ཨ་ནུ་ཐང་བསོད་ནམས།
གཏུམ་དྲག་ཅན་གྱི་རྒྱལ་པོ་ཚོས་རང་སྣང་གང་དྲན་གྱིས་འཇིག་རྟེན་འདིར་མངའ་དབང་སྒྱུར་ཏེ། རིམ་བཞིན་རང་རིགས་ལས་གཞན་རིགས་ལ་བཙན་འཛུལ་བྱས་ཤིང་། གཉའ་གནོན་དང་འདྲ་མཉམ་མིན་པའིི་སྲིད་ཇུས་འོག་རང་ནུས་ཅི་ལྕོགས་ཀྱིས་མི་རིགས་གཞན་དང་། ཡུལ་ལུང་གཞན་ལ་དབང་སྒྱུར་བྱས། དབང་སྒྱུར་དང་མངའ་ཐང་རྒྱ་སྐྱེད་འོག་ཨ་ཧྥུ་རི་ཁ་དང་ཨེ་ཤ་ཡ། དཀྱིལ་ཤར་དང་ཨ་རིའི་སོགས་ཀྱི་རྒྱལ་ཁབ་མང་པོ་ཡོ་རོབ་དང་སྟོབས་ཆེན་གྱི་མི་སེེར་སྤེལ་མཁན་གྱི་རྒྱལ་ཁབ་གཞན་རྣམས་ཀྱི་མངའ་ཁོངས་སུ་ཆགས་ཤིང་། དེ་ལུགས་སུ་གང་ཐུབ་ཀྱིས་བསྒྱུར། གྲུབ་འབྲས་ཀྱང་གང་མཚམས་ལེགས་པོ་བྱུང་བས་ཡོ་རོབ་ལ་མི་སེར་སྤེལ་བའི་ལམ་ལུགས་རྒྱ་ཆེར་དར་ཞིང་། སྟོབས་ཤུགས་ཅན་ཚོས་སྔ་ལས་འགྲན་རྩོད་བྱས། མི་སེར་སྤེལ་བའི་ལམ་ལུགས་འོག་ཏུ་ཡོ་རོབ་ཀྱི་རྒྱལ་ཁབ་དེ་དག་གི་སྟོབས་ཤུགས་སྔར་ལས་ཡར་རྒྱས་དང་། རྒྱུ་དང་དབང་ཐང་ཅི་འདོད་དུ་དར་བས་མི་སེར་སྤེལ་མཁན་གྱི་བཙན་རྒྱལ་པ་རྣམས་ཀྱིས་མངའ་ཐང་རྒྱ་སྐྱེད་ལ་འབད་པས། འགྲན་རྩོད་ཁྲོད་དམག་འཁྲུག་གི་དཀའ་ངལ་ཡང་རྒྱ་ཆེན་འཕྲད། འོན་གྱང་། རང་སྲུང་དང་རྒྱ་སྐྱེད་ཀྱི་ཆེད་དུ་མུ་མཐུད་དུ་མདུན་དུ་བསྐྱོད།
གཉའ་གནོན་མྱོང་མཁན་གྱི་མི་རིགས་རྣམས་ལ་རང་སྐད་དང་རང་གོམས་རང་ས་ན་་དེ་ཙམ་བཀོལ་སྤྱོད་བྱེད་དབང་མེད་པ་ཆགས་ཤིང་། རིགས་རུས་དང་སྐྱེས་ཁུངས། སྐད་ཡིག རིག་གཞུང་སོགས་ལ་ལྟོས་ནས་སྲིད་གཞུང་ནང་གོ་སར་རེག་པའི་ལམ་ལུགས་བྱུང་། རྒྱལ་པོ་ངོས་ནས་ག་ཚོད་ཀྱིས་རང་གི་ཆབ་འབངས་མི་སེར་རྣམས་ལ་འདྲ་མཉམ་གྱིས་སྐྱོང་བའི་སྲིད་བྱུས་ལག་སྟར་བྱེད་ཚུལ་བསྒྲགས་ཀྱང་། སྐད་ཡིག་དང་རིགས་རུས། ཆོས་ལུགས་སོགས་མི་གཅིག་པའི་དབང་གིས་རྒྱལ་པོའི་ཕྱོགས་གཏོགས་ཀྱི་ཁྱིམ་རྒྱུད་དང་། སྐད་ཡིག ཆོས་ལུགས་དང་མི་རིགས་སོགས་ལ་རང་ཤུགས་ཀྱིས་གོ་ས་ཆེ་བ་ཐོབ་ཅིང་། གལ་འགངས་ཆེ་བའི་ཆབ་སྲིད་ཀྱི་ལྡེ་མིག་འཛིན་མཁན་དུ་གྱུར། ཁོང་ཚོས་བཀའ་དབང་གི་བཀོད་བྱུས་འོག གཉའ་གནོན་མྱོང་མཁན་གྱི་མི་རིགས་རྣམས་ཀྱི་སྐད་ཡིག་དང་། གོམས་སྲོལ་སོགས་དེ་ཙམ་མཁོ་གལ་མེད་པ་ཆགས་ནས། དབྱེ་འབྱེད་ཀྱི་སྡུག་ངལ་མྱོང་ཞིང་། སྡུག་ངལ་དེས་སྤྲད་པའི་ན་ཚ་གཅིག་པ་ཆགས་པས་གཉའ་གནོན་མྱོོང་མཁན་གྱི་མི་རིགས་ཀུན་གྱིས་རིམ་བཞིན་དྲང་བདེན་མིན་པའི་རྒྱལ་པོའི་སྲིད་གཞུང་དང་། མི་སེལ་སྤེལ་བའི་ལམ་ལུགས་ལ་རྣོ་ངར་ཆེ་བའི་ངོ་རྒོལ་བྱས།
སྤྱི་ཚོགས་ཀྱི་འགྱུར་འགྲོས་དབང་གིས་མི་རྣམས་ལ་སློབ་སྦྱོང་གི་གོ་སྐབས་མང་དུ་ཐོབ་ཅིང་སྡུག་མྱོང་མང་དུ་རྒྱུད་པའི་འགྲོས་དང་སྟུན་ནས་གོ་རྟོགས་སེལ་ཞིང་། དུས་རབས་བཅུ་བདུན་ནང་རྩ་བ་ཚུགས་པའི་མི་རིགས་རིང་ལུགས་ལ་དུས་རབས་བཅུ་དགུ་བའི་ནང་ཡོ་རོབ་ཁུལ་དུ་ཚ་རླབས་དགོང་དུ་འཕྱོ། མི་རིགས་རིང་པའི་བསམ་བློའི་འབྱུང་ཁུངས་ནི་འོད་སྣང་རིང་ལུགས་པ་ཡིན་ཞིང་། དེས་རྒྱལ་རྒྱུད་རིང་ལུགས་དང་ཆོས་ལུགས་རིང་ལུགས་པའི་དབང་སྒྱུར་བ་རྣམས་རིམ་བཞིན་ཡོ་རོབ་ཏུ་ཕམ་ཉེས་བཏང་འགོ་བརྩམས།
ཁོང་ཚོའི་འབོད་ཚིག་ནི་བཅིང་གྲོལ་དང་འདྲ་མཉམ། རང་དབང་དང་སྤུན་ཟླ་སོགས་ཡིན་ལ། ལས་འགུའི་དེའི་ཁྲོད་གསེ་བྷིས་ཡས(Serbia)ཁ་ཆེའི་ཏུར་ཁའི(Ottoman)དབང་སྒྱུར་ལ་ལོ་ངོ་བཅུ་གསུམ་ཙམ་འཐབ་ནས(༡༨༠༤-༡༨༡༧)བཅིང་གྲོོལ་ཐོབ། དེ་ནི་མི་རིགས་རིང་ལུགས་པས་ཡོ་ལྷོའི་ཤར་ཁུལ་དུ་བླངས་བའི་རྒྱལ་ཁ་དང་པོ་དེ་ཡིན་ལ། དེས་ཤུགས་རྐྱེན་རྒུ་རིའི་སི་ལ་ཐེབས་ཏེ(༡༨༢༡-༡༨༢༨)ལོ་ངོ་བརྒྱད་ཀྱི་དམག་འཁྲུག་གི་རྗེས་སུ་ལུང་པ་དེར་རང་བཙན་ཐོབ། ༡༨༣༡ལོར་བྷེ་རྒྱམ་ལ་ནེ་རྡུ་ལན་གྲུ་འོག་ལས་རང་བཙན་ཐོབ་ཅིང་། རིམ་བཞིན་མི་རིགས་རིང་ལུགས་ཀྱི་མེ་སྟག་ཡོ་རོབ་ཀྱི་ས་ཕྱོགས་གང་སར་ཁྱབ།
