྱི་ཡིག་ཆ་དང་། ཐ་སྙད་གསར་པ་མང་པོ་ཞིག་དགོས་མཁོ་ཆགས་པར་བརྟེན། སྐབས་དེ་དུས་ཞིབ་ཚགས་དཔྱད་པ་དང་བགྲོ་གླེང་བྱེད་རྒྱུ་དུས་ཚོད་མེད་གཤིས་སྒྲ་དོན་གཉིས་ཐད་ཕྲན་བུ་བསྒྱུར་ནོར་བྱུང་བ་ཡོད་རེད། དཔེར་ན། སྡོན་མ་གཞུང་འབྲེལ་ཡིག་ཆ་དང་། ཚགས་པར་སོགས་ཚང་མས་རྡ་རམ་ས་ལ། ཡང་ན། རྡ་ས་ཞེས་ར་ད་བཏགས་རྡ་ཞེས་དག་ཆ་འདི་བྲིས་ཡོད། ཉེ་དུས་ད་ཧ་བཏགས་དྷ་ དྷ་རམ་ས་ལ་ཞེས་པའི་དག་ཆ་འདི་སྐད་གྲགས་ཆེ་རུ་འགྲོ་བཞིན་ཡོད། རྒྱུ་མཚན་གང་ཡིན་ཟེར་ན། དེང་སྐབས་ང་ཚོ་ལ་ཐ་སྙད་འདི་དག་ཟོར་ཡངས་མིན་དང་། འགྲིག་མིན་སོགས་དཔྱད་པ་བྱེད་རྒྱུའི་མི་ཆ་དང་དུས་ཚོད་ཡོད་པ་ལྟ་བུ་རེད། མ་ཚིག་གི་དག་ཆ་ Dharamshala [Dharamśala] འདི་རེད། བྱས་ཙང་སྒྲ་སྒྱུར་གྱི་ཁྲིམས་གཞིར་བཞག་བྱས་ན། དྷ་དང་རྡ་གཉིས་ལས་དང་པོ་དག་པ་དང་། ཚིག་དེ་མཐོང་མ་དག་བོད་ཚིག་མིན་པ་གསལ་པོ་ཤེས་ཡོང་གི་རེད། ད་དུང་དེ་དང་དེ་འདྲ་མང་པོ་ཡོད་རེད། གུས་ནས་འདི་དག་ལེགས་བཅོས་ལྟ་བུ་ཞིག་མཐོང་གི་ཡོད་མ་གཏོགས། སྤྱིར་ན་དག་ཆ་གཏན་ཁེལ་མེད་པ་དེ་བོད་ཡིག་ལ་གནས་ཚུལ་གསར་པ་གང་ཡང་མ་རེད། དག་ཆ་གང་བྲིས་ན་གདམ་ཀ་རེད་ཟེར་བ་དེ་ཚོ་ཚང་མ་དོན་དངོས་ཐོག་གཅིག་འགྱུར་མེད་པའི་གནས་ཚུལ་རེད། དེར་བརྟེན། མཁས་དབང་དགེ་ཆོས་ཀྱི་ལམ་སྟོན་ལྟར། ཨིན་ཇི་བྲིས་ན་ཟོར་ཡངས་པ་དང་། དགེ་མཚན་ཆེ་བ་འདུག་སྙམ། ཨིན་ཞེས་པའི་དག་ཆ་འདི་ཨིན་ཇི་སྐད་ཡིག་ཙམ་མིན་པར་ English / Englend དང་འབྲེལ་བ་ཀུན་ལ་སྤྱོད་འཐུས། སྔོན་མ་ཡིག་ཆ་རྙིང་པ་དབྱིན་སོགས་བྲིས་འདུག་པར་དེ་མུར་སྤྱོད་ན་བཟང་ཟེར་མཁན་ཡོད་ན། སྔོན་མ་དབྱིན་ཞེས་པའི་དག་ཆ་བྲིས་པ་དེ་ད་ཆ་ང་ཚོས་ཁ་ཚ་དགོས་གཏུགས་ཀྱི་ཐ་སྙད་ཀྱི་ཕོངས་ནས་ཏོག་དབྱིབས་ཟེར་བ་འདི་འགྲིག་མིན་ཇི་ལྟར་ཡང་ཚང་མས་བེད་སྤྱོད་བྱེད་བཞིན་པའི་ངང་ཚུལ་འདི་རང་རེད་ཞུ་རྒྱུ་ཡིན། དེང་སྐབས་གཞི་ནས་ཐ་སྙད་གོ་རྒྱུ་ཆེ་བ་དེ་འདྲ་ཐོན་བཞིན་ཡོད་རུང་། འགྱུར་བ་གཏང་དཀའ་མོ་རེད།
ཡི་གེ་སོར་ཡངས་ཞེས་པ་ ཟོར་ཡངས་ལ་བཅོས་རོགས།