ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས།
ཡེ་ཤེས་འོད་ཀྱི་སྣང་བ་ཡིས།།
མ་རིག་མུན་པ་སེལ་མཛད་པ།།
ཐུབ་པ་སྒྲོན་མེ་རྣམས་ལ་འདུད།།
ཐུགས་རྗེས་འགྲོ་ཀུན་རྗེས་སུ་ཟུངས།།
སྣུམ་གྱིས་རབ་བཟུང་སྡོང་བུ་ལས།།
མེ་ཡི་འོད་ཟེར་མཆེད་པ་བཞིན།།
དད་པ་བརྟན་ན་དེའི་རྒྱུད་ལ།།
ཆོས་ཀྱི་སྣང་བ་རྒྱས་པར་འགྱུར།།
རིན་ཆེན་སྒྲོན་མེ་བསྟེན་བྱས་ན།།
མུན་པ་སེལ་ཞིང་སྣང་བ་གསལ།།
དེ་བཞིན་དམ་པའི་བཤེས་ལ་བསྟེན།།
གཏི་མུག་མུན་སེལ་ཤེས་རབ་གསལ།།
མུན་འཐིབ་བྱུང་ཚེ་སྒྲོན་མེ་སྦར།།
འོད་ལ་བརྟེན་ནས་གང་འདོད་རྩོམ།།
མི་ཤེས་སྐབས་སུ་བཤེས་གཉེན་བསྟེན།།
དེ་ནས་ཐོས་བསམ་གང་འདོད་རྩོམ།།
སྒྲོན་མེའི་འོད་ནི་ཆེས་གསལ་ཡང༌།།
ལོང་བ་རྣམས་ལ་ཕན་མི་འགྱུར།།
བཤེས་གཉེན་ཉི་མ་གསལ་གྱུར་ཀྱང༌།།
དད་བརྩོན་མིག་བྲལ་ཅི་སྟེ་ཕན།།
སྣང་གསལ་ལྡན་ན་མཚན་མོར་ཡང༌།།
མི་དག་དགའ་བཞིན་བྱ་བ་བྱེད།།
དམ་པའི་མགོན་དང་བཅས་པའི་སྐབས།།
ཆོས་བཞིན་སྤྱོད་ལ་དགའ་བར་བྱ།།
སྒྲོན་མེའི་སྡོང་བུ་བཙུགས་པ་དེ།།
བཅོས་བསྒྱུར་མང་ན་འགྱེལ་བའི་རྒྱུ།།
དད་པ་གསར་སྐྱེས་སྡིག་གྲོགས་ཀྱིས།།
བསྒྱུར་ཁ་མང་ན་འགྱུར་བའི་རྒྱུ།།
མུན་པར་ཆུད་པའི་སེམས་ཅན་ལས།།
ནོར་བུའི་སྒྲོན་ཐོགས་ལུས་ཅན་ཉུང༌།།
འགྲོ་དྲུག་གནས་ན་རྟེན་མང་ཡང༌།།
དལ་འབྱོར་ཐོབ་པའི་ལུས་རྟེན་དཀོན།།
སྣང་གསལ་མིག་བཅས་འཕྲལ་ཡུན་གྱི།།
བྱ་བ་ཀུན་ལ་དོན་དང་བཅས།།
དལ་འབྱོར་ཚང་ན་རྟེན་དེ་ཡིས།།
མངོན་མཐོ་ངེས་ལེགས་དོན་ཆེན་འགྲུབ།།
རླུང་ཆེན་ལྡང་བའི་སར་བཞག་པའི།།
མར་མེ་ཡུན་རིང་གནས་མི་འགྱུར།།
འཆི་རྐྱེན་མི་འགྱུར་དཀོན་པའི་ཁྲོད།།
ཚེ་སྲོག་འདི་ནི་འཇིག་པར་སླ།།
མར་ཁུའི་མང་ཉུང་ཨ་ལོ་ཀེ།
གནས་ཡུན་རིང་ཐུང་དེ་ལ་བརྟག།