ཧན་རྒ་རིས་ཨོ་སི་ཁྲི་རིའི་དབང་སྒྱུར་ནས་རང་བཙན་རྩོད་ཅིང་། ཨོ་སི་ཁྲི་རི་ཡས་ཧན་རྒ་རི་ལ་ཐོབ་ཐང་འདྲ་མཉམ་སྤྲད་དེ༡༨༦༨ ལོར་ཨོ་ཧན་སྲིད་གཞུང་བཙུགས། ཧན་རྒ་རིའི་འོག་ཏུ་ཡོད་པའི་རོ་མན་ནིས་ཡས་ཀྱང་ཧན་རྒ་རི་ལ་ངོ་རྒོལ་བྱས། ཨུ་རི་སུའི་མངའ་ཁོངས་སུ་ཡོད་པའི་ཕོ་ལན་དྲིས་ཀྱང་རང་དབང་རྩོད་ཅིང༡༨༦༣ ལོར་སྒེར་ལངས་ཆེན་པོ་བྱུང་བར་ཨུ་གཞུང་གིས་དྲག་གནོན་རྒྱ་ཆེན་བྱས། འོན་ཀྱང་། ཨོ་སི་ཁྲི་རི་ཡའི་འོག་ཏུ་ཡོད་པའི་ལྷོ་ཕོ་ལན་དྲི་ལ༡༨༦༧ ལོར་ཚད་གཞི་ཡོད་པའི་རང་སྐྱོང་ཐོབ།
༡༨༧༥ལོར་བྷོ་རྒ་རིིའི་ཡའི(Bulgarian)མི་རིགས་རིང་ལུགས་པས་གནད་ཁྲིད་དེ་ཏུར་ཁའི་དབང་སྒྱུར་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས། ཏུར་ཁས་སྙིང་རྗེ་སྤུ་ཙམ་མེད་པ་མི་སྤྱོད་ལས་འདས་བའི་དྲག་གནོན་བྱས་ཀྱང་། ཞུམ་པར་མེད་པ་རྒྱུན་མཐུད་དུ་ངོ་རྒོལ་བྱས་བར་ཡོ་རོབ་ཀྱི་མི་མང་པོའི་སེམས་འགུལ་ཐེབས་ཤིང་། དྲང་བདེན་མིན་པའི་ཏུར་ཁའི་དྲག་གཞུང་ལ་སྐྱོན་བརྗོད་དང་། བྷོར་རྒ་རིའི་ཡ་ལ་གདུང་སེམས་མཉམ་སྐྱེད་བྱེད་མཁན་གྱི་རླབས་རྒྱུན་དྲག་ཏུ་འཁྱིལ། དེའི་ཤུགས་རྐྱེན་ཉེར་འཁོར་གྱི་རྒྱལ་ཁབ་ཁག་ཏུ་ཐེབས་ནས༡༨༧༦ལོར་བྷོ་སི་ནིས་ཡ་དང་ཧེར་གཟའ་རྒོ་ཝེ་ནཱ(Bosnia and Herzegovina)གཉིས་ཀྱིས་ཏུར་ཁིས་དབང་སྒྱུར་ལ་དྲག་རྒོལ་གྱིས་ངོ་རྒོལ་བྱས།
གསེ་བྷི་ཡས་རང་དང་སྐད་ཁུངས་གཅིག་པ་ཡིན་པའི་ཞེན་ཁོག་བཟུང་ཞིང་། ལུང་པ་དེ་གཉིས་རང་ཁོོངས་སུ་ལེན་ཆེད། ཏུར་ཁའི་གཞུང་ལ་དམག་འཁྲུག་བྱས། གནས་ཚུལ་དེ་ཛ་དྲག་ཏུ་ཕྱིན་པས་ཡོ་རོབ་ཀྱི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་བར་འདུམ་བྱེད་མི་བྱེད་གཏོལ་མེད་ཆགས་ཞིང་འདུམ་ཁར། ཨུ་ཨོ་གཉིས་ཀས་གནས་ཚུལ་དེ་རང་གི་མངའ་ཁོངས་རྒྱ་སྐྱེད་བཏང་བའི་གོ་སྐབས་ཡག་ཤོས་སུ་བལྟས་ནས་ཨུ་རི་སུའི་རྒྱལ་སྲས་དང་། ཨོ་ཧན་རྒྱལ་པོFranz Josephགཉིས་ཆེ་ཁིའི་ནང་དུ་ཐུག་འཕྲད་ཀྱིས་བྷོ་སི་ནིས་ཡ་དང་ཧེར་གཟའ་རྒོ་ཝེ་ནཱ་གཉིས་ཨོ་ཧན་ལ་བདག་རྒྱུ་དང་། དེ་དབང་འོག་ཏུ་བསྡུ་ཆེད་དམག་མི་བཏང་བར་རྒྱབ་སྐྱོར་བྱས། དེའི་ཚབ་ཏུ་ཨོ་ཧན་གཞུང་གིས་དེ་སྔོན་ཤོར་ཟིན་པའི་ཨུ་རི་སིའི་ས་ཁུལ་Bessarabiaཕྱིར་ཨུ་རི་སུ་ལ་ཡོང་བར་རྒྱབ་སྐྱོར་བྱེད་པའི་ངག་ཐོག་གི་གྲོས་ཆོད་བཞག དོན་དངོས་ཨུ་རི་སུ་ཡིསSlavicམི་རིགས་རྣམས་མངའ་སྡེ་གཅིག་ཏུ་བཟོས་ནས་ལེན་འདོད་ཡོད་ཅིང་། གསི་ལ་ཝེ་ཁིའི་མི་རིགས་ཀུན་གཅིག་སྒྲིལ་བཟོ་རྒྱུ་ནི་གསི་ལ་ཝེ་ཁིའི་མི་རིགས་རིང་ལུགས་པའི་དགོས་འདོད་ཀྱང་ཡིན་པས་ཨུ་རི་སུ་ལ་ཆབ་སྲིད་ཀྱི་གོ་སྐབས་ཡག་པོ་ཆགས།
རྒྱུ་མཚན་ནི། ཨུ་རི་སུ་ནི་གསི་ལ་ཝེ་ཁིའི་མི་རིགས་ཡིན་པས་ཤར་ལྷོ་ཡོ་རོབ་ཀྱི་བདག་དབང་ཨུ་རི་སུ་ལ་ཐོབ་པས་རེད། གནས་ཚུལ་དེ་ཨོ་སི་ཁྲི་རི་ཡའི་ཧན་རྒ་རི་ཞེད་སྣང་སྐྱེས་ཡུལ་ཆེ་ཤོས་དེ་ཡིན་པས་ལུང་པ་དེ་གཉིས་ཨོ་ཧན་ལ་ཐོབ་ན། གསི་ལ་ཝེ་ཁིའི་མི་རིགས་རིང་ལུགས་པ་ལ་ཁ་གཏད་གཅོད་ཐབས་ཡག་ཤོས་དེ་ཡིན་པ་མ་ཟད། རང་གི་མངའ་ཐང་རྒྱ་སྐྱེད་ལ་ཡང་ཁེ་ཕན་ཡོད་པས་ཁོ་གཉིས་ཀྱི་ངག་ཐོག་གི་གྲོས་མཐུན་ལ་༡༨༩༧ལོར་ཡིག་ཐོག་གིསconfirmedགན་རྒྱས་མོས་མཐུན་བྱས།
ཨུ་རི་སུས་ཨོ་ཧན་གྱིས་ཏུར་ཁ་ལ་རྒྱབ་སྐྱོར་མི་བྱེད་པ་རྟོགས་རྗེས། དུས་རབས་ནས་དུས་རབས་ལ་ཤ་འཁོན་དང་དམག་འཁྲུག་ཡོད་པའི་ཏུར་ཁའི་གཞུང་ལ་དམག་འཐབ་བྱེད་པའི་གོ་སྐབས་ཡག་ཤོས་དང་། གསི་ལོ་ཝེ་ཁི་མི་རིགས་རྣམས་གཅིག་སྒྲིལ་བཟོས་བའི་དུས་ཚོད་ལེགས་ཤོས་སུ་མཐོང་ཏེ། རང་དང་སྐད་ཁུངས་གཅིག་པའི་ལྷོའི་གསི་ལ་ཝེ་ཁིའི་མི་རིགས་རིང་ལུགས་པ་ལ་རྒྱབ་སྐྱོར་སྔ་ལས་བྱས་ཤིང་། ཁོང་ཚོ་དང་ཟླ་བསྒྲིགས་སྟེང་རོ་མན་ནིས་ཡ་དང་འགྲོགས་ནས་ཏུར་ཁ་ལ་༡༨༧༧-༡༨༧༨དམག་འཐབ་བྱས་ཏེ་ཏུར་ཁའི་སྟོོབས་ཤུགས་ཡོ་རོབ་ནས་ཕལ་ཆེར་ཕྱི་འབུད་བཏང་།
