ནོམ་ཆི་མཁན་པོ་ངག་དབང་ཕུན་ཚོགས།
མཁྱེན་པའི་ཡེ་ཤེས་ཆོས་ཀུན་གཟིགས།།
བརྩེ་བའི་ཐུགས་རྗེས་འགྲོ་ཀུན་སྐྱོང༌།།
འཕྲིན་ལས་ནུས་པའི་གནམ་ལྕགས་འབར།།
བདུད་སྡེ་འཇོམས་མཛད་དེར་ཕྱག་འཚལ།།
རང་སེམས་དད་པ་སྐྱེས་པའི་ཚེ།།
བླ་མའི་བྱིན་རླབས་བདེ་བླག་འཇུག།
འདྲེན་བྱར་ཨ་ལོང་ལྡན་གྱུར་ན།།
འདྲེན་བྱེད་ལྕགས་ཀྱུའི་བྱ་བ་སླ།།
ལྕགས་ཀྱི་རིན་དང་གསེར་གྱི་རིན།།
ཟོང་དུ་བསྒྲུབས་ན་ཁྱད་ཆེ་ལྟར།།
འཇིག་རྟེན་དོན་ལས་ཆོས་གཙོ་བོར།།
བསྒྲུབས་པས་དོན་ཆེན་འབྲས་བུ་འབྱུང༌།།
མེ་ཡིས་དྲོས་ཙམ་བྱས་པ་ཡི།།
ལྕགས་ལ་ངར་ནི་ཆེར་མི་འབྱུང༌།།
ལེགས་བཤད་ཅུང་ཟད་ཐོས་ཙམ་གྱིས།།
སེམས་ལ་དད་པ་གཏིང་སྐྱེས་དཀའ།།
མེ་འོད་འབར་བའི་རལ་གྲི་ནི།།
མིན་ཡང་བཟུང་བས་དགྲ་འཇོམས་ལྟར།།
མཚན་ཉིད་ཀུན་ལྡན་མ་ཡིན་ཡང༌།།
བླ་མ་བསྟེན་པས་ཉེས་ཚོགས་ཞི།།
ཐོ་བ་ནམ་མཁར་འདེགས་པ་ན།།
ལྕི་ཡང་ལག་པས་འཇལ་བར་བྱེད།།
རྒྱལ་བའི་གསུང་མཆོག་ལེགས་བཤད་ལ།།
ཕྲ་ཞིབ་རིག་པས་བརྟག་དཔྱད་བྱ།།
ཇི་ལྟར་རྡོ་ལ་གསེར་དང་ཟངས།།
ལྕགས་སོགས་འབྱུང་བའི་རིགས་འགའ་སྣང༌།།
གདུལ་བྱ་ཆོས་ལ་ཞུགས་པ་ལས།།
ཐེག་པ་གསུམ་གྱི་རིགས་ཅན་འབྱུང༌།།
རྣོ་ཡང་ཁབ་ལ་བུ་ག་མེད།།
སྐུད་པ་རྗེས་སུ་འདྲེན་མི་ནུས།།
བློ་ལྡན་སྙིང་རྗེ་མེད་པ་ན།།
གདུལ་བྱ་རྗེས་སུ་འཁྲིད་མི་ནུས།།
ཁབ་ལམ་དྲང་བའི་སྐུད་པ་དེ།།
ཅི་ནས་དྲང་པོ་འོང་པ་ལྟར།།
བསྟེན་སའི་བཤེས་གཉེན་མ་ནོར་ན།།
བློ་ཁ་རིམ་གྱིས་བདེ་བར་དཀྲི།།
རྡོ་དང་ལྕགས་གཉིས་འཕྲད་པ་ན།།
མེ་སྟག་འབྱུང་བ་ཤིན་ཏུ་སླ།།
དད་བརྩོན་ཚོགས་པའི་བླ་སློབ་ཟུང༌།།
ཡོན་ཏན་སྐྱེ་བར་ཐེ་ཚོམ་མེད།།
སྲ་བརྟན་ལྕགས་ཀྱི་ཕ་བོང་དེ།།
ཐུར་འདྲེན་སླ་ཡང་གྱེན་འདྲེན་དཀའ།།
སྐལ་ངན་བློ་ཁ་འཇིག་རྟེན་ལ།།
བསྒྱུར་བ་སླ་ཡང་ཆོས་ལ་དཀའ།།