ཚེ་སྲོག་ཡུན་རིང་གནས་མི་གནས།།
སྔོན་གྱི་ལས་དང་རྐྱེན་ལ་བརྟེན།།
ཇི་ཙམ་རིང་ཡང་ཚེ་སྲོག་ནི།།
བསོད་ནམས་ཚད་བཞིན་དེ་ཙམ་སྟེ།།
སྣང་འོད་གནས་ཡུན་དཔྱད་པ་ན།།
སྣོད་ཀྱི་ཚད་བཞིན་དེ་ཙམ་མོ།།
སྣུམ་དང་མེ་ཡི་རྐྱེན་བྱས་ནས།།
མར་མེའི་སྡོང་བུ་རྣམ་པར་སྲེག།
ལས་ཉོན་དབང་གིས་དམྱལ་བའི་འགྲོར།།
བཟོད་དཀའི་ཚ་གྲང་གདུང་བས་གཟིར།།
སྡོང་བུའི་ཁོང་ནས་མེ་འབར་ཚེ།།
དུ་བ་ཚིལ་ཚིལ་ཚ་ཚ་འཕྲོ།།
ཡི་དྭགས་བྱོལ་སོང་མ་རུང་རྣམས།།
ལུས་ལས་མེ་སྟག་རྣག་ཁྲག་འབྱུང༌།།
མུན་པའི་དཔུང་གིས་མི་བརྫི་བ།།
སྣང་བྱེད་སྒྲོན་མ་བསྟེན་པའི་འོད།།
ངན་འགྲོའི་མུན་པར་མི་ལྟུང་བའི།།
ཐབས་ལ་མཆོག་གསུམ་རིན་ཆེན་བསྟེན།།
འོད་ལ་བསྟེན་ན་སྣང་བ་སྟེ།།
སྣང་བ་མ་བསྟེན་མུན་པར་འཇུག།
དགེ་དང་སྡིག་པའི་ལས་འབྲས་ཀྱིས།།
བདེ་འགྲོ་ངན་འགྲོ་སོ་སོར་སྣང༌།།
རྨོངས་པའི་ཟིལ་མནན་སྐྱེ་བོ་རྣམས།།
མཛེས་པའི་གཟུགས་ལ་ཆགས་པས་ཕོངས།།
མུན་ཁྲོད་གནས་པའི་བྱེ་མ་ལེབ།།
སྒྲོན་མེ་མཐོང་བས་སྲེག་ལ་ལྟོས།།
མིག་ལྡན་མར་མེ་ཡོད་པ་ཡིས།།
གཟུགས་རྣམས་མཐོང་བ་ཇི་བཞིན་དུ།།
དགེ་སྡིག་ལས་རྣམས་ཐོས་པ་ཡིས།།
ཤེས་པར་གསུངས་པས་བླང་དོར་བྱ།།
ཇི་ལྟར་སྣུམ་ནི་མ་ཟད་པར།།
མར་མེ་སྡོང་བུ་མེ་ཡིས་སྲེག།
དེ་བཞིན་ལས་ནི་མ་ཟད་པར།།
འགྲོ་ལ་སྡུག་བསྔལ་མེ་ཡིས་གདུངས།།
སྣང་གསལ་འོད་ཀྱིས་ཡོངས་བཟུང་བའི།།
གནས་དེ་འབད་པས་བསྟེན་པ་ལྟར།།
ཐར་བའི་ཁང་བཟང་ཉམས་དགའ་བ།།
བསྟེན་ཕྱིར་བསླབ་གསུམ་བྱི་དོར་འཚལ།།
བྱང་ཆུབ་སེམས་ཀྱི་རྩི་མར་དེ།།
མཁྱེན་མཆོག་སྒྲོན་མེ་འབར་བའི་རྒྱུ།།
དེ་ཕྱིར་རིན་ཆེན་སེམས་མཆོག་དེ།།
ཐོབ་པའི་ཐབས་དང་མི་གཏོང་གཅེས།།
ཕྱིན་དྲུག་བསྡུ་བཞིའི་སྒྲོན་འོད་ཀྱིས།།