གནད་དོན་དེ་ཐག་གཅོད་སླད༡༨༧༨ལོར་འཇར་མན་གྱི་བྷེར་ལན་དུ་དབྱིན་ཇིས་དང་། ཧྥ་རན་སི། འཇར་མན། ཨུ་རི་སུ། ཨོ་ཧན་གཞུང་། ཏུར་ཁ་བཅས་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་ཚོགས་འདུ་བསྐོངས་ཞིང་ཏུར་ཁའི་མངའ་ཁོངས་སུ་ཡོད་པའི་ཡོ་རོབ་ཀྱི་རོ་མན་ནིས་ཡ་དང་གསེ་བྷི་ཡ། མོ་ཁྲན་ནིས་རྒ་བཅས་ལ་ཏུར་ཁས་༼Ottoman umpireའདི་ནི་འཛམ་གླིང་ཐོག་སྐད་གྲགས་ཅན་གྱི་རྒྱལ་ཁབ་དེ་ཡིན་ལ་ཡོ་རོབ་ཀྱི་མི་རིགས་རིང་ལུགས་པས་འདིའི་འོག་ནས་རྒྱལ་ཁ་བླངས་ཤིང་། རིམ་བཞིན་ཇེ་ཆུང་དུ་ཕྱིན་ནས་ད་ལྟ་Turkeyརྒྱལ་ཁབ་ཏུ་གྱུར༽ཁྲིམས་མཐུན་གྱིས་རང་བཙན་སྤྲད་པ་ཁས་ལེན་བྱེད་དུ་བཅུག བྷོ་རྒ་རིའི་ཡ་ལ་ཏུར་ཁའི་འོག་ནས་ཚད་མཐོའི་རང་སྐྱོང་སྤྲད། འོན་ཀྱང་། བྷོ་རྒ་རི་ཡ་དུམ་བུ་གཉིས་སུ་བཏང་ཞིང་Macedoniaཏུར་ཁ་ལ་ཕྱིར་སྤྲད་ཅིང་བཅོས་སྒྱུར་བཏང་ཡ་ཁས་ལེན་བྱས། Eastern Romeliaཡང་དམིགས་བསལ་གྱི་འཛིན་སྐྱོང་གི་གནས་བབ་འོག་ཏུར་ཁ་ལ་ཕྱིར་སྤྲོད་གནང་།
ཨོ་ཧན་གཞུང་གིས་བཙན་འཛུལ་བྱས་བའི་གསི་ལ་ཝེ་ཁིའི་མི་རིགས་བྷོ་སི་ནིས་ཡ་དང་ཧེར་གཟའ་རྒོ་ཝེ་ནཱ་གཉིས་ཨོ་ཁུངས་སུ་རང་འཇགས་སུ་འཇོག་རྒྱུའི་གྲོས་ཆོད་བྱུང་ཞིང་། ཆེད་མངགས་ཀྱིས་གསི་ལ་ཝེ་ཁིའི་མི་རིགས་རྣམས་མངའ་སྡེ་དང་དབང་སྒྱུར་བ་མི་འདྲ་བའི་ནང་དུ་བགོ་འགྲེམས་བྱས། མ་གཞི་ཨུ་རི་སུ་ལ་དམག་འཁྲུག་ལས་རྒྱལ་ཁ་ཐོབ་ཀྱང་གཟུ་དཔང་དབྱིན་ཇིས་དང་ཧྥ་རན་སི། ཨོ་སི་ཧན་གཞུང་བཅས་ཀྱིས་གསི་ལ་ཝེ་ཁིའི་མི་རིགས་རིང་ལུགས་པ་ལ་ཞེད་སྣང་བྱས་ཤིང་། ཨུ་རི་སུས་འཆར་བཀོད་བཞིན་ལྷོ་གསི་ལ་ཝེ་ཁི་མི་རིགས་རྣམས་མངའ་སྡེ་གཅིག་ཏུ་ཡོང་བར་འགོག་རྐྱེན་བཟོས།
རྒྱུ་མཚན་ནི། གཟུ་དཔང་རྒྱལ་ཁབ་དེ་དག་གིས་མི་སེར་སྤེལ་བཞིན་ཡོད་པས་མི་རིགས་རིང་ལུགས་པའི་སྟོབསས་ཤུགས་རྒྱས་འདོད་མེད་ཅིང་། ལྷག་པར་དུ་ཨོ་ཧན་གྱི་མངའ་འོག་ཏུ་གསི་ལ་ཝེ་ཁའི་མི་རིགས་ཧ་ཅང་མང་ཞིང་། རྒྱ་མཚོ་ནག་པོའི་མཐའ་འཁོར་དུ་ཡོད་པའི་ལྷོ་ཕྱོགས་གསི་ལ་ཝེ་ཁིས་རྣོ་ངར་ལྡན་པའི་དྲག་པོས་ངོ་རྒོལ་བྱེད་དམུས་སུ་མཆིས་བས། ཉིན་ཞིག་གནས་དེའི་གསི་མི་རྣམས་ལ་གཅིག་སྒྲིལ་གྱི་རང་དབང་ཐོབ་ཚེ། ཡོ་རོབ་དཀྱུལ་ཤར་ཁུལ་གྱི་མི་རིགས་ཀུན་ལ་ཤུགས་རྐྱེན་ཐེབས་ངེས་ཤིང་། དེ་དག་གི་བདག་དབང་ཨུ་རི་སུ་ལ་ཐོབ་སྲིད། རྒྱུ་མཚན་ནི། ཨུ་རི་སུ་གསི་ལ་ཝེ་ཁིའི་མི་རིགས་ཡིན་པས་རེད། དེ་ལྟར་ཕྱིན་ན་རྒྱ་མཚོ་ནག་པོའི་བདག་དབང་ཡང་ཨུ་རི་སུ་ལ་ཐོ་པས། དམིགས་ཡུལ་དེ་མི་འགྲུབ་ཆེད་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་ཤར་ལྷོ་ཡོ་རོབ་ཁུལ་ཏེ། Balkansདུ་སྟོབས་ཤུགས་ཀྱི་འགྲན་རྩོད་ཀྱི་མེ་སྟག་འཚེར་ཞིང་ཕན་ཚུལ་ལ་རྒོལ་རེས་བྱས། ཚོགས་འདུ་མ་ཚོགས་གོང་ནས་དབྱིན་ཨོ་གཉིས་ཀྱིས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་ཁས་ལེན་བྱས་ཤིང་། ཚོགས་འདུ་གཙོ་སྐྱོང་བས་ཀྱང་གང་ཐུབ་ཀྱིས་ཏུར་ཁ་ལ་རྒྱབ་སྐྱོར་བྱེད་རྒྱུ་གསང་འབྲེལ་བྱས།
དྲང་བདེན་མིན་པའི་བྷེར་ལན་གྱི་གྲོས་ཆོད་དང་དམག་ཆེན་དང་པོ།
དྲང་བདེན་མིན་པའི་གནས་སྟངས་དེ་འདྲའི་འོག་ནས་ཨུ་རི་སུ་ལ་ཏུ་ཨུ་དམག་འཁྲུག་གི་རྒྱལ་ཁ་ཐོབ་ཀྱང་། Bosnia, Herzegovinaགཉིས་ཀྱི་བདག་དབང་ཨོ་ཧན་གྱིས་འཁུར་ཞིང་། ཁེ་ཚོང་གཙོ་བོའི་ཨོ་ཧན་གཞུང་ལ་ཐོབ་པས། ཨུ་རི་སུའི་འདོད་པ་ལྟར་མ་ཕྱིན་པས་འདོད་བློ་མ་ཁེངས། གསི་ལ་ཝེ་ཁིའི་མི་རིགས་རིང་ལུགས་པའི་འདོད་པ་དེ་བས་ཀྱང་མ་གང་པས། ཨོ་ཧན་གཞུང་ལ་སྔ་བས་གསི་ལ་ཝེ་ཁིའི་མི་རིགས་རྣམས་ཀྱིས་ངོ་རྒོལ་བྱེད་འགོ་ཚུགས། ཨུ་ཨོ་བར་གྱི་མནའ་མཐུན་གྱི་གན་རྒྱ་ཡང་ཕྱོགས་གཉིས་ཀས་རྒྱབ་འགལ་བཏང་།