ལྕགས་ཀྱི་གདུང་མ་སྦོམ་ན་ཡང༌།།
བརྩོན་པས་བརྡར་བས་རིམ་གྱིས་གཅོད།།
མི་ཤེས་དྲ་བ་དཔུང་འཐུག་ཀྱང༌།།
ཐོས་ལ་བརྩོན་པས་རིམ་གྱིས་གཞོམ།།
རྡོ་དང་ལྕགས་ལ་ཕྱག་འཚལ་བས།།
བྱིན་རླབས་ཞུགས་པའི་ལོ་རྒྱུས་ཡོད།།
བླ་མའི་བྱིན་རླབས་ཆེ་ཆུང་ཡང༌།།
རང་སེམས་དད་པའི་སྟོབས་ལ་རག།
ལྕགས་ཀྱི་སླ་ང་ཆེས་སྲ་ཡང༌།།
ནམ་ཞིག་གས་ཆག་འབྱུང་ངམ་འཇིག།
ཐོབ་དཀའ་འཛམ་གླིང་མི་ཡི་ལུས།།
རེ་ཞིག་གནས་ཀྱང་འཇིག་པར་འགྱུར།།
ཇི་ལྟར་ལྕགས་ནི་ཆེས་མང་ཡང༌།།
རང་བྱུང་ལྕགས་ཀྱི་སྐུ་གཟུགས་དཀོན།།
དེ་བཞིན་འཇིག་རྟེན་བརྒྱ་ལམ་ན།།
དལ་འབྱོར་རྟེན་ཐོབ་སྲིད་མཐའ་ཙམ།།
ཇི་ལྟར་བཟོ་བོའི་འདུ་བྱེད་ལས།།
ལྕགས་ལ་རྒྱལ་བའི་སྣང་བརྙན་བསྐྲུན།།
ལས་ཀྱི་བཟོ་བོས་བསྒྲུབས་པའི་རྟེན།།
འདི་ཕྱིའི་དོན་ཆེན་འགྲུབ་པའི་གཞི།།
དམྱལ་བ་མེ་སྟག་ལྕགས་སྲེག་འབར།།
ཡི་དྭགས་ཁྲོ་ཆུ་རྣག་ཁྲག་འཐུང༌།།
དུད་འགྲོ་ལྷ་མི་མཚོན་ཆས་གཤགས།།
འགྲོ་ལྔ་དག་ན་བདེ་བ་མེད།།
ལྕགས་ཀྱི་ཁྲི་མུན་ཆུད་པ་འགའ།།
སྐྱབས་འགྲོའི་སྒྲས་ཀྱང་ཐར་པ་ཡོད།།
དེ་ཕྱིར་ཡ་ངའི་འཇིག་རྟེན་འདིར།།
བསླུ་མེད་སྐྱབས་གནས་བཙལ་རེ་རན།།
ལྕགས་ཀྱི་ཐུ་ལུམ་ནང་དུ་ཡང༌།།
ངན་འགྲོའི་ལུས་ནི་འབྱུང་བ་སྲིད།།
ལས་ཀྱི་རྣམ་སྨིན་བསམ་མི་ཁྱབ།།
དེ་ཕྱིར་དགེ་སྡིག་བླང་དོར་མཛོད།།
ལྕགས་ཀྱི་ཁྲོན་པ་འབར་བའི་ནང༌།།
འདུག་བར་མི་བཟོད་སྐྱོ་བ་འབྱུང༌།།
འཁོར་བའི་བཙོན་རྭ་ལས་ཐར་པའི།།
ཞི་བའི་ཁང་བཟང་བསྙེགས་འདོད་བསྐྱེད།།
ཇི་ལྟར་གསེར་འགྱུར་རྩི་ཡིས་ནི།།
ལྕགས་ནི་གསེར་དུ་སྒྱུར་བར་བྱེད།།
བྱང་ཆུབ་སེམས་ཀྱིས་རང་གི་སེམས།།
རིན་ཆེན་རིན་ཐང་བྲལ་བར་བསྒྱུར།།
གཏོང་བའི་སེམས་ནི་གོམས་པ་ལས།།
སྦྱིན་པའི་ཕ་རོལ་ཕྱྀན་རྫོགས་འགྱུར།།
རལ་གྲི་ཡང་ཡང་བརྡར་བ་ལས།།
རྣོ་ངར་སྤུ་གྲིའི་བདག་ཉིད་ཐོབ།།
ཚུལ་ཁྲིམས་ལྡན་པའི་གང་ཟག་གི།
སྙན་གྲགས་ལྷ་ཡིས་སྒྲོག་པར་བྱེད།།
ཨཽ་ཌི་བི་ཤའི་ལྕགས་དེ་ཡི།།
ཡོན་ཏན་རྒྱལ་རིགས་ཁ་ན་སྒྲོག།
གཞན་གྱིས་བརྫི་བར་མི་ནུས་བའི།།
རྒྱན་མཆོག་བཟོད་པ་དམ་པ་སྟེ།།
ལྕགས་ཀྱི་གོ་ཁྲབ་བཟང་པོ་དེ།།
གཡུལ་ངོར་རང་སྲུང་མཆོག་ཏུ་འཛིན།།
ལེ་ལོ་སྤངས་པའི་བརྩོན་འགྲུས་ཀྱིས།།
ལེགས་ལམ་གང་བརྩམས་མཐར་ཐོན་བྱེད།།
ལྕགས་ཀྱི་རྐང་སྟེགས་འཁྲུལ་སྤྱད་ལ།།
བརྟེན་པས་ཐང་ཆེན་མྱུར་བར་བགྲོད།།
འཕྲོ་རྒོད་གཡེང་བས་སེམས་སྟོར་ཡང༌།།
ཏིང་ངེ་འཛིན་གྱིས་སླར་ཡང་སྡུད།།
ཁབ་ལེན་རྡོ་དང་འཕྲད་པ་ན།།
ལྕགས་བྱེ་དབང་མེད་འདྲེན་ལ་ལྟོས།།
ཟབ་མོ་ངེས་པའི་ཤེས་རབ་ཀྱིས།།
རྟག་ཆད་གཡང་ས་ཀུན་ལས་སྒྲོལ།།
རལ་གྲིའི་རིགས་སྔགས་གྲུབ་རྣམས་དང༌།།
མཁའ་ལྡིང་སྟོབས་ལྡན་འཕུར་ལ་ལྟོས།།
བསྡུ་བཞིས་སེམས་ཅན་ཚིམ་འདོད་པས།།
མཁོ་བ་སྦྱིན་པ་ཐོག་མར་གཅེས།།
སྦྱིན་རྫས་ཁབ་སྐུད་ཙམ་གྱིས་ཀྱང༌།།
སྦྱིན་ཡུལ་སྤྲོ་དགའ་ལྷག་པར་འདྲེན།།
སྙན་སྨ་དབྱངས་ཀྱི་བདུད་རྩི་འདིས།།
སེམས་ནི་མངོན་ཕྱོགས་ཚིམ་པར་བྱེད།།
འདོད་ལྡན་སྐྱེ་བོའི་རྣ་ལམ་ན།།
ལྕགས་ཟངས་གླིང་བུ་ཨ་རེ་སྙན།།
གདུལ་བྱའི་དོན་སྤྱོད་ལ་ཞུགས་ཚེ།།
དགའ་དད་ཕན་ཚུན་འགྲན་བཞིན་དགོས།།
གསེར་དངུལ་འདྲེན་འདོད་ཤིང་རྟ་ལ།།
ལྕགས་ཀྱི་གཟེར་མིག་ཟུང་འབྲེལ་གཅེས།།
རྒྱུ་ལ་དོན་མཐུན་ཉེར་སྤྱད་པས།།
འབྲས་བུའང་དོན་མཐུན་ཕུན་སུམ་ཚོགས།།
མཚོན་ཆ་སྒྲུབ་སྐབས་བརྡུང་ལེགས་ན།།
གྲུབ་ཟིན་འོད་དང་རྣོ་ངར་འབར།།
ལྕགས་ལ་རི་མོ་འབྲི་བ་ན།།
མིག་གསལ་དཔུང་བ་བརྟན་པ་དགོས།།
མཉམ་བཞག་སྐྱོང་ན་གསལ་ཆ་དང༌།།
གནས་ཆ་བརྟན་པའི་ཏིང་འཛིན་དགོས།།
སྟོབས་ལྡན་ལག་པའི་རབ་བཟུང་བའི།།
རྣོ་ངར་རལ་གྲིས་འཁྲི་ཤིང་གཅོད།།
