མི་ཉག་སྐལ་བཟང་།
སྔོན་ཆད་ང་རང་སཱ་རའི་མཐོ་རིམ་སློབ་གྲྭ་མཐར་ཕྱིན་པ་དང་དུས་མཚུངས། རྨི་ལམ་མངོན་འགྱུར་བྱུང་བ་ལྟ་བུ་ཞིག་གིས་སྤྱི་ལོ་༢༠༠༣ལོར་བོད་ཀྱི་དུས་བབས་ཚགས་ཤོག་ཅིག་གི་སྟེང་དུ་དབྱིན་ཡུལ་བོད་ཀྱི་དགེ་རྩ་ཚོགས་པས་བོད་ཀྱི་སྐད་ཡིག་དགེ་རྒན་ཞིག་གི་ས་དམིགས་གསར་བསྒྲགས་ཤིག་གནང་སྟེ་མཐོང་བ་ཐེངས་དང་པོ་ཡིན། གོ་རིམ་དང་ཆ་རྐྱེན་གཞིར་བཞག་གིས་སྙན་ཞུ་ཕུལ་ཏེ་ཡིག་ངག་གཉིས་ཐོག་ནས་རྒྱུགས་འཕྲོད་རྗེས་རྡ་སའི་ཁོར་ཡུག་གཙང་མ་དེ་དང་ཁ་བྲལ་ཏེ་སོག་ཡུལ་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་བོད་ཡིག་དགེ་རྒན་དུ་ཕྱིན་པ་ཡིན།
ད་སྔ་ནས་དབྱིན་ཡུལ་བོད་ཀྱི་དགེ་རྩ་ཚོགས་པ་ཟེར་བ་ཞིག་ཡོད་པ་གོ་ཐོས་བྱུང་རུང་། ཚོགས་པའི་དམིགས་ཡུལ་དང་ལས་གཞི། ཁྱབ་ཚད་དང་རྒྱབ་ལྗོངས་སོགས་ཅི་ཡང་ཤེས་རྟོགས་མེད་ལ། གང་ལྟར་དགེ་རྩ་ཚོགས་པ་དེས་མཐུན་འགྱུར་དང་རྒྱབ་སྐྱོར་ལ་བརྟེན་ནས་ང་རང་གིས་སོག་ཡུལ་རྒྱལ་ཡོངས་སློབ་གྲྭ་ཆེན་མོར་ལོ་བཞི་ལྷག་ཙམ་བོད་དགེན་གྱིས་ལས་འགན་བསྒྲུབས་མྱོང་། སྐབས་དེར་ང་དང་དགེ་རྩ་ཚོགས་པའི་བར་ལ་འབྲེལ་བ་ཐོག་མ་དེ་བྱུང་ཞིང་། ལྷག་པར་དུ་དགེ་རྩ་ཚོགས་པའི་ཚོགས་གཙོ་སྐུ་ངོ་ཕུན་ཚོགས་དབང་རྒྱལ་ལགས་དང་དམིགས་བསལ་གྱི་འབྲེལ་བ་བྱུང་བ་ནས་བཟུང་དགེ་རྩ་ཚོགས་པའི་རྒྱབ་ལྗོངས་དང་ལས་འཆར། གྲུབ་འབྲས་སོགས་ལ་བལྟས་པ་ཡིན་ན་ངོ་མ་སྤོབས་པ་བྱེད་ཆོག་པ་ཞིག་རེད།
སྤྱི་ལོ་༢༠༠༤་ནས་བཟུང་ལོ་བཞིའི་རིང་ང་རང་སོག་ཡུལ་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་དགེ་རྒན་གྱི་ལས་དོན་བསྒྲུབས་མྱོང་བའི་བརྒྱུད་རིམ་ནང་དགེ་རྩ་ཚོགས་པས་མཐུན་འགྱུར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་བརྟེན་ནས། ང་རང་སྒེར་ལ་མཚོན་ན་དཀའ་ངལ་ཅི་ཡང་འཕྲད་མ་མྱོང་ལ། ལྷག་པར་དུ་དབྱིན་ཡུལ་བོད་ཀྱི་དགེ་རྩ་ཚོགས་པ་དང་སོག་ཡུལ་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་གན་རྒྱ་གཞིར་བཞག་སྟེ་རང་ནུས་གང་ལྕོགས་ཀྱིས་བོད་ཡིག་དགེ་རྒན་བྱས་མྱོང་བ་ནི་ལས་དབང་གི་ཁ་ཕྱོགས་དང་དགེ་རྩ་ཚོགས་པའི་བཀའ་དྲིན་ཉག་ཅིག་རེད།