དེ་ལྟར་མི་རིགས་རིང་ལུགས་ཀྱི་ཚ་རླབས་དྲག་ཏུ་འཁྱིལ་ཞིང་གཅིག་རྗེས་གཉིས་མཐུད་དུ་གཏུམ་དྲག་ཅན་གྱི་རྒྱལ་པོའི་འོག་ནས་རང་དབང་དང་། རང་བཙན་ཐོབ་མཁན་བྱུང་ཞིང་། མ་ཐོབ་མཁན་རྣམས་ཀྱིས་ཐོབ་མཁན་རྣམས་ལ་མིག་དཔེ་བལྟས་ནས་སྔ་ལས་ངོ་རྒོལ་བྱེད་རྒྱུ་ཤུགས་ཆེ་རུ་ཕྱིན། དབང་སྒྱུར་མཁན་ཚོས་ཀྱང་རང་གི་སྲུང་བདེ་འཇགས་ཀྱི་ཆེད་དུ་དམག་ཤུགས་ཆེ་རུ་མི་བཏང་ཐབས་མེད་ཆགས་པས། བཏང་བས་དམག་རྒྱུད་རིང་ལུགས་ཀྱི་རྩ་བ་ཚུགས། ཅི་ཙམ་དམག་རྒྱུད་རིང་ལུགས་དར་ན་དེ་ཙམ་གྱིས་མི་སེར་སྤེལ་མཁན་གྱི་རྒྱལ་ཁབ་རྣམས་ཀྱིས་ཕན་ཚུན་བར་ལ་དངོས་པོ་དང་། དམག་དོན་འགྲན་རྩོད་སླེབས་ཤིང་། དཔལ་འབྱོར་དང་ལག་རྩལ། དམག་ཤུགས་འགྲན་རྩོད་ཁྲོད་ཕན་ཚུན་ལ་སྔ་ལས་དོགས་པ་དང་རྣམ་རྟོག་སླེབས་ཁར། དམག་འཁྲུག་ཀྱང་རིམ་བཞིན་བྱུང་། ལྷག་པར་དུ་ཨུ་རི་སུ་དང་ཨི་སི་ཁྲི་རི་ཡའི་ཧན་རྒ་རི་གཉིས་ཀྱིས་ཉམས་དམས་སུ་འགྲོ་བཞིན་པའིཏུར་ཁའི(Ottoman)ཡོ་རོབ་ཀྱི་རྒྱལ་ཕྲན་རྣམས་རང་སར་སྒྱུར་བའི་གོ་སྐབས་སུ་མཐོང་ནས་མནའ་མཐུན་གྱི་མཆན་ཡིག་ལ་རྒྱབ་འགལ་བྱས་ཏེ། རིམ་བཞིན་དགྲ་ཟླར་ཆགས། མངའ་ཁོངས་རྒྱ་སྐྱེད་འོག་ཕན་ཚུན་ལ་ཡིད་ཆེས་མེད་པ་ཆགས་ཤིང་། རང་སྲུང་གི་ཆེད་དུ་ཕན་ཚུན་དོགས་ཟོན་མི་བྱེད་ཐབས་མེད་ཆགསས་པས་མནའ་མཐུན་གྱི་ཚ་རླབས་འདི་ལྟར་འཁྱིལ།
འཇར་མན་དང་ཨོ་ཁྲི་རི་ཡ་ཧན་རྒ་རི༼ཨོོ་ཧན༽མནའ་མཐུན།
ཨུ་རི་སུ་དང་གསེ་བྷི་ཡ་མནའ་མཐུན།
ཧྥ་རན་སི་དང་ཨུ་རི་སུ་མནའ་མཐུན།
ཉི་ཧོང་དང་དབྱིན་ཇིའི་མནའ་མཐུན།
Italyཡིས་ཨོ་ཧན་དང་མནའ་མཐུན་བྱས་ཀྱང་ལྐོག་ཏུ་ཧྥ་རན་སི་དང་མནའ་མཐུན་བསྒྲིགས།
དབྱིན་ཇུས་དང་བྷེལ་རྒྱམ། ཧྥ་རན་སི་བཅས་མནའ་མཐུན་བཅས་མནའ་མཐུན་བསྒྲིགས།
མི་རིགས་རིང་ལུགས་པའི་དམིགས་ཡུལ་གཙོ་བོ་ནི་མི་རིགས་རྣམས་ལ་འདྲ་མཉམ་དང་དྲང་བདེན། རང་དབང་དང་བཅིང་གྲོལ་བྱེད་རྒྱུ་དེ་ཡིན་ཞིང་། དེ་དག་གི་འདུ་ཤེས་འོག་སྐད་ཡིག་དང་གོམས་གཤིས། རིག་གཞུང་སོགས་གཅིག་པའི་མི་རྣམས་གཅིག་སྒྲིལ་གྱིས་སྲིད་དབང་བཙུགས་རྒྱུ་དང་། མི་རིགས་ཤིག་ཡིན་ན་རང་ཐག་རང་གཅོོད་ཀྱི་ཐོབ་ཐང་དང་། མི་རིགས་ཚང་མ་ལ་འདྲ་མཉམ་ངང་ཁྲིམས་ལུགས་ཀྱི་མདུན་དུ་ཁྱད་པ་མེད་ཅིང་། གཞན་རིགས་ཀྱིས་རང་རིགས་ལ་བཏང་འཛིན་བྱེད་པར་དེ་བས་ངོ་རྒོལ་བྱས། ཁོང་ཚོས་སྐད་ཡིག་དང་གོམས་སྲོལ་སོགས་གཅིག་པའི་མི་རྣམས་གཅིག་སྒྲིལ་བཟོ་བའི་འདོད་འདུན་དྲག་ཏུ་སྟོན་པས་མི་རིགས་བར་ལ་འགལ་ཟླ་ཤུགས་ཆེ་བྱུང་ཞིང་། གནས་སྟངས་དེ། མི་སེར་སྤེལ་མཁན་ཚོ་ཡིས་མི་རིགས་མཉམ་བསྲེས་ཀྱིས་དབང་སྒྱུར་ལ་སྒོ་རྡུང་ཚབས་ཆེན་དུ་གྱུར་བས། སྔ་ལྟར་བཏང་འཛིན་བྱེད་པར་དཀའ་ངལ་འཕྲད་པ་མ་ཟད། རྒྱལ་པོ་དང་ཆོས་དཔོན་དཀོན་མཆོག་ཏུ་འཛིན་པའི་ལམ་ལུགས་ཀྱི་རྒྱབ་ལྗོངས་བརླགས་སུ་བཅུག
དབང་སྒྱུར་བས་མི་མང་དབང་སྒྱུར་བྱེད་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་བརླགས་པས་དབང་སྒྱུར་བ་རྣམས་ཀྱིས་སྲིད་དབང་རང་གི་སྲ་བརྟན་གྱི་སླད། སྲིད་བྱུས་བཅོས་སྒྱུར་དང་། རྒྱལ་སྲུང་དུ་སྔ་ལས་དཔལ་འབྱོར་གྱི་འགྲོ་སོང་ཕོན་ཆེ་བཏང་དགོས་ཐུག སྤྱི་ཚོགས་ལ་བརྟན་ལྷིང་མེད་པས་ཚོང་དོན་ལ་དཀའ་ངལ་འཕྲད་ཅིང་། ཚོང་བདག་གི་ཡོང་འབབ་ཉུང་དུ་ཕྱིན་པས། སྲིད་གཞུང་ལ་སྔ་བཞིན་དཔྱལ་ཁྲལ་འབུལ་མཁན་ཉུང་དུ་སོང་ཞིང་གཞུང་གི་ཚོང་ཡང་སྔ་བཞིན་ལམ་ལྷོང་མ་བྱུང་བས་དཔལ་འབྱོར་ཉམས་རྒུད་དུ་སོང་། ཙི་ཙམ་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ན་སྲིད་གཞུང་ལ་སྲིད་བྱུས་ལེགས་བཅོས་བྱེད་པའི་འདོད་འདུན་སྟོན་མཁན་མང་དུ་བྱུང་ཞིང་། སྲིད་གཞུང་གིས་དེ་དག་འཇགས་ཐབས་སུ་བདེ་སྲུང་མང་དུ་གླ་དགོོས་ཁར། སྤྱི་ཚོགས་ཀྱི་བདེ་དོན་དང་། ཡུལ་ལུང་ཡར་རྒྱས་ཆེད། དཔལ་འབྱོར་གྱི་འགྲོ་སོང་སྔ་ལས་བཏང་དགོས་ཆགས་ཤིང་། མ་བཏང་ན་མི་མང་ཁྲོད་ངོ་རྒོལ་མང་དུ་འབྱུང་བས་བཏང་དགོས་ཐུག་ཀྱང་། སྲིད་གཞུང་ལ་མི་མང་གི་འདོད་བློ་ཚིམ་པའི་འགྲོ་སོང་བཏང་ཡ་མེད་ཁར། དབང་སྒྱུར་བའི་ནང་ཁུལ་དང་། གཞུང་འཛིན་འི་མི་རིགས་ཁྲོད་ནས་ཀྱང་མི་རིགས་རིང་ལུགས་དང་བཅོས་སྒྱུར་གྱི་བསམ་བློ་འཛིན་མཁན་མང་དུ་བྱུང་།
