ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས།
གསེར་རིའི་དབུས་ན་ལྷུན་པོ་ནི།།
རབ་བརྗིད་མཚུངས་ཟླས་དབེན་པ་ལྟར།།
དགྲ་བཅོམ་འཁོར་དབུས་མངོན་མཛེས་པའི།།
སྟོན་པ་མཆོག་དེའི་ཞབས་སྐྱེས་མཆོད།།
ནོར་བུའི་ཅོད་པན་འོད་འཕྲོ་བ།།
སྐབས་གསུམ་ལྷ་ཡི་གཙུག་ན་མཛེས།།
བླ་མའི་ཞབས་ཀྱི་པདྨོ་ཡང༌།།
སློབ་མའི་གཙུག་གི་རྒྱན་དུ་འོས།།
བསམ་འཕེལ་དབང་རྒྱལ་རྒྱལ་མཚན་རྩེར།།
མངོན་མཆོད་དགོས་འདོད་ཆར་དུ་འབེབ།།
བཤེས་མཆོག་ཞབས་བསྟེན་བཀའ་དྲིན་ལས།།
འདི་ཕྱིའི་ལེགས་ཚོགས་ཡིད་བཞིན་འགྲུབ།།
མཚན་མོའི་ལམ་བགྲོད་དཀའ་ཚེགས་ཆེ།།
ནོར་བུའི་སྣང་བར་བརྟེན་པས་བདེ།།
གསུང་རབ་བདེ་བླག་རྟོགས་པའི་ཆེད།།
ལམ་སྟོན་བཤེས་གཉེན་མིག་ལྟར་གཅེས།།
ནོར་བུ་བཀྲུ་བའི་དཔེ་གསུམ་ལྟར།།
གདུལ་བྱའི་བློ་ཁའི་རིམ་པ་ལ།།
ལྟོས་ཏེ་གསུང་རབ་གོང་འོག་སྣང༌།།
དོན་དུ་ཆོས་ལ་བཟང་ངན་མེད།།
དབུལ་བོ་སྡུག་བསྔལ་གྱིས་གདུངས་ཡང༌།།
ནོར་བུའི་ཚོགས་ལ་ཡིད་སྨོན་བྱེད།།
ཤེས་བརྩོན་ནོར་གྱིས་དབུལ་ན་ཡང༌།།
ཆོས་ལ་ནན་ཏན་དད་གུས་བསྐྱེད།།
རིན་ཆེན་མགུལ་རྒྱན་འཕྱང་འཕྲུལ་གྱིས།།
མགྲིན་པ་ཡིད་འོང་བྱེད་པ་བཞིན།།
ལེགས་བཤད་གཏམ་གྱི་སྦྱོར་བ་ནི།།
བློ་གསལ་མགྲིན་པའི་མཛེས་རྒྱན་ཡིན།།
སྣ་ཚོགས་ནོར་བུའི་གཏེར་རྡོལ་བའི།།
ཁྱིམ་དུ་དབུལ་ཕོངས་སྡུག་བསྔལ་བྲལ།།
གང་ཞིག་ཆོས་ལ་དད་པ་ཐོབ།།
སེམས་ལ་ཡོན་ཏན་རྣམ་མང་འདྲེན།།
བཞིན་གྱི་ནག་ནོག་དྲི་མ་དེ།།
ནོར་བུའི་མེ་ལོང་ངོས་ན་གསལ།།
རང་སེམས་སྐྱོན་དང་ཡོན་ཏན་རྣམས།།
ཆོས་ཀྱི་མེ་ལོང་ནང་དུ་གསལ།།
བྱད་བཞིན་དངོས་དང་དེའི་གཟུགས་བརྙན།།
མེ་ལོང་ཤར་བ་འདྲ་སྣང་འཆར།།
བཅོས་མའི་དད་དང་དད་པ་གཉིས།།
འདྲར་སྣང་འཆར་ཡང་ཁྱད་པར་ཆེ།།
ལོངས་སྤྱོད་དོན་དུ་རིན་པོ་ཆེ།།
གསོག་སྒྲུབ་བྱེད་ཚེ་རྐུན་མ་སྡང༌།།
ཐོས་སོགས་ཡོན་ཏན་དོན་གཉེར་ཚེ།།
བག་མེད་རྐུན་མས་འཁྱེར་ཉེན་ཡོད།།
སྔར་རྙེད་ནོར་བུ་དོར་ནས་ནི།།
ཕྱི་མ་ལེན་ལ་དགའ་བ་ཡོད།།