སོག་ཡུལ་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་ཁོ་ར་ཁོར་ཡུག་ཧ་ཅང་མཛེས་སྡུག་ལྡན་ཞིང་། གཞི་རྒྱ་ཧ་ཅང་ཆེ་ལ། ལྷག་དོན་དུ་དེའི་ནང་ནས་བོད་ཀྱི་སྐད་ཡིག་སྦྱོང་མཁན་གྱི་སྡེ་ཚན་ནང་འཛིན་གྲྭ་ཁག་མང་པོ་ཡོད་ལ། བོད་ཡིག་སྦྱོང་མཁན་གྱི་སློབ་ཕྲུག་གི་གྲངས་ཚད་ཀྱང་བརྒྱ་ལྷག་ཙམ་ཡོད་ཅིང་། བོད་ཡིག་འབྲི་ཀློག་ཤེས་མཁན་གྱི་དགེ་རྒན་དང་དགེ་རྒན་ཆེན་མོ་ཡང་མི་ཉུང་བ་ཞིག་ཡོད་ཀྱང་ཁོང་ཚོས་བོད་སྐད་ཚིག་གཅིག་ཀྱང་བཤད་མི་ཤེས། ཁོང་ཚོས་བོད་ཡིག་སྦྱོང་བའི་དམིགས་ཡུལ་ནི་ནང་ཆོས་སློབ་སྦྱོང་བྱ་འདོད་པ་དང་། སངས་རྒྱས་ཀྱིས་གསུངས་པའི་བཀའ་འགྱུར་དང་བསྟན་འགྱུར་སོགས་ལ་ཞིབ་འཇུག་བྱ་འདོད་པ་དེ་རེད།
དབྱིན་ཡུལ་བོད་ཀྱི་དགེ་རྩ་ཚོགས་པས་སོག་ཡུལ་དུ་དགོན་སྡེ་ཁག་དང་། སློབ་གྲྭ་ཁག འགྲེམ་སྟོན་ཁག་དང་། ཤེས་རིག་གི་ཁྱབ་ཁོངས་སུ་གཏོགས་པའི་ལས་འཆར་མང་པོར་རོགས་ཕན་གྱིས་ཕྱག་ལས་ཧ་ཅང་གཞི་རྒྱ་ཆེ་ལ། གྲུབ་འབྲས་ཀྱང་གཟེངས་སུ་ཐོན་པའི་ལས་དོན་སྣ་མང་བྱས་པ་ནི་བོད་མི་རིགས་ཀྱི་གཟི་བརྗིད་རེད། གྲུབ་འབྲས་དེ་དག་ནི་སྐུ་ངོ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ། སོག་བོད་མཆོད་ཡོན་གྱི་ལོ་རྒྱུས་ལ་ཕྱི་མིག་བལྟས་པ་དང་། དེང་གི་ཆར་ཡང་སོག་བོད་བར་ཆོས་དང་རིག་གཞུང་བརྗེ་རེས་ཀྱིས་གནས་སྟངས་མང་པོར་ཞིབ་འཇུག་བྱས་པ་བརྒྱུད་ནས་སོག་ཡུལ་དུ་ལས་འཆར་ཁག་ལག་ལེན་དུ་བསྟར་བ་ལོས་ཡིན།
