ནམ་མཁའ།
དེ་རིང་འདིར་འགྲེལ་བཤད་མང་པོ་ཞིག་མི་དགོས་བར་ཆོས་རྒྱུད་ཁག་གི་སྤྱི་འཐུས་དང་། མདོ་སྟོད་ཀྱི་སྤྱི་འཐུས་འགའི་འབྲེལ་ལམ་གྱི་སྟེང་ནས་བསམ་ཚུལ་ཞིག་དྲ་ཤོག་ཐོག་འབྲི་རྒྱུ་ཡིན། ཚང་མས་མཁྱེན་གསལ་ལྟར། སྤྱི་འཐུས་སྐབས༡༦དང་བཀའ་ཤག་སྐབས༡༥མཇུག་ཏུ་བཙན་བྱོལ་གཞུང་གི་ཁྲིམས་ཞིབ་པ་གསུམ་ཉེས་མེད་ཀྱི་སྒོ་ནས་འཕོ་འགྱུར་བཏང་སྟབས། བཙན་བྱོལ་བོད་མིའི་གཞུང་ཞབས་ཟུར་བ་སོགས་གཙོ་བྱས་ཏེ། མི་དམངས་ཡོངས་ཀྱི་བློ་འཚུབ་ཆེན་པོ་སྒོ་ནས། ཁྲིམས་ཞིབ་པ་གསུམ་བསྐྱར་དུ་ཕེབས་དགོས་བའི་འབོད་སྐུལ་བྱས་ཏེ། ཁོང་རྣམ་པ་གསུམ་གྱིས་ཀྱང་མི་དམངས་ཀྱི་རེ་འདོད་ལྟར། ཕྱིར་ཕེབས་ཏེ་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་དུ་ཕྱག་ལས་གནང་བཞིན་པ་ལ། གཞི་ལུས་མི་དམངས་མི་ཉུང་བ་ཞིག་གི་རེ་སྐུལ་ལྟར། དེ་རིང་འདིར་ཁོང་རྣམ་པ་གསུམ་ལ་ཕྲན་གྱིས་ཐུགས་རྗེ་ཆེ་ཞེས་ལག་ཟུང་ཐལ་མོ་སྦྱར་ཏེ་ཞུ་བཞིན་ཡོད།
སྐབས་སུ་བབས་པའི་བརྗོད་བྱ་གཙོ་བོ་ནི། ཆོས་རྒྱུད་ཁག་གི་སྤྱི་འཐུས་དང་མདོ་སྟོད་ཀྱི་སྤྱི་འཐུས་འགའི་སློབ་སྟོན་པ་ཨོ་རྒྱན་སྟོབས་རྒྱལ་དང་འབྲེལ་ལམ་སྐོར་གླེང་དགོས་པ་དེ་རེད། དེ་ཡང་ཐོག་མར་ཨོ་རྒྱན་སྟོབས་རྒྱལ་ནི་མི་ཅི་འདྲ་ཞིག་ཡིན་པ་ཤེས་གལ་ཆེ་སྙམ། ཨོ་རྒྱན་སྟོབས་རྒྱལ་ནི་བཙན་བྱོལ་དུ་སླེབས་པ་ནས་བཟུང་། ཐེ་ཝན་གོ་མིན་སྲིད་གཞུང་ལ་མགོ་བཏགས་ཞུས་ཏེ། ཐེ་ཝན་གྱི་བོད་སོག་ལས་ཁུངས་ནས་དངུལ་བླངས་ཏེ་བཙན་བྱོལ་སྤྱི་ཚོགས་ནང་དཀྲུགས་མཁན་གྱི་མི་སྣ་གཙོ་བོ་ཞིག་ཡིན་ལ། ཐེ་ཝན་གྱི་བོད་སོག་ལས་ཁུངས་གི་སྒོ་རྒྱག་རག་བར་དུ་བཙན་བྱོལ་གཞུང་གི་བཅའ་ཁྲིམས་འོག་ཏུ་འཛུལ་མེད། གཞོན་སྐྱེས་སྐོར་ཞིག་གིས་ཐེ་ཝན་བོད་སོག་ལས་