འགྲོ་ལ་ཕན་བདེའི་སྣང་བ་སྟེར།།
བློ་མཆོག་རྣམས་ཀྱི་སྤྱོད་པ་ལ།།
དགའ་བཞིན་འཇུག་པ་ཨེ་མ་རྨད།།
ཇི་ལྟར་རླུང་མེད་མར་མེ་ནི།།
མི་གཡོ་སྣང་འོད་གཟུགས་རྣམས་གསལ།།
བྱིང་རྒོད་སྐྱོན་བྲལ་ཞི་གནས་བརྟན།།
སེམས་ལ་དབང་བསྒྱུར་མངོན་ཤེས་གསལ།།
མཚན་མོ་མུན་པ་སེལ་འདོད་པས།།
སྒྲོན་མེའི་འོད་བསྟེན་ཐབས་སུ་བཟང༌།།
མ་རིག་མུན་པ་སེལ་འདོད་པས།།
དེ་ཉིད་རྟོགས་པའི་ཤེས་རབ་བཙལ།།
ཚིལ་བུ་སྡོང་བུ་ཟུང་འབྲེལ་བའི།།
མེ་ཡིས་མུན་པ་སེལ་བ་ལྟར།།
ཐབས་ཤེས་ཟུང་དེ་འབྲེལ་བ་ཡི།།
ལམ་གྱིས་སྲིད་ཞིའི་རྒུད་པ་སེལ།།
མར་མེ་སྐད་ཅིག་དང་པོ་ཙམ།།
ཕྲད་པས་སྲེག་མིན་དེ་མེད་མིན།།
བཅས་སོགས་དཔེ་བཞིན་ཚོགས་གཉིས་ལ།།
ཡང་ཡང་བསྟེན་པས་སངས་རྒྱས་འགྲུབ།།
ལན་ཅིག་སྒྲོན་མེ་སྦར་ལེགས་ན།།
དེ་ནས་ངང་གིས་འབར་བར་འགྱུར།།
དབང་ཡང་ལན་ཅིག་ཐོབ་ལེགས་ན།།
ས་ལམ་རྟོགས་པ་བདེ་བླག་འདྲེན།།
གསལ་བྱེད་ཡུན་རིང་གནས་འདོད་ན།།
སྡོང་བུའི་ཡུ་བ་བརྟན་པ་གཅེས།།
གསང་སྔགས་དངོས་གྲུབ་འཕེལ་རྒྱས་འདོད།།
རྩ་བ་དམ་ཚིག་བརྟན་ལ་རག།
ལོ་སྟོང་གནས་པའི་མུན་པ་དེ།།
མར་མེ་གཅིག་གིས་སེལ་བ་ལྟར།།
བསྐལ་བརྒྱར་བསགས་པའི་སྡིག་ལྟུང་ཡང༌།།
གསང་སྔགས་རྒྱལ་པོ་གཅིག་གིས་འཇོམས།།
མར་མེའི་སྣང་བ་འདོད་པ་ན།།
དེ་ཡི་རྒྱུ་སོགས་ཚང་ལ་འབད།།
བསོད་ནམས་ཚོགས་ཆེན་རྫོགས་འདོད་པས།།
ཚོགས་ཀྱི་ཞིང་ལ་ནན་ཏན་འབད།།
ཇི་ལྟར་མར་མེ་རང་འོད་དང༌།
དབྱེར་མེད་མུན་པ་འཇོམས་པ་བཞིན།།
ཆོས་ཉིད་རང་སེམས་རོ་གཅིག་པར།།
ཡེ་ཤེས་ཚོགས་རྫོགས་ཆོས་སྐུར་བསླབ།།
མར་མེ་རླུང་སྐྱོད་ཤེལ་གོང་དུ།།
བཞག་པས་གཡོ་བར་མི་ནུས་བཞིན།།
བར་ཆད་མཚན་མ་བྱུང་བའི་ཚེ།།
སྲུང་བའི་འཁོར་ལོ་བསྒོམ་པ་གནད།།
ཁོང་ཁྲོ་བྲལ་ཡང་མར་མེ་ཡིས།།