ད་ཆར་རྒྱུ་མཚན་རེ་གཉིས་ཀྱི་དབང་གིས་དབྱིན་ཡུལ་བོད་ཀྱི་དགེ་རྩ་ཚོགས་པ་ཡོངས་སུ་སྒོ་རྒྱག་རྒྱུ་ཡིན་པ་རེད། དང་པོ། ད་ཆར་བོད་དུ་དཔལ་འབྱོར་གནས་སྟངས་སྔར་དང་མི་འདྲ་ཞིང་། གཉིས་པ། རྒྱ་གར་དུ་འཚོ་བསྡད་པའི་བོད་རིགས་མང་ཆེ་བ་ཕྱི་རྒྱལ་དུ་གནས་སྤོ་བ་སོགས་ཀྱིས་རྐྱེན་པས་སོ། དྲ་ཚིགས་སུ་གཟིགས་འདོད་ན༼ info@tibet-foundation.org གནས་ཚུལ་དེ་ཐོས་དུས་དགའ་སྐྱོ་ཟུང་འབྲེལ་གྱིས་ཚོར་བ་ཞིག་གིས་དེ་རིང་གོ་སྐབས་འདི་བརྒྱུད་ནས་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་དགེ་རྩ་ཚོགས་པ་དེ་དང་། གཙོ་འཛིན་སྐུ་ངོ་ཕུན་ཚོགས་དབང་རྒྱལ་ལགས་ཀྱི་དྲིན་དྲན་པ་དང་། དྲིན་ཤེས་པ། དྲིན་གཟོ་བ་བཅས་ཀྱི་སྒོ་ནས་ད་བར་ཕྱག་ལས་གང་གནང་བ་མཐའ་དག་ལ་རྗེས་སུ་ཡི་རང་དང་བཀྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།
སོག་ཡུལ་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་བོད་དགེན་གྱི་མིང་ཙམ་བཟུང་མྱོང་བ་མི་ཉག་སྐལ་བཟང་གིས་ནོར་ཝེའི་རྒྱལ་ས་ཨོ་སི་ལོ་ནས་སྤྱི་ལོ་༢༠༢༠ ལོའི་ཟླ་བ་༡༢ པའི་ཚེས་པ་ ༡ པོར་ཕུལ་ལོ།།
དང་པོ། ད་ཆར་བོད་དུ་དཔལ་འབྱོར་གནས་སྟངས་སྔར་དང་མི་འདྲ་ཞིང་། གཉིས་པ། རྒྱ་གར་དུ་འཚོ་བསྡད་པའི་བོད་རིགས་མང་ཆེ་བ་ཕྱི་རྒྱལ་དུ་གནས་སྤོ་བ་སོགས་ཀྱིས་རྐྱེན་པས་སོ།
རྒྱུ་མཚན་དེ་གཉིས་ཡང་དག་པ་ཞིག་མ་རེད། དབྱིན་ཡུལ་དགེ་རྩ་ནི་དགེ་བའི་རྩ་འཛུགས་ཀྱི་ཚོགས་པ་ཞིག་རེད་འདུག་པས་དཔལ་འབྱོར་གནས་སྟངས་ལ་ཐད་ཀར་འབྲེལ་བ་ཨེ་ཡོད། སྒོས་སུ་བོད་ཕྱི་ནང་གཉིས་སུ་མི་མང་ཤོས་དཔལ་འབྱོར་གནས་སྟངས་ལ་བསྒྱུར་བ་དེ་ཙམ་སོང་མེད།
གཉིས་ནས་རྒྱ་གར་ནང་བོད་མི་མང་ཆེ་ཤོས་བསྡད་ཡོད། ལྷག་པར་དགོན་སྡེ་ཁག་དུ་སློབ་གཉེར་གནང་མཁན་མུ་འཐུད་ཡོད་པ་རེད།
གཅིག་བྱས་ན། འཐུས་ཤོར་གཞན་དག་ཤོར་ནས་ཡིན་སྲིད། འབྲེལ་ཡོད་ཚོས་ཞིབ་འཇུག་དང་སྔར་ཡོད་ཚོགས་པ་དེ་དག་སྒོ་རྒྱབ་མི་དགོས་པའི་ཕྱོགས་སུ་འབད་དགོས། དེ་ལྟར་གཅིག་ནས་གཉིས་སུ་མཆེད་དེ་རོགས་ཚོགས་ཁག་སྒོ་རྒྱབ་ན་བོད་ལ་ཆགས་སྒོ་བྱུང་རྒྱུ་ཉག་ཅིག་རེད།