བྷེར་ལན་གྱི་གྲོས་ཆོད་ཀྱི་རྗེས་སུ་ཨོ་ཧན་གཞུང་གིས་གསི་ལ་ཝེ་ཁིའི་རང་དབང་དང་རང་བཙན་དོན་གཉེར་བ་རྣམས་དང་གདོང་ཐུག་བྱུང་ཡང་ཡང་བྱུང་ཞིང་། ༡༩༠༨ལོར་བསམ་ཤེས་ཀྱང་གང་བཚམས་བཏང་ཡང་ཕན་འབྲས་དེ་ཙམ་མ་ཐོན་པ་རིམ་བཞིན་གནས་ཚུལ་ཛ་དྲག་ཏུ་གྱུར། གསི་ལ་ཝེ་ཁིའི་རིགས་རིང་ལུགས་པ་སྔ་ལས་རྒྱས་ཏེ་དམག་ཆེན་དང་པོ་འབྱུང་བའི་རྒྱུ་རུ་གྱུར། གནས་སྟངས་དེ་འདྲའི་སྐབས་སུ་ཨོ་ཧན་གྱི་དམག་སྤྱི་དང་རྒྱལ་སྲསFranz Ferdinad (18.12.1863-28.6.1914)རང་གི་དབང་སྒྱུར་གྱི་ས་ཁོངས་བྷོ་སི་ནིས་ཡ་ཕྱིན་ཞིང་། དེའི་རྒྱལ་ས་ས་ར་གཡུ་བ་ནས་གསེ་བྷེ་ཡའི་དྲག་པོ་ཚོགས་པས་ལྐོག་གསོད་བྱེད་རྒྱུའི་གོ་བསྒྲིགས་བྱས་ཤིང་དོན་རྐྱེན་བསླངས་བས༡༩༡༤ལོར་ཟླ༦ཚེས༢༨ཉིནGavrilo Principཡིས་མེ་མདས་ལྐོག་བསད་བྱས། ལྐོག་བསད་བྱེད་མཁན་ནི་བྷོ་སི་ནིས་ཡའི་གསེ་བྷི་ཡའི་མི་རིགས་རིང་ལུགས་པ་ཡིན་ཞིང་། ཁོང་གིས་རྒྱལ་པོ་བསད་དགོས་དོན་ཡང་ཁོ་རང་གསི་ལ་ཝེ་ཁིའི་མི་རིགས་ཡིན་པས་ཡིན་ཚུལ་གྱི་འགྲེལ་བཤད་གནང།
བྷོ་སི་ནིས་ཡ(Bosnia)ནི་ཏུར་ཁའི་མངའ་ཁོངས་ཡིན་ཡང་ཡུལ་དུས་མི་རིགས་རིང་ལུགས་པས་ཏུར་ཁ་ལ་ངོ་རྒོལ་བྱེད་པའི་འགྲོས་དང་སྟུན་ནས་ཨོ་ཧན་གྱིས་དེ་ལ་རྒྱབ་སྐྱོར་བྱེད་ཁུལ་གྱིས་༡༨༧༨ལོར་བཙན་བཟུང་བྱས། གནས་དེའི་གྲངས་འབོར་མང་ཤོས་ཀྱི་གསི་ལ་ཝེ་ཁའི་མི་རིགས་ཚོས་རང་དང་སྐད་ཁུངས་གཅིག་པའི་གསེ་བྷེ་ཡའི་མངའ་ཁོངས་སུ་འགྲོ་འདོད་ཡོད་པས། ཨོ་ཧན་གཞུང་ལ་ངོ་རྒོལ་བྱས། གསེ་བྷེ་ཡས་ཀྱང་བྷོ་སི་ནིས་ཡ་དང་། ཧེར་གཟའ་རྒོ་ཝེ་ནཱ་གཉིས་རང་གི་མངའ་ཁོངས་སུ་ལེན་འདོད་ཡོད། ཨོ་ཧན་གྱི་རྒྱལ་པོ་ལྐོག་བསད་བྱས་བའི་ཤ་འཁོན་དུ་ཨོ་ཧན་གྱིས(Serbia)གསི་བྷི་ཡ་ལ་བཙན་འཛུལ་བྱས། ཨུ་རི་སུའི་རང་གི་མནའ་མཐུན་རྒྱལ་ཁབ་གསེ་བྷེ་ཡ་ལ་དམག་རོགས་བྱས་ཤིང་། འཇར་མན་གྱིས་གནས་ཚུལ་དེ་མཐོང་ནས་ཨུ་རི་སུ་ལ་དམག་བཏང་། ཧྥ་རན་སིས་འཇར་མན་དང་ཨོ་ཧན་ལ་ངོ་རྒོལ་བྱས་བས། འཇར་མན་གྱིས་བྷེལ་རྒྱམ་རྒྱུད་ནས་ཧྥ་རན་སི་ལ་དམག་འཁྲུག་བྱས། གནས་ཚུལ་དེས་དབྱིན་ཇིས་དམག་འཁྲུག་ནང་དུ་ལྷུང་ཞིང་དབྱིན་གཞུང་གིས་ཉི་ཧོང་ལ་རེ་བ་ཞུས་བ་བཞིིན༡༩༡༤ལོར་ཟླ༨ནང་། དམག་ལ་ཞུགས་ནས་འཇར་མན་གྱི་མི་སེར་སྤེལ་བའི་ཕེ་སི་ཧྥེ་ཁིའི་རྒྱ་མཚོའི་ནང་གི་གླིང་ཕྲན་ཁག་ལ་དཔུང་འཇུག་བྱས། ཨེ་ཁྲ་ལེ་ཡིས(Italy)༡༨༨༢ལོར་བཞག་པའི་གྲོས་མཆོད་རྩིས་མེད་ཀྱིས༡༩༡༥ལོའི་ཟླ༥ནང་ཨོོ་ཧན་ལ་དཔུང་འཇུག་བྱས།
ཨ་རིས་ཅི་ཙམ་དམག་ལ་བྱོལ་ཡང་མཐའ་མ་མེ་གསེ་ཁོ(Mexico)དང་འཇར་མན་༼ལོ༧༠ཙམ་གྱི་སྔོན་མེ་གསེ་ཁོ་ཨ་རིའི་ལག་ནས་ཕམ་པས་ས་ཁུལ་དུ་མ་ཨ་ལག་ཏུ་ཤོར་བས་དགྲ་ཟླ་ཡིན༽བར་ལ་གསང་འབྲེལ་ཡོད་པ་དོགས་ཤིང་། ཨ་དབྱིན་བར་གྱི་འགྲུལ་སྤྱོད་མཚོ་གྲུ་ལ༼དབྱིན་དམག་ལ་གསང་བའི་ཐོག་ནས་མཚོན་ཆ་འཁུར་བ་དོགས་པས་འཇར་མན་གྱིས་གཏོར་རྒོལ་བྱས་བ་རེད༽འཇར་མན་གྱིས་གཏོལ་རྒོལ་དུ་མ་བྱུང་ཏེ་ཨ་མི་མང་པོ་ཤི་བའི་ཉེར་ལེན་སོགས་ཀྱིས༡༩༡༧ལོར་ཨ་རི་དམག་ཏུ་ཞུགས་ནས་འཇར་མན་ལ་རྒོལ། ལོ་ངོ་བཞི་དང་ལྷག་ལ(28.6.1914-11.11.1918)དམག་འཐབ་བྱས་ཤིང་མི་ཡ་ས་བརྒྱད་དང་ལྷག་བསད་ཅིང་། ས་ཡ་ཉེར་གཅིག་ཙམ་ལ་རྨས་སྐྱོན་ཕོགས། ས་ཡ་བདུན་ཙམ་ག་སོང་ཆ་མེད་དུ་གྱུར་ཞིང་། དམག་འཁྲུག་གི་དཀྱུལ་དང་འཇུག་ཏུ་འཇིག་རྟེན་ན་དབང་ཤུགས་ཆེ་བའི་ཨོ་སི་ཁྲི་རི་ཡའི་ཧན་རྒ་རི་དང་འཇར་མན། ཨུ་རི་སུ་དང་ཨོ་ཁྲོ་མན༼ཏུར་ཁ༽བཅས་ཀྱི་རྒྱལ་སྲིད་ཐོར་ནས། ཚབ་ཏུ་སྤྱི་ཚོགས་རིང་ལུགས་དང་མང་གཙོ་སྤྱི་ཚོགས་རིང་ལུགས་སོགས་ཀྱི་རྒྱལ་ཁབ་བཙུགས།