བྱེ་ལེབ་སྐད་ཅིག་སྲེག་པར་བྱེད།།
རྭ་གུར་མེ་དཔུང་འབར་བ་ལ།།
གནོད་སེམས་མེད་ཀྱང་བགེགས་རྣམས་འཇོམས།།
དྲི་བྲལ་བཻཌཱུརྱ་ཡི་གཞིར།།
རིན་ཆེན་སྒྲོན་མེའི་གཟུགས་ཀུན་སྣང༌།།
མ་དག་དྲི་མ་སྦྱངས་པའི་ཞིང༌།།
དག་པའི་རྟེན་དང་བརྟེནབཅས་ཆར།།
དག་ཅིང་གསལ་བའི་སྒྲོན་མ་མཆོག།
དབྱིབས་ལེགས་བཀྲག་མདངས་མཚར་བ་བཞིན།།
རྒྱུ་འབྲས་རྡོ་རྗེ་འཛིན་པའི་སྐུ།།
གསལ་རྫོགས་ལོངས་སྤྲུལ་རྣམ་པ་ཅན།།
སྒྲོན་མེ་གཅིག་ལའང་དེའི་གཟུགས་བརྙན།།
ཤེལ་གོང་གཅིག་ལས་དུ་མར་འཆར།།
སེམས་ཀྱི་རོལ་པ་གཅིག་ལ་ཡང༌།།
གཟུགས་རྣམ་ལྷ་སྐུ་དུ་མ་འཆར།།
སྣང་གསལ་རིན་ཆེན་འོད་ཟེར་ནི།།
རབ་ཡངས་བར་སྣང་རྩེ་དགའ་དགོད།།
ནམ་མཁའ་ཁྱབ་པའི་ཏིང་འཛིན་གྱིས།།
གཞན་དོན་ཕུན་ཚོགས་ཉེ་བར་བསྒྲུབ།།
མུན་པ་མི་འདོད་སྣང་བ་འདོད།།
དེ་ཡིས་སྒྲོན་མེ་བསྟེན་པ་ལྟར།།
ཐ་མལ་སྣང་ཞེན་སྦྱོང་འདོད་ན།།
བསྐྱེད་རིམ་ང་རྒྱལ་གསལ་སྣང་བསླབ།།
ཇི་ལྟར་མར་མེས་མུན་པ་འཇོམས།།
འོད་ཀྱིས་སྣང་བ་རྒྱས་པར་བྱེད།།
དཔལ་ལྡན་རྡོ་རྗེའི་སྐུར་བསྒོམས་པས།།
མི་ཤེས་ཀུན་ཞི་ལེགས་ཚོགས་འཕེལ།།
རིན་ཆེན་མཎ་ཌལ་ལྟ་བུའི་སྟེང༌།།
མར་མེའི་ཕྲེང་བ་བསྒྲིགས་པ་བཞིན།།
སྙིང་ཀར་གཟུངས་ཀྱིས་བསྐོར་བ་ལ།།
གཡེང་མེད་བརྩོན་པས་བཟླས་པ་བྱ།།
རྐོང་བུ་ཆུང་ཡང་ལྷ་སྐུའི་མདུན།།
མར་མེ་ཡུན་རིང་བཟུང་བ་ཡོད།།
དེ་བཞིན་ལྷ་ཡི་བྱིན་རླབས་ཞུགས།།
ཚེ་དཔལ་ཚུལ་ཁྲིམས་ཡུན་རིང་གནས།།
ཉི་མས་ཁ་བད་སྒྲོན་མེས་མུན།།
བྱིན་ཟས་བུད་ཤིང་འཇོམས་པ་བཞིན།།
བར་ཆད་ནད་གདོན་སྡིག་སྒྲིབ་རྣམས།།
བཟླས་བརྗོད་བརྩོན་བྱས་མྱུར་དུ་འཇོམས།།
སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཆེ།།
ལྷ་སྔགས་ཏིང་འཛིན་རྫས་ཀྱིས་དཔག།
མར་མེ་ལ་ཡང་རང་ཕྲ་དང༌།།