ཁུངས་གི་དངུལ་བླངས་ན་སྐྱོན་ཆ་ག་རེ་ཡོད་པ་ཤེས་ཀྱི་མེད་སྟབས། འདིར་དེའི་སྐོར་ཅུང་ཟད་གླེང་འདོད་བྱུང་། བོད་མི་ཡོངས་ཀྱིས་དགྲ་བོ་རྒྱ་དམར་ནག་གཉིས་ཡིན་ཞེས། ཐེ་ཝན་དམངས་གཙོའི་ལམ་དུ་འགྲོ་རག་བར་དུ་སྐད་ཆ་འདི་ངག་རྒྱུན་ལ་འཇགས་ཡོད།
རྒྱུ་མཚན་ནི། གོ་མིན་ཏང་སྲིད་གཞུང་གིས་ཐེ་ཝན་བཟུང་བའི་སྐབས་སུ། རྒྱ་ནག་དམར་ཤོག་གུང་ཁྲན་ཏང་གིས་བཤད་པ་ལྟར། གོ་མིན་ཏང་སྲིད་གཞུང་གིས་ཀྱང་བོད་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་བཤད་བཞིན་ཡོད་པ་རེད། སྐབས་དེའི་ཐེ་ཝན་གྱི་ཕོག་ཟ་མཁན་གྱི་བོད་མི་ཚོས་ཀྱང་བོད་ཆོལ་ཁ་གསུམ་རང་བཙན་རྒྱལ་ཁབ་ཅིག་མ་ཡིན་པར་རྒྱ་ནག་གོ་མིན་ཏང་སྲིད་གཞུང་འོག་གི་མངའ་སྡེ་ཞིག་ཡིན་པ་ཁས་ལེན་བྱེད་ཀྱི་ཡོད་པ་རེད། རྒྱུ་མཚན་འདིའི་དབང་གིས་རྒྱ་ནག་པོ་གོ་མིན་ཏང་སྲིད་གཞུང་ཡང་བོད་མི་རིགས་ཀྱི་དགྲ་བོ་ཡིན་ཟེར་དོན་འདི་ལ་ཐུག་ཡོད།
དེ་ལྟ་ན་ཡང་༧གོང་ས༧རྒྱལ་བ་རིན་པོ་ཆེ་ཡིས་དབུ་ཁྲིད་པའི་ང་ཚོ་བཙན་བྱོལ་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ནམ་ཡང་ཁས་ལེན་བྱེད་ཀྱི་མེད་སྟབས། རྒྱ་ནག་པོ་གོ་མིན་སྲིད་གཞུང་གིས་བོད་སོག་ལས་ཁུངས་ཟེར་བ་ཞིག་བཙུགས་ཏེ། བོད་སོག་ལས་ཁུངས་བརྒྱུད་ནས་དངུལ་སྤྲད་དེ་བཙན་བྱོལ་གཞུང་འཐོར་བཤིགས་སུ་གཏོང་ཆེད་དཀྲུགས་ཤིང་རྒྱག་གི་ཡོད། ཨོ་རྒྱན་སྟོབས་རྒྱལ་ནི་སྐབས་དེའི་གོ་མིན་ཏང་སྲིད་གཞུང་གིས་བཙུགས་པའི་བོད་སོག་ལས་ཁུངས་ནས་དངུལ་ཕོག་ཟ་མཁན་ཡིན་པས། ཨོ་རྒྱན་སྟོབས་རྒྱལ་གྱིས་དངོས་སུ་ཁོ་སྡོད་སའི་གཞི་ཆགས་དེ་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་ཡིས་བཀའ་དྲིན་ལ་བརྟེན་ནས་རེག་པ་མིན་ཞེས་མངོན་སུམ་འཛེམས