སློབ་མ་ངན་པས་བླ་མ་ལ།།
སྐྱོན་དུ་བལྟ་ཞིང་ཕྱི་མ་བཙལ།།
གསེར་གྱི་ཡོན་ཏན་མི་ཤེས་འགའ།།
མིག་ལ་གནོད་ཅེས་དོར་བ་ཡོད།།
དེང་དུས་སྐྱེ་སྤྲུལ་ཕལ་ཆེར་ཞིག།
དགེ་རྒན་ཁུར་དུ་མཐོང་ནས་འདོར།།
ཇི་ལྟར་ས་རྡོ་རྙེད་སླ་ཞིང༌།།
རིན་ཆེན་མཆོག་ནི་རྙེད་པར་དཀའ།།
བདེ་འགྲོ་ངན་འགྲོའི་རྟེན་མང་པོ།།
རྙེད་ཀྱང་དལ་འབྱོར་ཐོབ་པ་དཀོན།།
ཤེལ་བུམ་རེ་ཞིག་ལོངས་སྤྱད་ཀྱང༌།།
ནམ་ཞིག་དུས་ན་འཇིག་པར་འགྱུར།།
ཡུན་རིང་ཐབས་ཀྱིས་བསྐྱང་བསྐྱངས་པའི།།
ལུས་འདི་འཇིག་པར་གདོན་མི་ཟ།།
རིན་པོ་ཆེ་དང་སྣམ་བུ་གཉིས།།
བརྐུས་ལ་ཆད་པའི་ཆེ་ཆུང་ལྟར།།
དགེ་སྡིག་ཆེ་ཆུང་སྟོབས་ཀྱིས་ནི།།
ལུས་ཀྱི་འབྲས་བུ་ཆེ་ཆུང་འབྱུང༌།།
མི་ཞིག་ལམ་ཁར་གསེར་རྙེད་པས།།
སྡུག་བསྔལ་མང་པོ་ཐོབ་པ་བཞིན།།
འཁོར་བའི་བདེ་འབྱོར་གང་ཐོབ་ཀྱང༌།།
སྡུག་བསྔལ་རང་བཞིན་ཡིད་བརྟན་མེད།།
ལུས་ངན་དཔུང་ལྡན་རྒྱལ་བཙུན་གཉིས།།
མེ་ཤེལ་ཉི་འོད་ཕྲད་པས་བསྲེགས།།
མི་དགེའི་ལས་ཀྱིས་ངན་སོང་ན།།
སྡུག་བསྔལ་དུ་མས་སེམས་ཅན་གདུངས།།
རིན་ཆེན་མེ་ཏོག་ལྷ་ལྷ་མོ།།
ཕན་ཚུན་རྩེ་འཇོའི་ཕྱིར་དུ་འཕེན།།
ཡང་སོས་དམྱལ་བ་ནང་ཕན་ཚུན།།
ཁྲོས་པས་གསོད་ཕྱིར་རལ་གྲི་འཕེན།།
གོས་དང་རིན་ཆེན་ཤིང་ལ་སོགས།།
བཟོ་སྒྲུབ་བྱེད་ཚེ་ཐིག་འདེབས་ལྟར།།
ལུས་ལ་དམྱལ་སྲུང་ཐིག་བཏབ་ནས།།
མཚོན་ཆས་གཤགས་པས་ཚུལ་འདི་སྡུག།
རིན་ཆེན་རྡོ་དང་ཤིང་སྨན་སོགས།།
གཏུན་དུ་བརྡུངས་པས་རབ་ཏུ་བཅོམ།།
བསྡུས་འཇོམས་རི་བོས་ལས་ངན་རྣམས།།
ཕྱེ་མར་འཐག་ཅིང་ཁྲག་གླུང་འབབ།།
རིམ་གཅིག་རིམ་གཉིས་གོང་བུར་བསྲེགས།།
རིན་ཆེན་སྨན་ནུས་ཆེ་ཆུང་ལྡང༌།།
ལྕགས་ཁང་རིམ་གཅིག་རིམ་གཉིས་བསྲེགས།།
སེམས་ལ་སྡུག་བསྔལ་ཆེ་ཆུང་འབྱུང༌།།
ལྷ་རྣམས་རིན་ཆེན་ཁང་བཟང་ན།།
བདུད་རྩིའི་ཁྲུས་ཀྱིས་ལུས་ཀུན་གས།།
ཁྲོ་ཆུའི་ནང་ན་དམྱལ་པའི་འགྲོ།།
གསལ་ཤིང་རྩེར་བསྐྱོན་ཁྲག་གིས་གཤེར།།
དགེ་འབྲས་བདེ་རེག་ས་གཞི་དང༌།།
རི་བོར་ལྷ་རྣམས་བདེ་བ་མྱོང༌།།