གཞན་ཕྲ་སྣ་ཚོགས་ཐབས་ཀྱིས་འབེབ།།
ཇི་ལྟར་སྣང་བྱེད་འོད་ཕྲེང་དཀྲིགས།།
མི་རྣམས་བྱ་བྱེད་དུ་མ་འབྱུང༌།།
ལྷ་ཡི་བྱིན་རླབས་དབྱེར་མི་ཕྱེད།
ཟུང་འཇུག་བདེ་ཆེན་ཆོས་ཀྱི་སྐུ།།
ཡུལ་དང་ཡུལ་ཅན་དབྱེར་མི་ཕྱེད།།
མར་མེ་ལ་སོགས་མེ་ལུང་འཕྲད།།
རྩོལ་རྟོག་མེད་པར་གཟུགས་བརྙན་འཆར།།
ཆོས་ཀུན་དྲི་མེད་ཡེ་ཤེས་ངོར།།
རྟོག་མེད་མ་འདྲེས་སོ་སོར་འཆར།།
སྒྲོན་མེའི་འོད་ཟེར་འབར་བ་ལས།།
ཀུན་ཡིད་སྣང་བའི་དཔལ་གྱིས་ཚིམ།།
རྒྱལ་གསུང་བདུད་རྩི་ཡོངས་ལ་སྤྲོས།།
གདུལ་བྱའི་ཁམས་རྣམས་ཚིམ་པར་བྱེད།།
མར་མེ་ཤེལ་དང་ཕྲད་པ་ན།།
འབད་རྩོལ་མེད་པར་གཟུགས་བརྙན་འབྱུང༌།།
རྟོག་མེད་འདོད་དགུ་འཆར་བཟོད་པའི།།
རྒྱལ་བའི་ཕྲིན་ལས་རྨད་དུ་བྱུང༌།།
སྒྲོན་མེའི་འོད་ཀྱི་རང་བཞིན་ལ།།
མུན་པ་བཙལ་ཡང་རྙེད་མི་འགྱུར།།
མཐར་ཐུག་དོན་དམ་ཆོས་ཀྱི་སྐུ།།
སྐྱོན་དང་བཅས་པ་དམིགས་མི་འགྱུར།།
མར་མེ་ལས་ནི་འོད་ཟེར་དང༌།།
འོད་ལས་གཟུགས་རྣམས་སྣང་བ་ལྟར།།
ཚོགས་གཉིས་ཟུང་འཇུག་ཆོས་སྐུ་སྐྱེད།།
ཆོས་སྐུས་འགྲོ་བའི་དོན་ཡང་སྤྱོད།།
བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ།།
ཟུང་འཇུག་མཆོག་གི་ཡོན་ཏན་བར།།
སྒྲོན་མེ་གཅིག་གིས་དཔེར་མཚོན་པའི།།
བསྟན་བཅོས་འདི་ནི་གུས་པས་ཟུངས།།
ཡེ་ཤེས་སྒྲོན་མ་འབར་བའི་བདག།
ཐུབ་པ་མི་ཡི་སྒྲོན་མ་རྣམས།།
འཇིག་རྟེན་སྒྲོན་མར་བྱོན་པའི་ཚེ།།
ལུང་བསྟན་སྒྲོན་མ་མཆོག་རྙེད་ཤོག།
འདི་སྦྱར་དགེ་བའི་ཕུང་པོ་ཡི།།
ཆོས་ཀྱི་སྒྲོན་མ་གང་མཆིས་དེས།།
འགྲོ་ཀུན་མ་རིག་མུན་པ་སངས།།
རང་ལུས་ལྷ་སྐུར་གསལ་བ་ཡང༌།།
རྫས་གཞིག་རྣལ་འབྱོར་རིམ་པས་བསྡུ།།
མར་མེའི་སྡོང་བུ་གྱེན་དུ་འབར།།
བཞུས་པའི་ཐིག་པ་ཐུར་དུ་འབབ།།
གྱེན་དུ་འབར་བའི་ཙཎཊ་ཡིས།།