་མེད་ཀྱིས་བཤད་བཞིན་ཡོད་པ་དྲ་ལམ་དུ་མཐོང་རྒྱུ་ཡོད་པ་མ་ཟད། ཉེ་བའི་ཆར་༧གོང་ས༧མཆོག་གིས་དྲ་ལམ་བརྒྱུད་ནས་དབང་གནང་སྐབས། དམ་མཉམ་ཨོ་རྒྱན་སྟོབས་རྒྱལ་གྱིས་༧གོང་ས༧མཆོག་བསྟན་པ་བཤིགས་མཁན་ཡིན་ཚུལ་བཤད་པ་གཞི་བྱེས་བོད་མི་ཡོངས་ཀྱིས་ཐོས་ཡོད།
དེ་ལྟ་ན་ཡང་། ཆོས་རྒྱུད་ཁག་གི་སྤྱི་འཐུས་དང་མདོ་སྟོད་སྤྱི་འཐུས་ཚོས། ༧གོང་ས༧རྒྱལ་བ་རིན་པོ་ཆེ་བསྟན་བཤིགས་ཤིག་ཏུ་ངོས་འཛིན་བྱེད་མཁན་ཨོ་རྒྱན་སྟོབས་རྒྱལ་ལ་བློ་སྙིང་བྲང་གསུམ་གཏད་དེ། བཙན་བྱོལ་གཞུང་དང་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་དང་དཀྲུགས་ཤིང་ཅི་ལྟར་བྱེད་ཐུབ་མིན་ལ་འབད་བརྩོན་བྱེད་བཞིན་པ་མངོན་སུམ་དུ་མཐོང་བཞིན་དུ། སེ་འབྲས་དགེ་གསུམ་གཙོ་བྱས་བའི་ཆོས་རྒྱུད་ཚོས་དམ་མཉམ་ཨོ་རྒྱན་སྟོབས་རྒྱལ་གྱི་ཨབ་ཕྲུག་ཚོ་འོས་བླུགས་ཀྱི་ཡོད། གནད་དོན་འདིས་གང་ཞིག་ར་སྤྲོད་བྱེད་ཐུབ་ཀྱི་འདུག་ཟེར་ན། ཆོས་རྒྱུད་ཁག་དང་མདོ་སྟོད་མི་དམངས་སྐོར་ཞིག་གིས་སེམས་ནང་དུ་༧གོང་ས༧མཆོག་གིས་དབུ་ཁྲིད་དེ་བཙུགས་པའི་བཙན་བྱོལ་གཞུང་གཏོར་འདོད་ཡོད་པ་ར་སྤྲོད་བྱེད་ཐུབ་ཀྱི་འདུག་སྙམ།
གང་ལྟར་ཡང་། བསམ་བློ་ཞིབ་ཚགས་བྱས་ཏེ་བཏང་ནས་དོག་པའི་རང་བཞིན་ཅན་གྱི་ཚིག་འགའ་བཤད་ན། ཆོས་རྒྱུད་ཁག་གི་སྤྱི་འཐུས་ཆ་ཚང་མདོ་སྟོད་ནས་བྱུང་ཡོད། དེའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། སེ་འབྲས་དགེ་གསུམ་གཙོ་བྱས་བའི་ཆོས་རྒྱུད་གཞན་ཚོའི་ནང་ན་ཆོལ་ཁ་གཞན་པའི་མེད་པ་ཡིན་ནམ། ཡང་ན། དེ་དག་གིས་ཀྱང་དམ་མཉམ་དེ་ཚོ་འོས་བླུགས་དོན་ཅི་ཡིན་ནམ། འདི་ལྟར་དྲི་བ་མང་པོ་ཞིག་རང་བཞིན་གྱིས་སླེབས་ཤིང་། དྲི་བ་འདི་དག་ལ་ལན་ཞིག་བཙལ་འདོད་ཀྱི་འདུན་པ་སླེབས་པ་མ་ཟད། དེའི་མཉམ་དུ་དོག་པའི་རང་བཞིན་གྱི་བསམ་བློ་འཁོར་དུ་བཅུགས་སོང་། དོག་པ་ཅི་ཞིག་བྱུང་ཟེར་ན། ཉེ་བའི་ཆར་རྒྱ་གར་གསང་བའི་ལས་ཁུངས་གིས་རྒྱ་ནག་གི་གསང་མྱུལ་བ་རྒྱ་རིགས་ཞིག་ལྡི་ལི་ནས་འཛིན་བཟུང་བྱས་ཏེ། གསང་མྱུལ་བ་དེས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གི་གྲྭ་བ་འགའ་ལ་ཧིན་སྒོར་འབོར་ཆེན་བཏང་བའི་བདེན་དཔང་རྙེད་ཡོད། སྐབས་དེར་བློ་གསལ་གླིང་གྲྭ་ཚང་དང་ཁང་ཚན་ག་གེ་མོ་ཞིག་གིས་གྲྭ་བ་དེ་ཚོར་རྒྱ་རིགས་དེས་དངུལ་བཏང་བ་དེ། ཕ་ཡུལ་ནས་དགེ་བཤེས་གཏོང་སྒོ་གཏོང་ཆེད་རྒྱ་རིགས་དེ་བརྒྱུད་ནས་སྐུར་ཚུལ་བཤད་ཡོད། དེ་ལྟར་ཡིན་ན། བོད་ནས་དངུལ་གཏོང་སའི་མི་རྒྱ་ནག་གི་གསང་མྱུལ་བྱེད་མཁན་ཞིག་ལ་མ་གཏོགས་དངུལ་གཏོང་ས་མ་རེག་པ་རེད་དམ། རྒྱ་ནག་གི་གསང་མྱུལ་བ་དེ་ལ་དངུལ་གཏོང་དགོས་དོན་ཅི་རེད། ཁྱེད་རང་ཚོའི་ཕ་ཡུལ་ནས་རྒྱ་ནག་གི་གསང་མྱུལ་བ་དེ་ངོ་ཤེས་ཅི་ལྟར་བྱུང་བ་རེད་དམ། འདི་དག་ཚང་མ་ནི་དོག་པའི་རང་བཞིན་ཅན་གྱི་དྲི་བ་དག་རེད།
ཡིན་ན་ཡང་། བཙན་བྱོལ་གཞུང་ལ་འདྲི་བརྩད་ཞིབ་མོ་བྱེད་ཆོག་པའི་རང་དབང་མེད་པ་དང་གཅིག སྐབས་དེར་སྲིད་སྐྱོང་བློ་སེང་ཡིན་པ་གཉིས་བཅས་ངན་པ་གཉིས་འཛོམས་བྱས་ཏེ། བཏང་སྙོམས་སུ་བཞག་ནས་གྲགས་འགུལ་ཅི་ཡང་མེད་པར་གྱུར་ཡོད། ཡིན་ན་ཡང་། ང་རང་ཉིད་ཀྱི་དོག་པ་ལ་རྒྱ་ནག་གི་གསང་མྱུལ་བ་རྒྱ་རིགས་དེས། འབྲས་སྤུངས་བློང་གི་གྲྭ་བ་དེ་ཚོར་བཏང་བའི་དངུལ་གྱི་འབྲས་བུ་ཁ་སང་དེ་རིང་སྨིན་འདུག་སྙམ། གང་ལྟར་ཡང་། ཆོས་རྒྱུད་ཁག་གི་སྤྱི་འཐུས་ཚོ་གཙོ་བྱས་ཏེ་མདོ་སྟོད་ཀྱི་འཐུས་མི་ཚོས་བཙན་བྱོལ་སྤྱི་ཚོགས་ཀྱི་སྡེ་འདམ་འབག་བཞིན་དུ་དཀྲུགས་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