དགེ་རྩ་ཚོགས་པ་ངེས་པར་གནས་དགོས་པ་དང་། བོད་གཞིས་བྱེས་གཉིས་ཀར་ད་དུང་དཀའ་ངལ་འོག་ཏུ་ཡོད་ཅིང་། རྒྱ་གར་ལྟ་བུར་ཆགས་བཞག་ན་སློབ་གཉེར་གྱི་རྟེན་གཞི་ཚང་མ་རྒྱ་གར་དུ་ཆགས་ཡོད་ལ། དེ་བཞིན་བོད་མིའི་གཞིས་ཆགས་ཁག་ཀྱང་གནས་མུ་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་དགེ་རྩ་ཚོགས་པ་ནི་དགེ་བའི་རྩ་བའི་ཚོགས་པ་ཞིག་ཡིན་དུས་མུ་མཐུད་དེ་གནས་དགོས་པ་འདོད། ད་ལྟའི་དཀའ་ངལ་ཁག་ལ་ཞི་འཇུག་གི་མུ་མཐུད་དེ་གནས་ཐབས་ཡོང་བ་བཅས།
དྲ་གྲོགས་ཇོ་སྲས་ཚང་དང་ཆབ་མདོ་ངག་ཕུན་གཉིས་ཀར་བཀྲིས་བདེ་ལེགས་ཞུ། དབྱིན་ཡུལ་བོད་ཀྱི་དགེ་རྩ་ཚོགས་པའི་ཚོགས་གཙོས་གསུངས་པ་ལྟར་ན་ཚོགས་པ་འདི་གང་མགྱོགས་མགྱོགས་ཡོངས་སུ་སྒོ་རྒྱག་རྒྱུ་ཐག་བཅད་ཟིན་འདུག ༡༽ བོད་དུ་དཔལ་འབྱོར་གྱི་གནས་སྟངས་སྔར་དང་མི་འདྲ་བར་དཔལ་འབྱོར་གྱི་རོགས་རམ་བྱ་དགོས་མི་འདུག་ཅེས། ༢༽ རྒྱ་གར་དུ་བོད་མི་ཕལ་ཆེར་བ་ཕྱི་རྒྱལ་ལུང་པར་གནས་སྤོ་བས་རོགས་རམ་བྱ་དགོས་ས་མི་འདུག་ཅེས། ༣༽ སོག་ཡུལ་ལ་རོགས་རམ་ཇི་ཙམ་གནང་ཡང་དེ་ཙམ་གྱི་བཀྲིན་བསམ་ཤེས་མཁན་ཕལ་ཆེར་སྣ་གཅིག་ཀྱང་མེད་པས་ད་ཆར་ཚོགས་པ་འདི་ཡོངས་དུ་སྒོ་རྒྱག་རྒྱུ་གཏན་འཁེལ་འདུག
མི་ཉག་སྐལ་བཟང་ལགས་ཀྱིས་ཧ་ཅང་ཡག་པོ་ཞིག་བྲིས་གནང་འདུག ཚིག་གི་སྦྱོར་བ་སྙན་ལ་ནང་དོན་རྒྱ་ཆེ་བ་ཞིག་ཡིན་པ་མ་ཟད། མི་ཡ་རབསས་ཚུལ་ལྡན་ཞིག་ཡིན་པ་དེའང་ཞོར་ནས་རྟོགས་ཐུབ་བོ།།
གནས་ཚུལ་གསུངས་བར་ཐུགས་རྗེ་ཆེ། སོག་ཡུལ་ན་བཀའ་དྲིན་བསམ་ཤེེས་བྱེད་མཁན་མི་འདུག་ལབ་ན་ག་འདྲ་ཡིན་ནམ།
དགེ་རྩ་ཚོགས་པ་གནས་དགོས་པ་རེད། ད་དུང་བོད་གཞིས་བྱས་གཉིས་ཀྱི་དོན་དུ་སྐུ་འདྲ་མང་པོ་བཞེངས་རྒྱུ་ཡོད་རེད། སྔོན་མ་ཟམ་གདོང་རིན་པོ་ཆེས་སྤྱི་མཐུན་གྱི་བསོད་ནམས་གསོག་ཕྱིར་སྐུ་འདྲ་སྟོང་ཕྲག་ཁ་ཤས་བཞེངས་པ་རེད། ད་དུང་མོ་ལུང་བརྟགས་ན་ཕལ་ཆེར་སྤྱི་སྒོས་གཉིས་ཀ་ནས་བསོད་ནམས་གསོག་དགོས་པ་གཏན་གཏན་ཡོད་ཀྱི་རེད་དྲན། དགེ་རྩ་ཚོགས་པ་མགྱོགས་མྱུར་སླར་ཡང་སྒོ་ཕྱེས་ནས་སྐུ་འདྲ་སྟོང་ཕྲག་ཁ་ཤས་བཞེངས་རོགས།