སྡིག་འབྲས་ལྕགས་སྲེག་ས་གཞི་དང༌།།
རི་བོ་སེམས་དམྱལ་སྲེག་པའི་རྫས།།
རིན་ཆེན་མར་མེའི་སྡོང་བུ་དེ།།
མེ་དང་ལྷན་ཅིག་སྲེག་པ་ལྟར།།
ལུས་པོ་མེ་དང་དབྱེར་མེད་འདྲེས།།
མི་བཟད་དམྱལ་བ་མནར་མེད་སྦུག།
མུན་པར་ཆུད་པའི་དོང་བཞིན་དུ།།
སྨག་རུམ་གནས་པའི་གངས་རིའི་ཁྲོད།།
ཆུ་བུར་ཅན་སོགས་སྡུག་བསྔལ་དང༌།།
ཚེ་ཚད་ཡུན་རིང་འཇིགས་པ་ཆེ།།
སེམས་དཔའ་ཆེ་རྣམས་རིན་ཆེན་དང༌།།
ཟས་ཀྱི་ཆར་ཕབ་དུག་ཏུ་འགྱུར།།
དེ་འདྲའི་ལས་ཀྱིས་གདུངས་པ་ཡི།།
ཡི་དྭགས་བཀྲེས་སྐོམ་དུ་མས་ཉེན།།
དབྱར་དུས་ཟླ་དཀྱིལ་ཤར་བས་སྲིབ།།
དགུན་དུས་ཉི་དཀྱིལ་ཤར་ཡང་འཁྱག།
སྨིག་རྒྱུ་ཆུར་མཐོང་ཆུ་ཀླུང་སྐམ།།
ཡི་དྭགས་སྣང་བ་ཕྱིན་ཅི་ལོག།
རིན་ཆེན་འབྱོར་ཡང་ཀླུ་འགའ་ཞིག།
བྱེ་ཚན་དང་ནི་མཁའ་ལྡིང་འཇོམས།།
དུད་འགྲོ་གཞན་དབང་ཤུགས་ཆེ་བས།།
རང་ལུས་གཞན་གྱིས་ཟས་སུ་ཟ།།
རིན་ཆེན་མདུན་དུ་སྤུངས་ན་ཡང༌།།
རྡོ་དང་ཁྱད་མེད་རྐང་བས་བརྫི།།
དེ་འདྲའི་རྨོངས་པའི་ཟིལ་མནན་པའི།།
དུད་འགྲོའི་སྐྱེ་གནས་ཉམ་རེ་ང༌།།
མེ་ཤེལ་ཉི་མའི་དཀྱིལ་འཁོར་ལ།།
གྲང་རེག་འཇོམས་པའི་ནུས་པ་སྣང༌།།
བསླུ་བ་མེད་པའི་དཀོན་མཆོག་གསུམ།།
ངན་འགྲོའི་འཇིགས་སྐྱོབ་དཔུང་གཉེན་ཆེ།།
རིན་ཆེན་ས་གཞི་ལྕགས་བསྲེགས་གཞི།།
ལྷ་དང་དམྱལ་བ་སོ་སོར་སྤྱོད།།
དགེ་སྡིག་ལས་ལས་བདེ་སྡུག་རྣམས།།
འབྱུང་ཚུལ་ཞིབ་བསམ་སྐྱོ་བར་མཛོད།།
ཉི་དཀྱིལ་མཁའ་ལ་ཤར་བ་ན།།
དྲོ་གྲང་ཉིན་སྲིབ་ཁྱད་ལས་འབྱུང༌།།
རྒྱལ་བའི་ཐུགས་རྗེ་ཀུན་སྙོམས་ཀྱང༌།།
འགྲོ་ལ་བདེ་སྡུག་ལས་ཀྱིས་འབྱུང༌།།
གསེར་སོགས་རིན་ཆེན་སྣ་བདུན་གྱི།།
བང་མཛོད་ཐབས་ཀྱིས་བསྒྲུབས་པ་བཞིན།།
ཡོན་ཏན་བདུན་གྱིས་ཉེར་མཛེས་པའི།།
རྟེན་བཟང་ཐོབ་པའི་ཐབས་ལ་འབད།།
རིན་ཆེན་སྨན་གྱི་རྫས་འགའ་ལ།།
ཞེན་པ་ལྡོག་ཀྱང་ནད་པས་འཐུང༌།།
སྡུག་བསྔལ་ལས་ནི་ཐར་པའི་ཕྱིར།།
གནས་སྐབས་མངོན་མཐོ་དོན་དུ་གཉེར།།
རིན་ཆེན་ས་གཞིར་ནོར་བུའི་ལྗོན།།
རྒྱུ་ཚོགས་ཚང་ན་སྐྱེ་བ་ལྟར།།