་ཀྱི་སྡེ་དཀྲུགས་ཚར་དུས། དགེ་འདུན་གྱི་སྡེ་དཀྲུགས་པ་ནི་རང་བཞིན་གྱིས་བྱུང་ཡོད། དེས་རྐྱེན་དཔེར་ན། དགེ་ལུགས་སྤྱི་འཐུས་དང་ས་སྐྱ་རྙིང་མ་བཀའ་རྒྱུད་སྤྱི་འཐུས་ཚོས་ཀྱང་དགེ་འདུན་གྱི་སྡེ་དཀྲུགས་ཡོད། དགེ་འདུན་གྱི་སྡེ་དཀྲུགས་པ་ནི་མཚམས་མེད་ལྔའི་ལས་བསགས་པའི་ནང་ཚན་གྱི་དགེ་འདུན་གྱི་སྡེ་དཀྲུགས་པ་ཟེར་བ་དེ་རེད། དགེ་འདུན་གྱི་སྡེ་དཀྲུགས་ཚེ། དགེ་འདུན་གྱི་སྡེ་དཀྲུགས་མཁན་དེ་དགོན་པ་ནས་གནས་དབྱུངས་གཏོང་དགོས་པ་འདུལ་བའི་གཞུང་དང་། དགོན་པའི་བཅའ་ཡིག་སོགས་སུ་གསལ་བོར་བཀོད་ཡོད། ཡིན་ན་ཡང་། དགེ་ལྡན་ལྷན་ཚོགས་དང་དེ་མིན་ཆོས་རྒྱུད་ཁག་གི་འགོ་ཁྲིད་ཚོས་ཀྱང་མ་མཐོང་ཁུལ་དང་མ་ཐོས་ཁུལ་བྱས་ཏེ་བསྡད་པ་ནི་ནོར་འཁྲུལ་ཆེན་པོ་རེད། ད་རུང་དགེ་འདུན་གྱི་སྡེ་དཀྲུགས་མཁན་ཞིག་ཆོས་རྒྱུད་ཚོའི་སྐུ་ཚབ་ཏུ་བཞག་ཡོད་པ་ནི། ཆེས་ཤིན་ཏུ་ནས་ཡ་མཚར་ཞིང་ཧ་ལས་དགོས་པ་ཞིག་ཡིན་པ་མ་ཟད། ངོ་ཚ་དགོས་བའི་གནས་ཤིག་ཀྱང་མ་ཡིན་ནམ། གལ་སྲིད་དེ་ལྟར་མིན་ན་སེ་འབྲས་དགེ་གསུམ་གཙོ་བྱས་བའི་ཆོས་རྒྱུད་ཁག་གི་དགེ་བཤེས་དང་མཁས་པ་ང་ཡིན་ཟེར་མཁན་ཚོས་ལན་ཕྲིས་དང་དགའ་བསུ་ཞུ་རྒྱུ་ཡིན། རྒྱལ་བ་རིན་པོ་ཆེ་བསྟན་བཤིགས་སུ་ངོས་འཛིན་བྱེད་མཁན་ཞིག་ལ་གྲོགས་བསྒྲིགས་ཏེ། བོད་མིའི་སྤྱི་ཚོགས་དཀྲུགས་ནས་མཚམས་མེད་ཀྱི་ལས་བསགས་མཁན་དག་སོ་སོའི་ཆོས་རྒྱུད་ཁག་གི་སྐུ་ཚབ་ཏུ་བཞག་ཆོག་ཚེ། རྩ་བཞི་འགལ་བའི་གྲྭ་བཙུན་ཚོས་ཀྱང་གྲྭ་ཆོས་གྱོན་ནས་དགོན་པའི་ཚོགས་གྲལ་དུ་ཞུགས་ན་ཆོག་གམ། གལ་སྲིད་མི་ཆོག་ཚེ་དེ་གཉིས་བར་གྱི་ཁྱད་པར་གནས་ལུགས་རྒྱུ་མཚན་ལྡན་པའི་རྩོད་ལན་ཕྲིས་དང་དགའ་བསུ་ཡོད།
མཚམས་མེད་ལྔ་ཡི་ལས་ངན་བསགས་ན་ཡང་།།