ཞི་གནས་བརྟན་པའི་ཤེས་རབ་ཀྱི།།
རལ་གྲིས་མཐར་འཛིན་དྲ་བ་གཅོད།།
རབ་དྭངས་ལྕགས་ལ་བྱད་བཞིན་འཆར།།
དེ་དེས་སྟོང་ཡང་སྣང་ཙམ་འབྱུང༌།།
ཆོས་ཀུན་བདེན་པས་སྟོངས་པ་ལ།།
ཐ་སྙད་བསྙོན་མེད་སྒྱུ་མར་འཆར།།
མི་ཡི་དབང་པོ་འཁོར་སྒྱུར་གྱི།།
འཁོར་ལོའི་དབྱེ་བ་རིགས་བཞི་འབྱུང༌།།
ཐེག་པ་ལ་ཡང་ཉན་རང་དང༌།།
བྱང་སེམས་རྡོ་རྗེ་ཐེག་པར་དབྱེ།།
ཤིང་མདའ་ལྕགས་ཀྱི་མདེའུ་ལ།།
སྤྲོད་པ་དོན་ལ་དགོས་པ་བཞིན།།
ཉན་རང་རྣམས་ཀྱང་ཐེག་ཆེན་གྱི།།
ལམ་ལ་ནམ་ཞིག་འཛུད་པར་འོང༌།།
ལྕགས་ཀྱི་སྟེང་དུ་རྣོ་བསྣན་པས།།
བྱེད་ལས་ནུས་པ་ལྷག་པར་ལྡང༌།།
མདོ་ལ་སྔགས་ཀྱི་བསྣོན་པ་བཏབ།།
བདེ་བླག་སངས་རྒྱས་གོ་འཕང་རྙེད།།
ལྷ་ཁང་བཞེངས་འདོད་ས་གཞི་དེ།།
འཇོར་གྱིས་ཕྱོགས་བཞིར་ངོས་མཉམ་གཅེས།།
བསྐྱེད་རྫོགས་རྟོགས་པ་བསྐྱེད་འདོད་པས།།
ཐོག་མར་དབང་བཞི་གནད་སྨིན་གཅེས།།
ཚོགས་ལ་མང་ཇས་མཆོད་འདོད་པས།།
ཐོག་མར་སླ་ང་ཆེན་པོ་འཛུགས།།
རྒྱ་ཆེན་བསོད་ནམས་བསགས་འདོད་ན།།
མཆོད་ཡུལ་ཚོགས་ཞིང་ཕུལ་དུ་བྱུང༌།།
ལྕགས་ཀྱི་མདའ་ཆར་ཕབ་པ་ན།།
དགྲ་སྡེའི་གཡུལ་ངོ་ཐལ་བར་བྱེད།།
གུར་ཁང་མེ་རི་མདའི་དྲ་བས།།
བར་ཆད་བགགས་རྣམས་གཞོམ་པར་བྱེད།།
ཇི་ལྟར་ལྕགས་ཀྱི་གོ་ཁྲབ་མཆོག།
གྱོན་པས་གཡུལ་ལས་རྒྱལ་བར་བྱེད།།
ལྷ་ཡི་རྣལ་འབྱོར་གོ་ཆ་དང༌།།
སྟོང་ཉིད་སྲུང་བ་བླ་ན་མེད།།
མེ་ཡིས་བཞུས་པའི་ལྕགས་ཀྱི་ཁམས།།
འོད་དུ་འབར་བའི་སྣང་བ་འཆར།།
ཐ་མལ་འཆི་བའི་མུན་པ་ཡང༌།།
རང་ངོ་ཤེས་པས་ཆོས་སྐུར་གྲོལ།།
ལྕགས་ཁམས་གསེར་དུ་བསྒྱུར་བ་ན།།
རྣམ་པ་ཡིད་འོང་འཛིན་པ་བཞིན།།
མ་དག་བ་དེ་ལོངས་སྐུ་རུ།།
བསྒྱུར་བས་མཚན་དཔེའི་མཛེས་སྡུག་བཀྲ།།
ལྕགས་ཁམས་དྲི་མ་སྦྱོང་འདོད་ན།།
གསེར་འགྱུར་བྱུག་པའི་རྩི་སྨན་བཟང༌།།
མ་དག་སྐྱེ་བ་སྦྱོང་བ་ལ།།