རྒྱུ་བརྒྱད་དག་པ་གསུམ་ཚང་ན།།
རྣམ་སྨིན་འབྲས་བུ་ཕུལ་བྱུང་འབྱིན།།
མི་ཡི་དབང་པོ་འཁོར་སྒྱུར་ཆེས།།
གསེར་གྱི་འཁོར་ལོར་དབང་བསྒྱུར་ཡང༌།།
ནམ་ཞིག་ལས་ཀྱི་གཞན་དབང་གིས།།
ལྟུང་བའི་ཚུལ་འདི་བསམས་ཚེ་སྐྱོ།།
ནོར་བུའི་འོད་དང་གཞལ་མེད་ཁང༌།།
ལྷ་མིན་ལོངས་སྤྱོད་ལྷ་ལ་འགྲན།།
ཕྲག་དོག་དང་ནི་གཡོ་སྒྱུ་ཡིས།།
བདེན་མཐོང་སྐལ་མེད་བདུད་ཀྱི་གཉེན།།
རིན་ཆེན་ཐེམ་སྐས་འབབ་འཛག་ལས།།
དམའ་ཞིང་མཐོ་བའི་གོ་ས་ལྟར།།
ཡང་དང་ཡང་དུ་རིགས་དྲུག་འགྲོའི།།
མཐོ་དམན་ས་རུ་ངེས་པར་སྐྱེ།།
རིན་ཆེན་རྒྱན་ལྡན་ལྷའི་བུ་མོར།།
རེག་པའི་བདེ་བ་ཡུན་རིང་མྱོང༌།།
སླར་ཡང་དམྱལ་བར་འཐག་གཅོད་ཀྱི།།
རེག་པ་མི་བཟད་བསྟེན་དགོས་སྡུག།
རྐང་གདུབ་སྒྲས་ཀྱང་ཡིད་དབང་འགུགས།།
ལྷུན་པོའི་སྤོ་ལ་ཡུན་རིང་གནས།།
སླར་ཡང་མེ་མུར་རོ་མྱགས་བརྒལ།།
སྡུག་བསྔལ་མྱོང་ཚེ་ཅི་ཞིག་བྱ།།
རིན་ཆེན་ཁང་བཟང་མཛེས་པའི་ཚལ།།
ལྷ་བུ་རྣམས་དང་རྩེན་བརྩོན་ནས།།
སླར་ཡང་རལ་གྲིའི་ནགས་ཚལ་ལྷུང༌།།
རྐང་ལག་གཅོད་འགྱུར་སུ་ཞིག་བཟོད།།
ནོར་བུས་གང་བའི་དལ་འབབ་འགྲམ།།
གདོང་མཛེས་བུ་མོར་ལྷན་ཅིག་འགྲོགས།།
སླར་ཡང་ཆུ་བོ་རབ་མེད་དུ།།
སྐྱེ་དགོས་བསམ་ཚེ་ཡིད་རེ་སྐྱོ།།
རྣམ་པར་རྒྱལ་བའི་ཁང་བཟང་ན།།
བརྒྱ་བྱིན་ལྷ་རྣམས་མཆོད་པའི་ཡུལ།།
འདི་ཡང་ལས་ཀྱི་ས་སྟེང་ལྟུང༌།།
འཁོར་བར་ཡང་བྲན་འགྱུར་བར་གསུངས།།
གསེར་གྱི་སྒྲོག་གིས་བཅིངས་ན་ཡང༌།།
མངོན་པར་དགའ་བློ་མི་འབྱུང་ལྟར།།
ཁམས་གོང་ལྷ་ཡི་ཏིང་འཛིན་སོགས།།
རེ་ཞིག་ངལ་གསོ་ཙམ་དུ་ཟད།།
ཟླ་བའི་དཀྱིལ་འཁོར་ཤར་བ་ན།།
ཚ་བའི་གདུང་བ་འཕྲོག་པར་བྱེད།།
འཕགས་ནོར་ཞི་བའི་ལམ་བཟང་བསྟེན།།
ཉོན་མོངས་ཚ་གདུང་གཞིལ་བར་འགྱུར།།
རིན་ཆེན་ཕལ་བ་མངས་ན་ཡང༌།།
དགོས་འདོད་ཀུན་འབྱུང་ནོར་བུ་དཀོན།།
བྱང་ཆུབ་སེམས་ཀྱི་རིན་ཆེན་འདིས།།
དགེ་བ་གཞན་གང་ཟིལ་གྱིས་གནོན།།
སྣ་ཚོགས་ནོར་བུའི་ཕུང་པོ་རྣམས།།
འདྲེན་འདོད་ཤིང་རྟ་ཐབས་སུ་བཙལ།།