བསྟན་པ་འཛིན་པའི་ཁས་འཆེས་བྱེད་པ་ནི།།
བ་ཚྭའི་ཆུ་ལ་གངས་ཆབ་སྔོན་མོ་ཞེས།།
ཆགས་སྡང་གཏམ་གྱི་ཀུ་ཅོ་སྒྲོགས་དང་མཚུངས།།
བསླབ་གསུམ་ནོར་བུ་མི་ཤེས་ལྕགས་གདོང་ཅན།།
རྣམ་དག་ཚུལ་ཁྲིམས་མི་ལྡན་བཙུན་གཟུགས་འགས།།
ལྟ་ངན་ས་འོག་དར་ཐག་འཐེན་པ་ལ།།
བླུན་པོ་ལུག་ཁྱུ་འགའ་ཡིས་འཇུ་ལ་ལྟོས།།
13/7/2021ལ་ཡོ་རུབ་ནས་ནམ་མཁས་བྲིས།
༄་ནམ་མཁའ་མིང་ཅན་ཉོན་ཤིག། དང་པོ་ཞུ་རྒྱུ་མི་ཁྱོད་དངཁྱོད་འདྲ་བ་མང་པོ་ཞིག་བོད་ལུས་ལེན་འོང་ཙམ་་་བོད་མི་རིགས་འདི་ལ་བདེ་སྐྱིད་ཉི་མ་ཟེར་བ་ཞིག་མི་ཤར་བ་རེད། ངོ་མ་ཡིན། ད་འོ་ན་་་མི་ངན་ཁྱོད་ཚོའི་རང་གཤིས་དང་བྱ་བྱེད་ལས་གསུམཅི་འདྲ་རེད་ཟེར་ན། ཕྱི་ལ་ཐུག་དུས་བལ་ལས་འབྱམས་པ། རང་ཚུགས་མེད་ཅིང་སྙིང་སྟོབས་དེ་བས་མེད། ཁ་ཡག་དང་ངོ་དགའ་ཡི་ལྕེ་ལེས་ས་ལ་བདགས་རྒྱུ་ཡིད་གཉིས་ཐེ་ཚོམ་ཙམ་ཡང་མེད། ནང་ལ་ཐུག་དུས་ཁྱོད་ཚོ་སྡུག་སེམས་སོལ་བ་ལས་ནག་པ། ཁྲག་དོག་གི་མེ་འབར་བཞིན་ཚིག་རྩུབ་ཀྱི་མདའ་མོ་རང་རིགས་སྤུན་ཟླའི་སྙིང་ཁར་འཕེན་རྒྱུ་ཐེ་རྩོམ་ཙམ་ཡང་མི་བྱེད། ཆོས་ཕྱོགས་ནས་བཤད་ན་ཁྱོད་ཚོ་ནི་སྙིང་རྗེའི་ཡུལ་ལོས་ཡིན། འོན་ཀྱང་མི་རིགས་ཞིག་དང་རྒྱལ་ཁབ་ཞིག་ལ་བསམ་ན་ཁྱོད་ཚོ་ནི་བླ་བཙོང་བ་ཤ་སྟག་རེད་། ཨི་གོ་ཐལ། མཐའ་དོན་དུ་་་་་གཞན་ལ་ལྟ་བའི་མིག་ཡོད་ཀྱང་་་་རང་ལ་ལྟ་བའི་མེ་ལོང་དགོས་
ནམ་མཁའ་ཁྱོད་བདེན། བདེན་པ་བཤད་ན་མི་མ་དགའ། དབྱུག་པ་འཆར་ན་ཁྱི་མི་དགའ། ཞེས་པའི་དཔེ་ལྟར། གོང་གི་ལོ་རྒྱུས་ལ་རྒྱབ་སྐྱོར་ཞུ། དབུ་རྒྱན་སྟོབས་རྒྱས་ཞེས་པས་ལུས་ལ་གྲྭ་ཆས་གྱོན། ལས་སུ་སྐྱེ་བོ་མི་ནག་ལས་སྡུག་པ་བྱེད་བཞིན་ཡོད་པ་བོད་མི་ཚང་མས་ཤེས་བཞིན་ཡོད། དབུ་རྒྱན་སྟོབས་རྒྱས་ཁྱོད་ཁ་ནས་ཁྲག་སྐྱུག་ཅིང་ཤི་སྟངས་མི་འདྲ་བ་ཞིག་གིས་སྟེང་ནས་འཆི་རྒྱུ་ཡིན་པ་ང་ཚོས་ཚོད་དཔག་བྱེད་ཐུབ། མི་ངན་དེ་རིགས་བོད་མིའི་རིགས་སུ་སྐྱེས་པ་ངོས་བོད་མི་རྣམས་བསོད་ནམས་ཟད་པ་རྟགས་ཚན་དུ་ཟད།