སྤྱི་བོའི་ཧཾ་ཡིག་ཐུར་དུ་བཞུ།།
སྒྲོན་འོད་གསལ་བས་ཀུན་དགའ་བསྐྱེད།།
རེག་བྱ་ཚ་བས་བསྲེག་བྱ་སྲེག།
གཏུམ་མོའི་ཡེ་ཤེས་བདེ་དགའ་སྐྱེད།།
ཀུན་རྟོག་ཚང་ཚིང་ཅི་ཡང་སྲེག།
མར་མེ་རང་བཞིན་སྟོང་བ་ལྟར།།
ཆོས་ཀུན་གདོན་ནས་སྟོང་པ་སྟེ།།
དེ་ལྟར་རྟོགས་པའི་དབུ་མའི་ལམ།།
མདོ་སྔགས་གཉིས་ཀར་སྒྲོན་ལྟར་གཅེས།།
མར་མེ་རྟོག་མེད་འོད་གསལ་བ།།
རང་བཞིན་སྟོང་བ་ཇི་བཞིན་དུ།།
སེམས་ཀྱི་རང་བཞིན་འོད་གསལ་ཞིང༌།།
རྟོག་སྣང་ངོ་བོ་ཉིད་ཀྱིས་སྟོངས།།
མར་མེ་ལས་ནི་སྣང་བ་འབྱུང༌།།
སྣང་བས་ཉམས་སྤྲོའི་བྱ་བ་འཕེལ།།
ཕྱག་རྒྱ་གཞོལ་བས་ལྷན་སྐྱེས་བདེ།།
ལྷན་སྐྱེས་ལས་ཀྱང་ཡེ་ཤེས་འདྲེན།།
ཟླ་བ་ཆུ་སྣོད་སྒྲོན་མེའི་འོད།།
ཤེལ་ཕྲེང་རྡོག་པོ་སོ་སོར་འཆར།།
འོད་གསལ་བདེ་ཆེན་སྐུར་བཞེངས་པས།།
སྤྲུལ་སྐུའི་རྣམ་རོལ་དུ་མ་འཆར།།
ཇི་ལྟར་རྣམ་ལས་བྱུང་བའི་ཆོས།།
སྣུམ་ན་ཟ་བར་བྱེད་པ་ལྟར།།
འདོད་ཆགས་ལས་བྱུང་ཡེ་ཤེས་མེས།།
འདོད་ཆགས་ཉེས་པ་ཞི་བར་བྱེད།།
སུ་ཞིག་ནོར་བུའི་སྒྲོན་མ་ཐོག།
སྣང་བ་དམ་པས་ཀུན་དགའ་སྐྱེད།།
གང་ཞིག་སྒྱུ་ལུས་རིན་ཆེན་རྙེད།།
ཚེ་འདིའི་སངས་རྒྱས་བདེ་བླག་འགྲུབ།།
མར་མེའི་གཟུགས་དང་དེའི་གཟུགས་བརྙན།།
གཉིས་ཀ་རབ་འོད་དགའ་སྟོན་འབར།།
རབ་འབྱམས་འཕྲིན་ལས་དངོས་གྲུབ་རྙེད།།
གློག་འོད་མར་མེ་ཆུ་བུར་རྣམས།།
རྐྱེན་ངན་འཕྲད་ན་གློ་བུར་འབྱུང༌།།
དེ་བཞིན་དངོས་གྲུབ་རིམ་པ་ཡང༌།།
ཉམས་ལེན་བརྩོན་པས་ཉེ་བར་འབྱུང༌།།
མར་མེར་འགལ་རྐྱེན་བྲལ་བ་དང༌།།
མཐུན་རྐྱེན་ཚོགས་པས་འོད་རབ་འབར།།
རྫོགས་རིམ་རྟོགས་པ་སྐྱེད་འདོད་ན།།
ཉེ་རྒྱུའི་སྔོན་འགྲོ་གནད་སྨིན་འབད།།
གློག་སྒྲོན་ཉི་ཟླ་ནོར་བུ་ལས།།
གཟུགས་རྣམས་སྣང་བའི་དཔེ་བཞིན་དུ།།