སངས་རྒྱས་ཆོས་རྣམས་འདྲེན་འདོད་པས།།
གཏོང་སེམས་སྤེལ་ལ་རྒྱ་ཆེར་བསླབ།།
རིན་ཆེན་ཤིང་རྟ་བསྒྱུར་འདོད་ཚེ།།
ཁ་ལོ་བ་ཞིག་གྲོགས་སུ་དགོས།།
འདོད་པ་འབྲས་བཅས་གཏོང་འདོད་ན།།
ཞེན་མེད་འཁོར་གསུམ་དག་པ་གཅེས།།
ཆུ་གཏེར་ནོར་བུའི་བུམ་པ་ལས།།
དག་བྱེད་རྒྱུན་འབབ་དྲི་མ་འཁྲུད།།
ཚུལ་ཁྲིམས་གང་གཱའི་རྒྱུན་བཟང་པོ།།
བརྟེན་པའི་ཉེས་སྤྱོད་དྲི་མ་འཁྲུད།།
ནོར་གྱི་བྱེ་བྲག་ཉུང་ན་ཡང༌།།
གསེར་མང་གྱུར་ན་དོན་གྱིས་འབྱོར།།
ཡོན་ཏན་མང་པོ་མ་མཆིས་ཀྱང༌།།
ཚུལ་ཁྲིམས་ལྡན་ན་དོན་གྱིས་འབྱོར།།
ཉི་མ་མེ་ཤེལ་ཕྲད་པའི་ཚེ།།
སྲེག་བྱེད་ནུས་པ་ལྷག་པར་ལྡང༌།།
སྡུག་བསྔལ་ལ་སོགས་རྐྱེན་ཕྲད་ཚེ།།
བྱང་སེམས་བཟོད་པའི་གོ་ཆ་བགོ།
རང་བཞིན་དབྱིབས་ལེགས་ལང་འཚོ་ཅན།།
རིན་ཆེན་རྒྱན་གྱིས་ལྷག་པར་མཛེས།།
སྙིང་སྟོབས་མཆོག་གི་ཡོན་ཏན་ཅན།།
བཟོད་པ་ཁྱད་འཕགས་གོ་ཆས་མཛེས།།
ནོར་བུའི་མཆོག་དམན་བྱེ་བྲག་གི།
འོད་ཀྱང་ཆེ་ཆུང་འབྱུང་བ་ལྟར།།
ལམ་བཟང་སྒྲུབ་ཚེ་བརྩོན་འགྲུས་ཀྱི།།
ཁྱད་ལས་ས་ཆོད་ཆེ་ཆུང་འབྱུང༌།།
བརྩོན་པ་ཤུགས་དྲག་རྒྱུན་རིང་བས།།
རིན་ཆེན་རི་བོ་འབིགས་པར་སྣང༌།།
མི་ལྡོག་བརྟན་པའི་བརྩོན་འགྲུས་ཀྱིས།།
གང་བརྩམས་ལས་ཀྱི་མཐའ་རྣམས་འགྲུབ།།
དཔུང་བ་བརྟན་འི་ལག་པ་ཡིས།།
རྩེ་ཕྲན་མུ་ཏིག་འཕྱང་འཕྲུལ་བསྟར།།
བྱིང་རྒོད་སྐྱོན་བྲལ་ཏིང་འཛིན་གྱིས།།
དམིགས་ཡུལ་མཚན་དཔེའི་མཛེས་སྡུག་བཟོ།།
ནོར་བུ་བཞུ་བླུགས་བྱེད་པ་ན།།
རྫས་ཀྱི་རྟེན་འབྲེལ་ཚང་བ་དགོས།།
རྣམ་དག་ཏིང་འཛིན་འགྲུབ་འདོད་པས།།
ཡན་ལག་རྒྱུ་ཚོགས་ཚང་བར་འབད།།
བརྩོན་པས་རབ་ཏུ་བརྡར་བ་ཡི།།
རིན་ཆེན་རལ་གྲིས་འཁྲི་ཤིང་གཅོད།།
ཡང་ཡང་སྦྱངས་པའི་ཤེས་རབ་ཀྱིས།།
རྨོངས་པའི་དྲ་བ་གཅོད་པར་བྱེད།།
དམིགས་བུ་མེད་ན་དམུས་མོང་རྣམས།།
རིན་ཆེན་གྲོང་ཁྱེར་ག་བར་བགྲོད།།
གང་ཚེ་ཤེས་རབ་མིག་མེད་ན།།
སྦྱིན་སོགས་དམུས་ལོང་འདྲ་བར་གསུངས།།
ནོར་བུ་དགྲ་བོའི་དཔུང་འཇོམས་སོགས།།
ཉེར་མཁོ་ཆགས་མེད་སྦྱིན་པ་ལྟར།།