སྤྲུལ་སྐུའི་ལམ་འཁྱེར་ལས་ལྷག་གང༌།།
གསེར་དངུལ་ཟངས་ལྕགས་འཁོར་ལོ་ལ།།
འཁོར་སྒྱུར་གནས་པའི་དཔེ་བཞིན་དུ།།
རིན་ཆེན་འོད་འཕྲོ་གཞལ་མེད་ཁང༌།།
སྤྲོ་བསྡུའི་འབྱུང་གནས་ལྷ་ཡི་གཞི།།
མེ་འོད་འབར་བའི་རལ་གྲི་མཆོག།
མུན་པ་སེལ་ཞིང་དགྲ་རྣམས་འཇོམས།།
བདག་མེད་ཏིང་འཛིན་རྣལ་འབྱོར་སྐྱོང༌།།
བདག་འཛིན་གདོན་ཚོགས་བཅས་པ་གཞོམ།།
གནམ་ལྕགས་འཁོར་ལོ་འཕང་བ་ན།།
ཕ་རོལ་དགྲ་སྡེ་ཚར་གཅོད་བྱེད།།
གཏོར་མ་ལ་སོགས་ལས་རིམ་མེས།།
བར་ཆད་བདུད་ཀྱི་ཚང་ཚིང་སྲེག།
གནམ་རུ་མཆོག་ལ་ལྕགས་མདའ་སྦྱར།།
གང་འདོད་འཕེན་ལ་གཟས་པ་ལྟར།།
བསྐྱེད་རིམ་ཕྲ་རགས་བསྒོམ་པ་ནི།།
རྫོགས་རིམ་རྟོགས་པ་སྐྱེ་བའི་ཆེད།།
ཇི་ལྟར་ལྕགས་ལ་རི་མོ་ནི།།
མགར་བ་མཁས་པས་གསལ་བར་བཟོ།།
རྡོ་རྗེའི་ལུས་ཀྱི་རྩ་ཁམས་ལ།།
འདོད་ལྷ་ཡབ་ཡུམ་མཛེས་གཟུགས་འགོད།།
མགར་བ་མཁས་པའི་ངག་མཉན་ནས།།
རྣོ་ལྕགས་འཁྲུལ་འཁོར་བསླབ་པ་བཞིན།།
ལམ་འདི་སྐྱོང་མཁས་ཚད་ལྡན་དག།
ཉན་ཏེ་ལུས་ཀྱི་འཁྲུལ་འཁོར་སྦྱང༌།།
སྤུ་གྲི་རྣོན་པོ་གཅིག་གིས་ཀྱང༌།།
སྐྲ་ལོ་བརྒྱ་ཕྲག་དུས་གཅིག་འབབ།།
ཐབས་ལམ་ཟབ་མོའི་རྣལ་འབྱོར་མེས།།
གྲངས་མེད་བསྐལ་བའི་ཚོགས་ཆེན་སྡུད།།
ལྕགས་མདའ་མྱུར་བའི་ཤུགས་ཐོབ་པ།།
གནམ་རུའི་རྒྱུད་ལ་ཕྲད་པ་དགོས།།
ཉེ་ལམ་སྔགས་ཀྱི་ས་ཆོད་ཚེ།།
མཚན་ལྡན་ཕྱག་རྒྱའི་སྟོབས་ལས་འོང༌།།
མེ་ལྕགས་མུ་ཟིའི་རྒྱུ་རྐྱེན་ཚོགས།།
མཚོན་ཆ་མེ་འོད་ཅན་དུ་འབྱུང༌།།
ཕྱི་ནང་ཐབས་ཀྱི་བྱ་བ་ལས།།
འོད་གསལ་སྒྱུ་མའི་ལྷ་སྐུར་ལྡང༌།།
རྣོ་ངར་ལྡན་པའི་ལྕགས་ཀྱི་མདའ།།
འབེན་གྱི་གཏིང་ལ་ཐུག་པ་ལྟར།།
ཆོས་འདི་མངོན་གཟིགས་ཡེ་ཤེས་ཀྱིས།།
ཡུལ་གྱི་གནས་ཚུལ་ཇི་བཞིན་གཟིགས།།
ལྕགས་ལ་ངར་ནི་ཐེབས་འདོད་ན།།
ཆུ་ལ་བཅུག་སྟེ་བཞག་པས་ཕན།།
རྣལ་འབྱོར་བོགས་འབྱིན་སྤྱོད་པ་ཡང༌།།