གཞི་ཡི་དུས་ན་རགས་པ་ལྔའི།།
དྲན་སོགས་ཡུལ་ལྔ་གསལ་བར་འགྱུར།།
ཇི་ལྟར་མར་མེ་ཡལ་བ་ན།།
དེ་ཡི་འོད་ཀྱང་མི་སྣང་ལྟར།།
གཉིས་སྣང་སྤྲོས་པ་ཐིམ་པའི་སྐབས།།
རགས་པའི་སྣང་བ་ཡོངས་སུ་བསྡུ།།
མར་མེ་ཤེལ་དཀར་ཁང་བཟང་དུ།།
བཞག་པས་ཕྱི་བལྟས་ནང་གསལ་འབྱུང༌།།
རྩ་གསུམ་འཁོར་ལོ་བཞི་ལྡན་ལུས།།
ཕྱི་བལྟས་ནང་གསལ་ཚུལ་དུ་བསྐྱེད།།
ཆུ་ཤིང་རྒྱ་སྐྱེགས་ཏིལ་མར་མེས།།
དབྱིབས་སོགས་མཚོན་པའི་ཚུལ་གྱིས་ནི།།
ཁྱད་ཆོས་གསུམ་ལྡན་རྩ་དབུ་མ།།
ལུས་ཀྱི་ནང་དུ་ཉེ་བར་དཔག།
མར་མེ་ཤེལ་གྱི་བུ་གར་བཞག།
དེ་ཡི་ཁུང་བུ་ཅི་ཡོད་སྣང༌།།
རང་སེམས་ཐིག་ལེ་འོད་ཕྲོམ་བས།།
རྩ་ལམ་སྦྱངས་པས་བུ་ག་གསལ།།
ཇི་ལྟར་མུན་པས་ཁེབས་པའི་གཟིའི།།
མར་མེས་འོད་ཀྱིས་སྣང་བར་སྒྱུར།།
ལྟེ་བའི་དམར་སེར་འོད་ཕུང་གིས།།
སྣོད་བཅུད་སྦྱངས་བསྒྱུར་དམིགས་པར་བྱ།།
ཇི་ལྟར་མར་མེ་འབར་བ་ཡི།།
མཇུག་ཏུ་འོད་ཀྱི་ཕུང་བོ་བསྡུ།།
ཀུན་མཁྱེན་འོད་ཟེར་འགྱེད་གྱུར་ཅིག།
ཅེས་དམ་པ་ཆོས་ལུགས་ཀྱི་མེའི་བསྟན་བཅོས་སྒྲོན་མེ་ཁོ་ན་ལ་སྦྱར་བ་ཐར་ལམ་གསལ་བའི་སྒྲོན་མ་ཞེས་བྱ་བ་འདི་ནི། བདག་དང་སྐལ་བ་མཉམ་པའི་ཐར་འདོད་སྤྱི་དང༌། རང་གི་སློབ་བུའི་ཚོགས་ལ་ཕན་ཕྱིར་མཚོ་སྔོན་ཧྭེས་མོ་བཀྲ་ཤིས་བདེ་སྟེར་མའི་རི་འགྲམ་དུ། རབ་རྒྱལ་ས་ཡོས་ལོར། ྋནོམ་ཆི་མཁན་མིང་བས་སྦྱར་བ་དགེ་ལེགས་འཕེལ།། །།
དད་ལྡན་སྦྱིན་བདག་སུ་རུག་དགེ་སློང་བློ་བཟང་འོད་ཟེར་རྒྱ་མཚོས་མཐུན་རྐྱེན་སྦྱར་ཏེ། རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ལོར་ཡང་བསྐྱར་ཕུན་ཚོགས་ཆོས་གླིང་ནས་པར་དུ་སྐྲུན་པའི་ཤིང་པར་ལ་ཞུ་དག་གཟབ་ནན་བྱས་པ་བརྒྱུད་དེབ་གཟུགས་པར་བསྐྲུན་བྱས།། བཀྲ་ཤིས།།
མངོན་པར་བསྟོད།་ཡག་པོ་ཞིག་བྲིས་འདུག།