གཞན་བདེ་མཆོག་ལ་སྦྱོར་འདོད་པས།།
རང་གི་བདེ་བ་རྩྭ་ལྟར་འདོར།།
མཐོ་དམན་གང་ཡང་དགའ་སྐྱེད་རྫས།།
རིན་པོ་ཆེ་ལས་གཞན་ན་གང༌།།
སྙན་སྨྲ་གཙོ་བོ་ལེགས་བཤད་སྨྲ།།
གང་ཕན་ཚིག་སྦྱོར་ཚུལ་མཁས་ཡིན།།
རིན་ཆེན་སྦྱིན་ན་དགའ་ལགས་ཏེ།།
སྟེར་བའི་ཚིག་ཙམ་དེ་ལྟ་མིན།།
དོན་སྦྱོར་བཟང་པོར་སྙིང་ནས་འཇུག།
ཁ་བཤད་ཙམ་གྱིས་མཐར་མི་ཕྱིན།།
ནོར་བུ་སྦྱིན་པའི་དེད་དཔོན་མཐོང༌།།
ཐམས་ཅད་དེ་ལ་ཡིད་སྨོན་བྱེད།།
དེ་ནི་རང་གིས་སྤྱད་བྱས་ན།།
གཞན་དག་དེ་ཡི་རྗེས་སུ་འཇུག།
བི་ཤྭ་ཀརྨས་ལྷ་དང་མིའི།།
རིན་ཆེན་ལས་གྲུབ་མཛེས་སྐུ་བཞིན།།
རྡོ་རྗེ་སློབ་དཔོན་བློ་ཆེན་གྱིས།།
རང་སེམས་སྐུ་བཞིའི་ས་བོན་བསྐྲུན།།
ནོར་བུའི་སྣོད་དུ་བཟུང་འོས་པའི།།
ཆུ་གཙང་ལུས་ཀྱི་དྲི་མ་འཁྲུད།།
རྣམ་དག་དབང་བཞིའི་རྒྱུན་བཟང་གིས།།
སྒོ་གསུམ་སྒྲིབ་པའི་དྲི་མ་འཁྲུད།།
ནོར་བུའི་བྱེ་བྲག་ཁྱད་པར་གྱིས།།
ཡོན་ཏན་བཟང་ངན་ཤེས་པ་དཀོན།།
གསང་སྔགས་མཆོག་གི་གདུལ་བྱ་ཡང༌།།
དཔེ་ཡི་ཁྱད་པར་དུ་མ་བཅས།།
རྒྱལ་པོ་དགའ་བར་བྱ་འདོད་པས།།
རིན་ཆེན་ཕུལ་བ་ཐབས་སུ་བཟང༌།།
ཡི་དམ་ལྷ་ཚོགས་མཉེས་བྱེད་ན།།
དམ་ཚིག་བསྲུང་བའི་ཚོགས་བསགས་འབད།།
མུན་སེལ་འཛམ་གླིང་སྣང་བའི་འོད།།
ཉི་མའི་དཀྱིལ་འཁོར་ཤར་བས་འོང༌།།
སྐྱེ་ཤི་བར་དོ་སྦྱོང་བའི་ལམ།།
གནད་སྨིན་བསྐྱེད་རིམ་སྟོབས་ལས་འབྱུང༌།།
སྣ་ཚོགས་ནོར་བུའི་འོད་ཟེར་གྱི།།
རྩེ་དགའ་དགོད་པའི་ངོ་མཚར་ལྟར།།
ནམ་མཁའ་ཁྱབ་པའི་ཏིང་འཛིན་གྱིས།།
སྤྲོ་དང་བསྡུ་བའི་རྣམ་འབྱོར་བྱ།།
ལྷ་དབང་བརྒྱ་བྱིན་གཟུགས་བརྙན་ནི།།
བཻཌཱུར་དྭངས་མའི་གཞི་ལ་འཆར།།
ཏིང་འཛིན་པིར་གྱིས་བྲིས་པ་ཡི།།
འཇའ་ཚོན་ལྷ་སྐུ་ཡིད་ངོར་བཞེངས།།
ཁ་དོག་སྣ་ལྔའི་ནོར་བུའི་འོད།།
རྣམ་པའི་ཁྱད་པར་ཉམས་སྤྲོ་སྐྱེད།།
རིགས་ལྔ་ཡབ་ཡུམ་རྣམ་འགྱུར་གྱི།།
ཁྱད་ལས་བདེ་དགའ་ལྷག་པར་འདྲེན།།
རྟ་བདུན་དཀྱིལ་འཁོར་འོད་འབར་བ།།
སྐྱ་རེངས་སྣང་པའི་འཛུམ་གྱིས་བསུ།།
