ཨེ་མ་ཧོ།
ངེས་འབྱུང་རྣལ་མས་ཆོས་བརྒྱད་ཞེན་པ་བྲལ།།
བྱང་ཆུབ་སེམས་མཆོག་སྤྱོད་པ་ཀུན་ནས་བཟང་།།
གསང་ཆེན་སྔགས་ལ་དད་གུས་ངེས་ཤེས་ཅན།།
ཡང་གསང་རྫོགས་ཆེན་སྟོན་པ་ཡོངས་སུ་བསྔགས།།
ཆོས་ནི་སེམས་འདུལ་ཡིན་པར་རྒྱལ་བས་གསུངས།།
སོར་བྱང་སྔགས་དོན་མ་ཤེས་དཔོན་རིགས་ཚོས།།
མདོ་སྔགས་ཕྱོགས་རིས་བསྟོད་སྨད་ཆོས་སྤོངས་ལས།།
རྒན་མོ་བསམ་བཟང་ཁྱི་སོའི་སངས་རྒྱས་གཏམས།།
སྣང་སྲིད་སངས་རྒྱས་ངེས་པར་ཨེ་མ་ཧོ།།
རབ་བྱུང་རྣམ་དག་འཁོར་བ་ཞེན་ལོག་དགོས།།
བྱང་སེམས་ཡང་དག་འཁོར་འདས་གཞན་ཕན་དགོས།།
གསང་སྔགས་རིག་འཛིན་འཁོར་འདས་དག་མཉམ་དགོས།།
ཆོས་པ་རྣམ་དག་དགོས་ན་དེ་འདྲ་ལགས།།
ངུར་སྨྲིག་གྱོན་བཞིན་འཁོར་བ་སྒྲུབ་པ་དང་།།
སྙིང་རྗེ་ཟེར་བཞིན་ནང་དཀྲུག་ཞེ་འཁོན་བྱེད།།
དམ་ཚིག་མི་དགོས་ཁྲོམ་བསྒྲགས་དབང་བསྐུར་འདིས།།
མདོ་སྔགས་ཆོས་ལ་གོ་མྱོང་མེད་པའི་རྟགས།།
བོད་པ་ཟེར་ནས་བོད་སྐད་བཤད་པར།།
ནང་པ་ཟེར་ནས་ནང་འཁྲུག་རྒྱག་པ་དང་།།
དགེ་སྒྲུབ་ཟེར་ནས་སྡིག་ལུགས་སྤྱོད་པ་དག།
སངས་རྒྱས་བསྟན་པ་ཉམས་པའི་བརྡ་རྟགས་དངོས།།