ཆོས་བརྒྱུད་ནས་སླེབས་པའི་གྲྭ་བ་བཅུ་དང་། མདོ་སྟོད་ནས་སླེབས་པའི་མི་བཅུ་སྟེ་དེ་རྣམས་ཀྱིས་དོན་དངོས་རྒྱ་དམར་ནག་དང་མཉམ་ལས་བྱེད་མཁན་ལྡི་ལི་ཆུ་བཞི་སྒང་དྲུག་གི་རྐང་གཏད་བཙན་བྱོལ་སྒྲིག་འཛུགས་དང་། ༧གོང་ས་མཆོག་གི་དབུས་དགའ་ལྡན་ཕོ་བྲང་ཉམས་དམས་སུ་གཏོང་རྒྱུའི་དམིགས་ཡུལ་ཟིན་ཡོད། ཁོ་པ་རྣམས་ཀྱི་ཁ་ནས་༧གོང་ས་མཆོག་འབོད་མ་འདོད་ཀྱང་འབོད་ཡོང་བ་ནི་ལྟོ་གོས་དང་གནས་ཡུལ་རྐྱེན་པས་རེད། གང་ལྟར་མི་ངན་འདི་ཚོ་ད་ནས་བཟུང་མགོ་བོ་ནམ་ཡང་བཀྱག་བཅུག་རྒྱུ་ཡོད་མ་རེད། མི་ངན་འདི་དག་གི་རྒྱབ་ལྗོངས་ལ་དགྲ་བོ་རྒྱ་དམར་གྱི་ལག་པ་ཡོད་པ་དངོས་གསལ་ཇེ་དོད་ནས་ཇེ་དོད་རེད། དཔེར་ན་ཁོ་ཚོས་རྣམ་འགྱུར་སྟོན་སའི་གར་སྟེག་ནི་བང་ཆེན་ཟེར་བའི་གསར་ལམ་དེ་རེད། གསར་ལམ་དེའི་ཁ་ཕྱོགས་ལ་ང་ཚོས་ཚོད་དཔག་གང་འཚམས་ཤིག་བྱེད་ཐུབ་ངེས་རེད།
ད་ནས་བཟུང་སྤྱི་འཐུས་གྲོས་ཚོགས་ཀྱི་དགོས་པ་དེ་ཙམ་མ་མཐོང་ལ། དྲུང་ཆེ་རྣམ་པའི་ལྷག་བཀའ་བློན་ཟེར་བའང་དེ་ཙམ་དགོས་མཁོ་མཐོང་མ་སོང་། མི་མང་ན་རོ་མང་རོགས་རེད། དེ་བས་སྲིད་སྐྱོང་གི་སྣེ་ཁྲིད་པའི་སྒྲིག་འཛུགས་དེས་ཁ་ཡོད་ལག་ཡོད་བཙན་བྱོལ་མི་མང་གི་བཀའ་སྡུག་གཟིགས་རྟོག་གནང་རྒྱུ་དང་། ལྷག་པར་རྡོག་སྒྲིལ་ནས་དོན་གྱི་བདག་པོ་༧གོང་ས་མཆོག་གི་བཀའ་དགོངས་འོག་ཤར་བསྐྱོད་གནང་དགོས་པ་དེ་གལ་ཆེ་ཞིང་། དེ་ལྟར་བྱུང་ན་་ང་ཚོས་རྩ་བའི་དམིགས་ཡུལ་གཞིས་ལུས་རྒྱ་ཆེ་མི་མང་གི་མངོན་འདོད་སྒྲུབ་ནུས་ངེས་སུ་མཐོང་། དེ་མིན་སློབ་སྦྱོང་དང་མཐོང་རྒྱ་གང་ཡང་མེད་པའི་གླང་གོག་འདྲ་བོ་དུམ་བུ་ཞིག་ཨུ་ཚུགས་ཀྱིས་མིང་སྙན་པོ་བཏགས་ནས་སླར་ཡང་གླང་ཁྱུ་འདུས་པ་ཞིག་ལ་གྲོས་ཚོགས་ཀྱི་མིང་སྤྲད་ཚེ། སླར་ཡང་ཁོ་ཚོས་རྙོག་ཁྲ་བཟོ་རྒྱུ་ལས་བོད་མི་རིགས་གཞིས་ལུས་རྒྱ་ཆེ་མི་མང་གི་མངོན་འདོད། ༧གོང་ས་མཆོག་གི་བཀའ་དགོངས་ནམ་ཡང་བཙན་བྱོལ་པས་སྒྲུབ་ཐུབ་མི་སྲིད་པར། ནམ་ཞིག་བཙན་བྱོལ་འདི་ཉིད་མེ་རང་ཤི་དང་། དུ་བ་རང་ཡལ་འགྲོ་རྒྱུ་ལས། ཁོ་ཚོས་རང་བཙན་ཁ་ལ་ཁྱེར་བའི་འུར་གཟིངས་དེས་ནམ་ཡང་འགྲོ་ས་མེད་པ་ནི་ཟུར་ལྟས་ལེབ་མཐོང་རེད། དེས་ན་ད་ནས་བཟུང་དགྲ་བོ་རྒྱ་དམར་གྱི་གསོ་སྐྱོང་བྱས་པའི་རྒྱུག་ཁྱི་ཉུང་ཤས་ཤིག་ནས། ག་དུས་ཡིན་རུང་། ག་རེ་བྱས་རུང་། སྐྱོན་བརྗོད་དང་ཟུར་ཟ་མ་གཏོགས་མེད་པས་དེ་དག་ལ་དབུ་མ་འཁོར་བར་སྣང་མེད་དང་རྩིས་མེད་གཏོང་དགོས་ལ། གལ་སྲིད་ད་དུང་འཕག་ཚག་གློད་མཚམས་མ་བཞག་ཚེ་མི་ངན་དེ་དག་གི་རྒྱབ་ལྗོངས་ལ་གནས་ཡུལ་གཞུང་སོ་སོ་ནས་ཞུ་དག་དགོས་པའི་འབོད་བསྐུལ་གནང་དགོས་ངེས་སུ་མཐོང་།
དམ་ཉམས་ཚོགས་པ་ཟེར་འདི་ཡིན་རྒྱུ་རེད།
མདོ་སྟོད་སྤྱི་འཐུས་༢༠་ཡི་མཐར་ཐུག་གི་དམིགས་ཡུལ་བཙན་འབྱོལ་སྤྱི་ཚོགས་དཀྲུགས་ནས་མེད་པར་བཟོ་རྒྱུ་དེ་རེད། དེ་མིན་ཁོང་ཚོ་ལ་འཚོ་བའི་ཡོང་ཁོངས་མེད།
གོང་གི་རྩོམ་པ་པོས་རྒྱུན་མཚན་དང་གནས་ལུགས་ལྡན་པའི་དཔྱད་པ་བྱས་འདུག།་ མི་མང་གཉིད་སད་རན་རེད།
རྩོམ་པ་པོས་གནས་ལུགས་རྒྱུན་མཚན་ལྡན་པའི་དཔྱད་པ་ཞིག་འབུལ་འདུག་པས་བསྔགས་བརྗོད་ཡོད།་ གཤམ་ལ་གྲ་རྗུན་ཨོ་སྟོབས་ཀྱི་རང་གཟུགས་རྨ་རྗེན་བཏོན་འདུག་པར་མཆན་འབུ་རེ་ཟུང་ལ་ན་ཟུག་རྒྱག་དོན་ཅི་རེད། ན་ཟུག་རྒྱག་མཁན་ཚང་མ་དམ་ཉམས་ཡིན་པས་རེད། བོད་པ་ཚང་གཉིད་ལས་སད་རན་རེད།