རྫོགས་རིམ་ཟབ་མོའི་རྣལ་འབྱོར་བདེ།།
ཕྱག་རྒྱའི་འཕྲུལ་འདེགས་སྟོབས་ཀྱིས་འདྲེན།།
རིན་ཆེན་རྒྱན་གྱི་གདུབ་ཀོར་དེ།།
ཆགས་ལྡན་ཡིད་དབང་འགུགས་པའི་ཐབས།།
རྡོ་རྗེ་སློབ་དཔོན་སྲས་བཅས་མཆོད།།
མཁའ་འགྲོ་མ་རྣམས་འགུགས་པའི་རྒྱུ།།
ཇི་ལྟར་ནོར་བུ་ཀེ་ཏ་ཀས།།
རྙོག་མའི་ཆུ་བོ་དྭངས་པར་བྱེད།།
དྷི་ཏིར་འབར་འཇིགས་ལས་བྱུང་བའི།།
དགའ་བདེས་སེམས་ཀྱི་སྒྲིབ་རྙོག་གྲུངས།།
ཟླ་བའི་དཀྱིལ་འཁོར་བདུད་རྩི་ཡི།།
ཟེགས་མ་འབུམ་འཛག་ཀུན་ད་བཞད།།
བྱང་སེམས་དབུ་མར་བཞུས་པ་ལས།།
ལྷན་སྐྱེས་བདེ་ཆེན་དགའ་སྟོན་བཞད།།
ཆུ་ཤེལ་དབང་པོའི་དཀྱིལ་འཁོར་ལ།།
བཅུ་དྲུག་ཆ་ཡི་འཕེལ་བ་སྣང༌།།
དཔྱིད་ཀྱི་ཐིག་ལེ་རྒྱས་པའི་དཔལ།།
དགའ་བའི་ལང་ཚོ་བཅུ་དྲུག་ངོམ།།
གང་ཞིག་རྒྱ་མཚོར་གྲུ་གཟིངས་བསྡམས།།
རིན་ཆེན་གླིང་ནས་ནོར་བུ་འདྲེན།།
དེ་བཞིན་དམ་ཚིག་བསྲུང་བ་དང༌།།
རྒྱུད་སྡེའི་གདམས་ངག་ལེན་འདོད་བསྐྱེད།།
དེད་དཔོན་ཡིད་བཞིན་ནོར་བུ་ལེན།།
དོན་མཐུན་རྒྱ་མཚོའི་འཇིགས་ལས་སྒྲོལ།།
སློབ་དཔོན་ལེགས་བཤད་ནོར་བུ་འདྲེན།།
གདུལ་བྱ་སྲིད་མཚོ་ཆེ་ལས་སྒྲོལ།།
གསེར་བཟང་མཛེས་པའི་ཀ་ལ་ཤའི།།
རྒྱུན་བཟང་ལུས་ཀྱི་དྲི་མ་འཁྲུད།།
བུམ་དབང་གང་གཱའི་ཀླུང་ཆེན་རྒྱུན།།
ཐ་མལ་སྣང་ཞེན་དྲི་མ་སྦྱོང༌།།
རིན་ཆེན་ཕྲ་ལྡེམ་ལྗོན་པ་ཅན།།
པདྨའི་ཟེའུ་འབྲུར་བུང་བས་སྤྱོད།།
ཟབ་གསང་ཨ་མྲི་ཏ་ཡི་ཁམས།།
བླ་མའི་མན་ངག་སྟོབས་ལས་མྱང༌།།
རིན་ཆེན་ཉི་འོད་དང་འགྲོགས་པས།།
པདྨོར་སྦྲང་རྩིའི་ཕུང་པོ་རྒྱས།།
སྤུ་ལོང་གཡོ་བའི་ཟློས་གར་ཅན།།
ཕྱག་རྒྱའི་པདྨའི་བཅུད་ལེན་བསྔགས།།
བཻཌཱུར་དག་པའི་མེ་ལོང་དུ།།
གཟུགས་བརྙན་བྱེ་བ་འགོག་མེད་འཆར།།
བདེ་ཆེན་རང་བཞིན་དགའ་བའི་དངོས།།
དག་པའི་བརྟན་གཡོ་ཅི་ཡང་འཆར།།
ཉི་མ་མེ་ཤེལ་ཁམས་གཅིག་ལས།།
ཕྱོགས་བཅུར་འོད་ཟེར་ཀུན་ཏུ་འགྱེད།།
རྒྱལ་བ་སྤྲུལ་བཞི་ལོངས་སྤྱོད་རྫོགས།།
ངོ་མཚོར་སྤྲུལ་སྐུ་ཐེར་འབུམ་འགྱེད།།
རིན་ཆེན་སྙིང་པོ་དག་པ་ལྟར།།