རི་དྭགས་བཤོར་བ་སོགས་ཀྱིས་ཕན།།
གསལ་དྭངས་ལྕགས་ལས་གཟུགས་བརྙན་གྱི།།
སྣང་བ་སྣ་ཚོགས་འཆར་བ་བཞིན།།
གང་འདུལ་སྒྱུ་མའི་རོལ་གར་ལས།།
སྣང་བ་སྣ་ཚོགས་གདུལ་བྱར་འཆར།།
ལྕགས་ཀྱི་རི་དང་རྡོ་རྗེ་མཆོག།
ལག་པས་གཞོམ་པར་ག་ལ་ནུས།།
བསམ་མི་ཁྱབ་པའི་རྡོ་རྗེའི་སྐུ།།
འཆི་བདུད་ཀྱིས་ནི་གཞོམ་མི་ནུས།།
ལྕགས་མདའ་མྱུར་ཤུགས་དར་བའི་སྐབས།།
ལག་པས་འཛིན་པར་མི་ནུས་བཞིན།།
རྒྱལ་བའི་འཕྲིན་ལས་གང་འདོད་འཆར།།
ཡིད་སྲུབ་དག་གིས་འགོག་མི་ནུས།།
མགར་བའི་བཟོ་འཕྲུལ་བདེ་བླག་ཏུ།།
ལྕགས་ལ་རྒྱལ་བའི་སྣང་བརྙན་འགྲུབ།།
རྙེད་དཀའི་ཉེ་ལམ་ཐེག་པ་འདིས།།
མི་ཚེ་གཅིག་ལ་སངས་རྒྱས་སྟེར།།
རལ་གྲིའི་སྟོབས་ཀྱིས་དགྲ་ལས་རྒྱལ།།
རལ་གྲི་མགར་བའི་དྲིན་ལས་བྱུང༌།།
ཐུབ་པའི་ལེགས་བཤད་རྨད་བྱུང་རྣམས།།
ཐམས་ཅད་བླ་མའི་དྲིན་ལས་བྱུང༌།།
དགྲ་རྐུན་མང་སར་ནོར་ལས་ཀྱང༌།།
གོ་ཁྲབ་མཚོན་ཆར་གཅེས་སྤྲས་དགོས།།
སྙིགས་དུས་རྐྱེན་ངན་རུ་འཛིངས་སྐབས།།
བྱི་དོར་སེམས་ལ་བྱ་བ་གཅེས།།
འདིར་ཡང་བཤེས་གཉེན་བསྟེན་ཚུལ་ནས།།
ཟུང་འཇུག་ཡེ་ཤེས་འཕྲིན་ལས་བར།།
ལྕགས་ཀྱི་དཔེ་ཡིས་མཚོན་པར་བྱས།།
བློ་ལྡན་བསྟན་བཅོས་གུས་པས་ཟུངས།།
འདི་སྦྱར་དགེ་བས་བདུད་ཀྱི་སྡེ།།
གནམ་ལྕགས་བབས་པའི་མེ་ཏོག་བཞིན།།
ཕམ་པར་བྱས་ཏེ་མཐའ་ཡས་འགྲོ།།
བྱང་ཆུབ་མཆོག་ལ་འགོད་པར་ཤོག།
ཅེས་དམ་པ་ཆོས་ལུགས་ཀྱི་ལྕགས་ཀྱི་བསྟན་བཅོས་ལེགས་བཤད་དགོས་འདོད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ནི། དུས་མཐའི་འགྲོ་བ་བདག་འདྲ་རྣམས་ལ་ཕན་ཕྱིར། མཚོ་སྔོན་གཡུ་ཡི་མཎ་ཌལ་ཞེས་རྒྱལ་བའི་ལུང་གིས་ཟིན་པའི་འགྲམ། ཧྭེས་མོ་བཀྲ་ཤིས་བདེ་སྟེར་མའི་གནས་སུ་རབ་བྱུང་བཅུ་དྲུག་པའི་ས་ཡོས་ལོར། ནོམ་ཆི་མཁན་མིང་བས་སྦྱར་བ་དགེ་ལེགས་འཕེལ།། །།