འཇར་མན་ཅི་ལྟར་ཕམ་ཚུལ།
དམག་ཆེན་མ་ཚུགས་སྔོན་ནས་ཨེ་ཁྲ་ལེ་དང་འཇར་མན། གསི་ལ་ཝེ་ཁི་སོགས་ཀྱི་མི་རིགས་རིང་ལུགས་ཀྱི་ལྟ་བ་ཡོ་རོབ་ཏུ་རྒྱ་ཆེར་དར་ཞིང་། མི་རིགས་སོ་སོའི་རང་དབང་འཐབ་རྩོད་དང་གཅིག་སྒྲིལ་གྱི་མཐོ་རླབས་དགོང་དུ་འཕྱོ་བས། འདྲ་མཉམ་མིན་པའི་སྲིད་བྱུས་འོག་ནས་མི་རིགས་མཉམ་གནས་བྱེད་པ་དཀའ་ངལ་འཕྲད་པས་ཁ་བྲལ་རིང་ལུགས་པ་དང་། རང་དོན་གཉེར་མཁན་གྱི་སྐབས་འཚོལ་པ། ཤུགས་བདག་ལ་རྒོལ་མཁན་གྱི་སྤྱི་ཚོགས་རིང་ལུགས་སོགས་ལམ་ལུགས་སྣ་ཚོགས་རྒྱ་ཆེན་དར། དམག་ཆེན་གྱི་སྐབས་སུ་འཇར་མན་དུ་མི་མང་གིས་སྲིད་དབང་གཅིག་བསྡུ་དང་དམག་རྒྱུད་རིང་ལུགས། རྒྱལ་རྒྱུད་རིང་ལུགས་བཅས་ལ་ངོ་རྒོལ་རྒྱ་ཆེན་བྱས།
སྐབས་དེར་འཇར་མན་གྱི་སྤྱི་ཚོགས་རིང་ལུགས་པ་དང་ཁྲིམས་རྒོལ་རིང་ལུགས་པ་སོགས་(Anarchists)ཀྱི་སྟོབས་ཤུགས་སྔ་ལས་རྒྱས་ཤིང་ཚོགས་མི་ཇེ་མང་དུ་ཕྱིན། དམག་འཁྲུག་གི་དབང་གིས་འཇར་མན་སྲིད་གཞུང་ལ་ཁོ་ཚོར་བཏང་འཛིན་བྱེེད་པའི་ནུས་བ་མེད་པའི་འགྲོས་དང་སྟུན་ནས་གྲོང་ཁྱེརMunichབཙན་གྱིས་བཟུང་། ༡༩༡༨ཟླ༡༡ཚེས༧རྒྱལ་ཕྲནBavariaཡི་རྒྱལ་པོ་ཁྲི་ལས་ཕབས་ཞིང་རང་དབང་གི་མངའ་སྡེ་བཙུགས། ཚེས༩ཉིན་འཇར་མན་གྱི་རྒྱལ་པོ་kaiser wilhelmརྒྱས་ས་ལས་བབ་ཅིང་། ༡༩༡༨ལོའི་ཟླ༡༡ཚེས༡༡ཉིན་འཇར་མན་མང་གཙོ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་མཐུན་རྒྱལ་ཁབ་བཙུགས།
འཇར་མན་གྱིས་ཟླ༡༡ཚེས༡༡ཉིན་ཕམ་ཁ་ངོས་ལེན་གྱིས་ཨ་དབྱིན་སོགས་ལ་ཕ་རི་སི་རུ་ནས་གྲོས་མོལ་བྱས། མ་གཞི་དམག་ཆེན་དང་པོའི་སྐབས་འཇར་མན་ལ་རྒྱལ་ཁ་ཐོབ་རྒྱུའི་གདེང་སྤོབས་གང་མཚམས་ཡོད་ཀྱང་། ནང་ཁུལ་གྱི་མི་རིགས་རིང་ལུགས་པའི་གསར་རྗེས་དང་སྤྱི་ཚོགས་རིང་ལུགས་པའི་གསར་རྗེས། ཁྲིམས་རྒོལ་རིང་ལུགས་པའི་གསར་རྗེས་སོགས་ཀྱིས་་ངོ་རྒོལ་བྱས་བའི་སྟེང་། མཐུན་ཕྱོགས་ཨོ་ཧན་གཞུང་ལ་མི་རིགས་ཀྱི་གནད་དོན་འོག་ཕམ་ཁ་རྒྱ་ཆེན་བྱུང་བས་དམག་རྒྱགས་རྣམས་སྣུམ་ཟད་ཀྱི་མར་མེ་བཞིན་ཟད་པས་མཐའ་མ་ཕམ་ཁ་ངོས་ལེན་མི་བྱེད་ཐབས་མེད་ཆགས་པ་རེད།
ཨོ་ཧན་གཞུང་གི་ཕམ་ཉེས་དང་མི་རིགས་རིང་ལུགས།
ཨོ་ཧན་གཞུང་ནི་༡༨༦༧ལོར་ཧན་རྒ་རི་ཨོ་སི་ཁྲི་ཡ་ནས་ཁ་བྲལ་དུ་མི་འགྲོ་ཆེད་ཁོ་གཉིས་ཐོབ་ཐང་འདྲ་མཉམ་གྱིས་བཙུགས་པའི་སྲིད་གཞུང་ཞིག་ཡིན་ལ། གཙོ་བདག་ནི་ཨོ་སི་ཁྲི་རི་ཡའི་རྒྱལ་པོ་ཡིན། ཧན་རྒྱལ་ནི་ཡུལ་དེའི་ལག་པ་ལྟ་བུའི་རྒྱལ་ཕྲན་རྒྱལ་པོ་ཡིན།
ཡོ་རོབ་ཏུ་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་དར་བའི་འགྲོས་དང་སྟུན་ནས་ཨོ་ཧན་གྲོས་ཚོགས་ནང་དུ་མི་རིགས་རིང་ལུགས་པའི་ལྟ་བ་རྒྱ་ཆེན་འཕེལ་ཏེ་གྲོས་ཁ་མི་མཐུན་པའི་དཀའ་ངལ་སྟེང་། ཨོ་སི་ཁྲི་རི་ཡའི་ནང་སྐྱེས་བོ་སྒེར་གྱི་ཐོབ་ཐང་རྩོད་མཁན་དང་གནའ་གོམས་ལ་རྒོལ་མཁན་མང་དུ་བྱུང་། ཨོ་སི་ཁྲི་རི་ཡའི༼སྐད་ཡིག་འཇར་མན་ཡིན༽ཐད་ཀའི་བཏང་འཛིན་འོག་ཏུ་ཡོད་པའི་ཆེ་ཁའི་ནང་དུའང་ཆེ་ཁིའི་མི་རིགས་རིང་ལུགས་པས་འཇར་མན་གྱི་སྐད་ཡིག་དང་པོ་བྱེད་པར་ངོ་རྒོལ་བྱས། ཡིན་ཡང་། འཇར་མན་གྱི་མི་སེར་སྤེལ་མཁན་ཚོས་འཇར་མན་གྱི་སྐད་ཡིག་དང་པོ་དང་། ཆེ་ཁིའི་སྐད་ཡིག་འཇར་མན་དང་འདྲ་མཉམ་འཇོག་པར་བཟོད་སྒོམ་མ་ཐུབ་ཅིང་། དབང་ཡོད་ཀྱིས་འཇར་མན་གྱི་སྐད་ཡིག་བེད་སྤྱོད་བཏང་བའི་འགྲོས་དང་སྟུན་ནས། གཉའ་གནོན་མྱོང་མཁན་གྱི་མི་རིགས་ནང་དུའང་མི་རིགས་རིང་ལུགས་པ་འཕེལ་ཞིང་རང་སྐད་གཙོ་བཟུང་བྱེད་པའི་གོམས་སྲོལ་སྔར་ལས་དར། དེ་ལ་ཁ་གཏད་ཀྱི་ཚུལ་དུ་འཇར་མན་གྱི་སྐད་ཡིག་སྔ་ལས(Czech)ཆེ་ཁིའི་ནང་དུ་དར་སྤེལ་བཏང་ཡང་། ཆེ་ཁིའི་མི་རིགས་རིང་ལུགས་པའི་བློ་སྤོབས་མ་ཞུམ་པ་སྐད་ཡིག་འདྲ་མཉམ་དགོས་བའི་འཐབ་རྩོད་སྔ་ལས་ཛ་དྲག་ཏུ་བྱས་མཐར།
༡༨༩༧ ལོར་ཨོ་གཞུང་གིས་ Bohemia ནང༼ཡུལ་དེ་ནི་ཆེ་ཁིའི་ས་ཆ་ཡིན་ཡང་འཇར་མན་པ༣༦%ཆེ་ཁིའི་སྐད་ཡིག་བེད་སྤྱོད་བཏང་མཁན་ཆེ་ཁི་པ་༦༣%ཙམ་ཡོད༽ཆེ་ཁིའི་ཡི་གེ་ལ་འཇར་མན་གྱི་ཡི་གེ་དང་ཐོབ་ཐང་འདྲ་མཉམ་སྤྲད། འཇར་མན་གྱི་མི་མང་པོ་ཞིག་གིས་དེ་ལ་འདོད་པ་མ་ཚིམས་པ་ཨོ་ཧན་གཞུང་ལ་ངོ་རྒོོལ་བྱས་ཤིང་། དེ་ནི་མི་རིགས་གཉིས་ཀྱི་གནད་དོན་དུ་གྱུར་ནས་མི་རིགས་འཆམ་མཐུན་ལ་གནོན་སྐྱོན་ཚབས་ཆེན་བཟོས་བས་ཨོ་གཞུང་ལ་དཀའ་ངལ་ཧ་ཅང་འཕྲད། ཅི་ཙམ་མི་རིགས་འགལ་བ་ཕྱིན་པ་དེ་ཚོད་ཀྱིས་ཕྱོགས་གཉིས་ཀ་དང་དབང་འཛིན་པ་ནང་ཁུལ། ལྷག་པར་དུ་ཆེ་ཁིའི་ནང་དུ་མི་རིགས་རིང་ལུགས་པ་དྲག་ཏུ་འཕེལ་ཞིང་། སྐད་ཡིག་འདྲ་མཉམ་གྱི་གོ་སྐབས་དམ་འཛིན་གྱིས་རང་སྐད་བརྗེད་ཟིན་པའི་རྗེས་རབས་པ་རྣམས་ལའང་། རང་གི་སྐད་ཡིག་ཁྲིད་པས་ཆེ་ཁིའི་ས་ཁུལ་གཞན་དག་ཏུའང་རིམ་བཞིན་ཆེ་ཁིའི་སྐད་ཡིག༼གསི་ལ་ཝེ་ཁའི་སྐད་ཡིག་གི་ཁོངས་གཏོགས་ཡིན༽སྦྱང་མཁན་གྱི་གྲངས་འབོར་ཧ་ཅང་འཕེལ་ནས། ཚད་ལྡན་གྱི་རྩོམ་པ་པོ་མང་པོ་ཆེ་ཁིའི་སྐད་ཡིག་ཐོག་ཏུ་བྱུང་ཞིང་། རྩོམ་སྒྱུར་མཁན་དང་ཚད་ལྡན་གྱི་རྩོམ་ཡིག་སྤེལ་མཁན་མང་དུ་བྱུང་།
དེ་དག་ནི་Františkཀྱིས་གནད་ཁྲིད་པའི༡༨༤༨ལོར་ཆེ་ཁིའི་རྒྱལ་ས་ཕ་རལ་རྒི་རུ་གསི་ལ་ཝེ་ཁིའི་མི་རིགས་རིང་ལུགས་པའི་ལས་འགུལ་ཐོག་མ་སྤེལ་ཞིང་། དར་ཆ་སོགས་བཟོས་བའི་ཉེར་ལེན་གྱིས་ཡིན་ལ། གནད་དོན་དེས་མི་རིགས་རིང་ལུགས་པ་མང་དུ་སྐྱེད་སྲིང་བྱས་ཤིང་། རང་སྐད་དམ་པོ་བཟུང་པས་རྗེས་སུ་ཆེ་ཁིའི་རང་བཙན་ཐོབ་པའི་ས་བོན་དུ་གྱུར། Františkཡིས་རྩོམ་ཡིག་མང་པོ་འཇར་མན་དང་ཆེ་ཁི་གཉིས་ཀས་ནང་བྲིས་ཤིང་ཁོང་གི་བརྩམས་ཆོས་ཀྱིས་ཆེ་ཁིའི་ནང་མི་རིགས་ཀྱི་ལ་རྒྱལ་ཤུགས་ཆེན་གསོས་བས། དེང་སྐབས་ཆེ་ཁི་མི་མང་གིས་ཁོང་ནི་རྒྱལ་ཁབ་ཀྱིི་ཀ་བ་ལྟ་བུ་ངོས་འཛིན་བྱེད་ལ། སྒོར་མོའི་ངོས་སུའང་ཁོང་གི་དཔར་ཡོད། ཁོང་ནི་དུས་རབས་བཅུ་གསུམ་ནང་ཨོ་སི་ཁྲི་རི་ཡས་ཆེ་ཁི་ལ་དབང་སྒྱུར་བྱས་རྗེས་སུ་ཆེ་ཡིག་སྒང་རྩོམ་པ་པོ་རེ་ཟུང་ལས་ལྷག་མེད་པའི་ནང་གི་གཅིག་ཀྱང་ཡིན།
ཧན་རྒ་རི་ལའང་དེ་བཞིན་མི་རིགས་རིང་ལུགས་པའི་དཀའ་ངལ་འཕྲད་པས༡༨༦༨ལོར་རང་གི་གྲངས་ཉུང་མི་རིགས་ཀྱི་དགོས་འདོད་བཞིན Slovaks, Romanians, Serbs སོགས་ལ་སོོ་སོའི་སྐད་ཡིག་སློབ་གྲྭ་དང་། ལས་ཁུངས་སོགས་སུ་བེད་སྤྱོད་བྱེད་པའི་ཐོབ་ཐང་སྤྲད། དེ་བཞིན་རོོ་མན་ནིས་ཡའི་མི་རིགས་མང་ཤོས་ཡོད་པའི Transylvania དང་གསི་ལོ་ཝ་ཁི་སོགས་སུ་མི་རིགས་རིང་ལུགས་པའི་དཀའ་ངལ་དྲག་ཏུ་འཕྲད། ཧན་རྒ་རིའི་མི་སེར་སྤེལ་བའི་རིང་ལུགས་པ་དང་མི་རིགས་གཞན་གྱི་མི་རིགས་རིང་པ་གཉིས་ཀྱི་མཛའ་མཐུན་ལ་དོ་ཕོགས་རྒྱ་ཆེན་བྱུང་ཁར། མི་རིགས་གཞན་གྱིས་ཨོ་ཧན་གཞུང་ལ་སྐད་ཡིག་འདྲ་མཉམ་དང་མི་རིགས་འདྲ་མཉམ་དགོས་བའི་ངོ་རྒོལ་བྱས། ཅི་ཙམ་མི་རིགས་རིང་ལུགས་པ་ཤུགས་ཆེར་ཕྱིན་པ་དེ་མཚུངས་ཀྱིས་འདྲ་མཉམ་དགོས་བའི་ངོ་རྒོལ་བྱས་ཤིང་། ཅི་ཙམ་ངོ་རྒོལ་བྱས་བ་དེ་ཙམ་གྱིས་དྲག་གནོན་བྱས། ཅི་ཙམ་དྲག་གནོན་བྱས་བ་དེ་ཚོད་ཀྱིས་ཁ་བྲལ་རིང་ལུགས་པའི་སྟོོབས་ཤུགས་རྒྱས་ཤིང་། ཅི་ཙམ་ཁ་བྲལ་རིང་ལུགས་ཀྱི་སྟོབས་ཤུགས་རྒྱས་ན། དེ་ཚོད་ཀྱིས་སྲིད་གཞུང་ནས་གདུག་གནོན་བྱས་བས་གཉའ་གནོན་མྱོང་མཁན་གྱི་མི་རིགས་དང་། གཉའ་གནོན་བཏང་མཁན་གྱི་གཞུང་འཛིན་མི་རིགས་བར་གྱི་ནད་གཞི་གཅུང་ནད་དུ་གྱུར་ནས་སེལ་ཐབས་ཅི་ཙམ་བྱས་ཀྱང་མཉམ་གནས་བྱེད་པར་དཀའ་ངལ་འཕྲད།