ནམ་མཁའི་ཁམས་ནི་རྣམ་པར་དག།
རྒྱལ་བའི་གསུང་རབ་མཐའ་ཀླས་པའི།།
བརྗོད་བྱའི་རང་བཞིན་རྣམ་པར་དག།
ནོར་བུ་རང་བཞིན་སྐྱེ་བ་མེད།།
འགག་མེད་གནས་པ་མེད་པ་སྟེ།།
འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱང༌།།
དེ་ལྟར་རང་བཞིན་ཉིད་ཀྱིས་སྟོངས།།
དེད་དཔོན་མཆོག་གྱུར་སྦྱིན་ལ་དགའ།།
ནོར་བུས་འགྲོ་བའི་རེ་འདོད་སྐོང༌།།
སྟོབས་བཅུ་མངའ་བ་རྫོགས་སངས་རྒྱས།།
འགྲོ་ལ་བདུད་རྩིའི་གཏེར་ཆེན་འགྱེད།།
རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར།།
ནོར་བུའི་འབྱུང་གནས་ཆེན་པོར་གྲུབ།།
ཐུབ་པའི་གསུང་རབ་བདུད་རྩིའི་གཏེར།།
ཕན་བདེའི་འབྱུང་གནས་ཆེ་རུ་གྲུབ།།
བུམ་པ་བཟང་པོ་རིན་ཆེན་སྣོད།།
འགྲོ་བའི་རེ་སྐོང་འདོད་འཇོའི་དཔལ།།
གདམས་པ་རིན་ཆེན་དཔལ་གྱི་རྒྱལ།།
འཇམ་མགོན་ལེགས་བཤད་ཁྱད་པར་འཕགས།།
འབྱོར་ལྡན་རིན་ཆེན་སྤེལ་འདོད་པས།།
དད་དཔོན་རྗེས་སུ་འཇུག་པ་ལྟར།།
སངས་རྒྱས་ཆོས་རྣམས་ཐོབ་འདོད་ན།།
སློབ་དཔོན་རྗེས་སུ་འཇུག་པར་བྱ།།
རིན་པོ་ཆེ་ཡི་རྒྱན་བརྒྱད་པོ།།
ཡིད་འཕྲོག་ལྷ་ཡི་རྫས་སུ་འདྲ།།
འདིར་ནི་མཚུངས་གསལ་སོགས་བཀོད་པའི།།
གདམས་ངག་འགྲོ་ལ་སྨན་པའི་ཐབས།།
དགོས་འདོད་ཀུན་འབྱུང་ནོར་བུ་ཡིས།།
ཚེ་འདིའི་རེ་བ་ཀུན་སྐོང་ལྟར།།
འདི་སྦྱར་དགེ་བས་མཁའ་མཉམ་འགྲོའི།།
ཕན་བདེའི་རེ་བ་ཀུན་སྐོང་ཤོག།
ཅེས་དམ་པ་ཆོས་ལུགས་ཀྱི་རིན་པོ་ཆེའི་བསྟན་བཅོས་ལེགས་བཤད་དབང་གི་རྒྱལ་པོ་ཞེས་བྱ་བ་འདི་ནི། མཚོ་སྔོན་ཨ་ཏོན་ཏིས་སྔོན་ནས་སྐྱོ་སངས་ཉིན་ལ་བྱས་སྐབས། ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས་ཀྱིས་རབ་རྒྱལ་ས་ཡོས་ལོར་སྦྱར་བ་དགེ་ལེགས་འཕེལ། དད་ལྡན་སྦྱིན་བདག་སུ་རུག་དགེ་སློང་བློ་བཟང་འོད་ཟེར་རྒྱ་མཚོ་དང་ས་སྐོར་ཊཱ་ཀི་གཉིས་ཀྱིས་མཐུན་རྐྱེན་སྦྱར་ཏེ། རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ལོར་ཡང་བསྐྱར་པར་དུ་བསྐྲུན་པའོ།། བཀྲ་ཤིས།། །།