གནས་ཚུལ་མཁོ་གཏོང་བ། སྦྲ་དཔལ་ལྡན། རྡ་ས།
ད་ལྟ་རང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན་ཁ་སང་སྟེ་སྤྱི་ལོ་ཉིས་སྟོང་བཅོ་ལྔའི་སྤྱི་ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན་གྱི་རང་ལུས་མེ་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དམ་དཀར་ལགས་ནི་མདོ་སྨད་རྔ་བའི་སྟོད་ཀྱི་ཆར་ཨ་འདུས་རྒྱ་སྡེའི་གནས་མོ་ཚང་ཡིན་ལ། ཁོང་གི་ཕའི་མིང་ལ་གནས་མོ་དང་མའི་མིང་ལ་དཀར་རེས་མ་ཟེར་གཟའ་མི་གཉིས་ལ་མིང་སྲིང་ལྔ་ཡོད་པའི་བཞི་བ་ཡིན་འདུག ཁོང་ནི་རང་ལུས་མ་སྲེག་པའི་སྔོན་དུ༧གོང་ས་མཆོག་དང་པན་ཆེན་རིན་པོ་ཆེ་ཟུང་གི་སྐུ་པར་རེ་མཆོད་ཁང་ནས་ཕྱིར་ཁོ་རང་བསྡད་སའི་ར་སྐོར་ནང་དུ་འཁྱེར་ཡོང་ནས་མཆོད་ཀྱི་མཆོད་མེ་དང་སྨོན་ལམ་སོགས་གནང་ཡོད་འདུག་ལ། བོད་ནང་གི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀ་བཅུ་གཉིས་ཡར་མར་ཞིག་ལ་རང་ལུས་མེ་བསྲེགས་གནང་ཡོད་འདུག
ཁོང་གི་འབོད་ཚིག་གཙོ་བོ་༧རྒྱལ་བ་ཡིད་བཞིན་ནོར་བུ་བོད་དུ་ཕེབས་སུ་འཇུག་དགོས་པ་དང་པན་ཆེན་རིན་པོ་ཆེ་བཙོན་ནས་གཏོང་དགོས་སོགས་ཀྱི་སྐད་འབོད་ནང་འདུག་པ་མ་ཟད་ཁ་ཉིན་སྟེ་ཚེས་བཅོ་ལྔའི་ཉིན་ལྷག་དཀར་ཡིན་འདུག་ལ་ལྷག་དཀར་ཉིན་ཁོང་དགོན་པ་ལྷ་ཁང་ལ་སོང་ནས་མཆོད་མཇལ་སོགས་བྱས་ཡོད་པ་མ་ཟད། ནམ་རྒྱུན་དུ་ཁོང་གི་ཉེ་སྐོར་གྱི་སྐད་འཕྲིན་ཚོགས་པ་ཞིག་ཡོད་པའི་ནང་དུ་(སྐད་འཕྲིན་ཚོགས་པ་དེ་བདེ་འཇགས་ཀྱི་དབང་གི་མིང་བཤད་མེད)གཟའ་ལྷག་དཀར་ཉིན་ནི་༧གོང་ས་མཆོག་གི་བླ་གཟའ་ཡིན་པས་བགྲོ་གླེང་དང་བོད་ཀྱི་དཔའ་བོ་དཔའ་མོའི་ཆེད་དུ་རང་ཉིད་མེ་རུ་སྒྲོན་མ་ཐུབ་རུང་ངེས་པར་ཏུ་སྐད་འཕྲིན་སྒོ་མ་བྱས་གོང་ལ་མ་ནི་ཕྲེང་སྐོར་རེ་འདོན་དགོས་རབ་བཤད་ཡོད་པ་མ་ཟད། ཁོང་ཡང་དགོན་པ་ལྷ་ཁང་དུ་མཇལ་བ་སྐོར་བ་སོགས་བཤད་ ། དེ་རིང་ནི་བདག་ཁ་བ་དོན་འགྲུབ་(ཁ་བ་དོན་འགྲུབ་ནི་དམ་དཀར་གྱི་སྐད་འཕྲིན་ཁ་བྱང་ཡིན་འདུག)ཀྱི་ཆེས་མཐའ་མའི་སྐད་ཆ་མིན་རྒྱུ་མེད་ཟེར་ནས། གཟའ་ལྷག་པའི་ཉིན་དགེ་སྦྱོང་སྡུག་སྤངས་བྱེད་དགོས་པ་དང་། བོད་མི་ཀུན་གྱིས་མཐུན་སྒྲིལ་བྱེད་དགོས་པ་མ་ཟད། རང་རེའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་༧གོང་ས་མཆོག་གི་སྐུ་ཚེ་བསྐལ་བརྒྱ་བར་ཏུ་འཚོ་བའི་ཆེད་དུ་གང་ཐུབ་ཅི་ཐུབ་ཀྱི་སེམས་ཅན་སྲོག་ཐར་སོགས་གཏོང་དགོས་སྐོར་བརྗོད་འདུག
དཔའ་བོའི་རྣམ་ཤེས་གངས་ཅན་བོད་ནས་སླར་ཡང་འཁྲུངས་པར་ཤོག གནས་ཚུལ་དུ་ཐེ་ཝན་གྱི་གསར་ཤོག་ཆེ་ཤོས་༼རང་དབང་དུས་བབ་༽ནང་དུའང་བཀོད་འདུག ཁོང་ལོ ༤༥དང་། ཤུལ་དུ་ཕྲུ་གུ་བདུན་ཡོད་ཚུལ་བཀོད་འདུག ད་དུང་ཁོང་གིས་ར་བསྐོར་ནང་དུ་རྒྱལ་བ་པཎ་ཆེན་རྣམ་གྱི་པར་དང་གྲོངས་ཟིན་པའི་ལྕམ་མོ་དང་བུ་མོའི་པར་ལྷན་དུ་བཤམས་འདུག་ཟེར། ཡིན་ནའང་། འབོད་སྐད་ཡོད་མེད་བཀོད་མེད་པས། གོང་དུ་བཀོད་པའི་འབོད་སྐད་དེ་སུ་ཞིག་གིས་ཐོས་པ་རེད་དམ།
གངས་ཅན་དཔའ་བོ་དཔའ་མོ་རྣམས་ལ་གུས་ཕྱག་འབུལ། ལྷན་རྒྱས་ནི་བོད་མི་རིགས་གཉིད་ལས་སློང་བའི་སྐྱབས་མགོན་དང་། རང་དབང་རྩོད་པའི་རུ་འདྲེན་ཡིན།
རང་སྲེག་མ་གཏོང་། བཙོན་ཁང་རྒྱུགས།