དམག་ཆེན་གྱི་སྐབས་སུ་ཨོ་སི་ཁྲི་རི་ཡའི་ཧན་རྒ་རི་ནང་ཐོབ་ཐང་དོན་གཉེར་བ་དང་། མི་རིགས་རིང་ལུགས་པ་སྔ་ལས་བྱུང་ཞིང་གོ་སྐབས་དམ་འཛིན་བྱས་བ་མ་ཟད། ཨོ་སི་ཁྲི་རི་ཡའི་གསར་རྗེས་ཕྱོགས་ཁག་གིས་ཀྱང་ཧྥ་རན་སིའི་གསར་རྗེས་སོགས་ལ་མིག་དཔེ་ལྟས་ནས་རྒྱལ་པོའི་ལམ་ལུགས་ལ་ངོ་རྒོལ་བྱས། མི་རིགས་མི་མཐུན་པའི་དཀའ་ངལ་སྟེང་གསར་རྗེས་བའི་དཀའ་ངལ། ལྷག་པར་དུ་མི་རིགས་རིང་ལུགས་པའི་དཀའ་ངལ་བཅས་ལ་བརྟེན་ནས་ཨོ་ཧན་དམག་ཆེན་དང་པོའི་ཁྲོད་ནས་ཕམ་ཉེས་བྱུང་། དབང་སྒྱུར་བ་ཨོ་སི་ཁྲི་རི་ཡ་དང་ཧན་རྒ་རི་གཉིས་ཀྱང་འབྲེལ་མེད་ཀྱི་རང་བཙན་རྒྱལ་ཁབ་གཉིས་སུ་ཆགས་ནས་ཧན་རྒ་རི་མང་གཙོ་སྤྱི་མཐུན་རྒྱལ་ཁབ་དང་། འཇར་མན་ཨོ་སི་ཁྲི་རིའི་ཡིའི་སྤྱི་མཐུན་རྒྱལ་ཁབ་བཙུགས། གཞན་གཉའ་གནོན་མྱོང་མཁན་གྱི་མི་རིགས་ཆེ་ཁི་སོགས་ལ་རང་ཐག་རང་གཅོད་ཀྱིས་རང་བཙན་ཐོབ་ཅིང་རྒྱལ་ཁབ་བདུན་དུ་ཆགས། དེ་དག་ཚང་མར་མི་རིགས་རིང་ལུགས་པའི་མངོན་འདོད་ཅི་བཞིན་རྒྱལ་ཁ་ཐོབ་སྟེ། དེང་སྐབས་རྒྱལ་ཁབ་མི་འདྲ་བ་བདུན་དང་། མི་རིགས་སམ་སྐད་ཁུགས་བཞིན་རྒྱལ་ཁབ་དྲུག་གི་ཆ་ཤས་སུ་གྱུར་ཡོད། འདི་དག་ནི་མི་རིགས་རིང་ལུགས་པས་འདྲ་མཉམ་མིན་ཞིང་མི་རིགས་དབྱེ་འབྱེད་དང་། སྐད་ཡིག་དབྱེ་འབྱེད་ཀྱི་ཕྱོགས་ལྷུང་གི་སྲིད་བྱུས་ལ། སྙིང་སྟོབས་བཙན་པོས་དྲང་བདེན་གྱི་ལན་འདེབས་གནང་བའི་འབྲས་བུ་ཡིན་ལ། གདུག་རྩུབ་ཆེ་བའི་མི་སེར་སྤེལ་མཁན་དང་རྒྱ་སྐྱེད་མཁན་ཚོའི་འདོད་རྔམ་ལ་ཚོད་འཛིན་དང་། ཆོག་ཤེས་ཀྱི་སློབ་ཁྲིད་ཐེངས་ཤིག་གནང་བ་ག་ལ་མིན། ཡིན་ཏེ། དེ་ལྟར་མིན་ན་མི་སེར་སྤེལ་མཁན་ཚོ་ནམ་ཡང་ཕྱི་ནུར་བྱེད་མི་སྲིད།
གཅིག་བསྡུ་རིང་ལུགས་པའི་སྲིད་གཞུང་གང་ཞིག་ཡིན་ཡང་དྲང་བདེན་མེད་མིན་ཞིང་མི་མང་གི་འདོད་འདུན་ལ་རྩིས་མེད་བཏང་ཕྱིན། ནང་ཁ་མི་མཐུན་པའི་དཀའ་ངལ་ཡོད་པས་ཅི་ཙམ་སྟོབས་ཆེན་ཡིན་མདོག་སྟོན་ཡང་། སྲིད་གཞུང་ལ་དཀའ་ངལ་འཕྲད་སྐབས་གཉའ་གནོན་ཕོགས་མཁན་གྱི་མི་རིགས་དང་། མི་མང་ཚོས་ངོ་རྒོལ་བྱེད་པས་ཁོང་ཚོའི་སྲིད་གཞུང་ནི་རླུང་ནང་གི་མར་མེ་བཞིན་ནམ་ཡང་དམག་སྲུང་དང་ཁ་བྲལ་ཐབས་མེད། ནམ་ཞིག་རྒྱལ་ཁབ་དེའི་དམག་སྲུང་ལ་དཀའ་ངལ་འཕྲད་ཚེ་རྒྱལ་ཁབ་དེ་ཐོར་ཞིགས་སུ་འགྲོ་ལ། འགྲོ་བ་གོང་གི་ལོ་རྒྱུས་ཀྱིས་གསལ་བཤད་བྱས་ཡོད།
མི་རིགས་རི་ལུགས་ནི་སྟོབས་ཤུགས་ཆེ་བའི་མི་སེར་སྤེལ་མཁན་ཚོ་དང་། རྒྱ་སྐྱེད་རིང་ལུགས་པ་ལ་དྲང་བདེན་གྱི་ཁ་གཏད་འཇལ་ཐབས་ཡག་ཤོས་དེ་ཡིན་ལ། དེས་ཡོ་རོབ་ཀྱི་རྒྱལ་ཁབ་༩༩%དང་། རང་དབང་ཐོབ་པའི་རྒྱལ་ཁབ་དང་མི་རིགས་མང་ཤོས་ཀྱི་མགོན་སྐྱབས་མཛད་ཡོད། དེ་བརྟེན། རང་དབང་ངམ་རང་བཙན་འདོད་མཁན་གྱི་མི་རིགས་གང་ཞིག་ཡིན་ཡང་། མི་རིགས་རིང་ལུགས་དང་། མི་འབྲལ་ཡ་ནི་རང་ཉིད་འགྱེད་ས་ནས་ལངས་པའི་རྩ་བའི་རྒྱུ་རྐྱེན་ཡིན་པས་ནམ་ཡང་སྐྱེས་སུ་འོས།
མི་རིགས་རིང་ལུགས་ལ་སྒོ་རྡུང་བཏང་མཁན།
༡༽མ་ཧཱ་རྒན་ངྷེ།
ཁོང་གིས་རྒྱ་གར་དང་པཱ་ཁི་སི་ཐན་གཉིས་ཟླ་བསྒྲིགས་བཏང་བའི་དམིགས་ཡུལ་ཡོད་པ་མ་ཟད། ཧི་མ་ལ་ཡའི་རི་སྒང་གི་བོད་དང་ས་འབྲེལ་གྱི་མི་རིགས་རྣམས་དང་། ཀ་ཤི་མིར་དང་པན་འཇབ། རྟ་མིན་སོགས་གཅིག་སྒྲིལ་གྱིས་རྒྱ་གར་རྒྱལ་ཁབ་བཙུགས་པར་འགོག་རྐྱེན་ཐེབས་པས། ཁོང་གིས་མི་རིགས་ཀྱི་ལ་རྒྱལ་འཛིན་མཁན་དང་མི་རིགས་རིང་ལུགས་པ་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད། རྒྱུ་མཚན་ནི། ཁོང་ནི་མངོན་པ་མི་གསལ་བའི་རྒྱ་སྐྱེད་རིང་ལུགས་པ་དང་མི་སེར་སྤེལ་མཁན་ཞིག་ཡིན་པས་རེད། མ་ཟད་ཁོང་གྲོངས་བའང་དེ་དང་འབྲེལ་བ་ཡོད།
༢༽རྒྱལ་པོའི་རིང་ལུགས་པ།
རྒྱལ་པའི་རིང་ལུགས་པས་དུས་རྒྱུན་རྒྱལ་པོ་ཁ་ལ་འཁྱེར་ནས་རྒྱལ་མཚམས་དང་མི་རིགས་ཀྱི་དབྱེ་བ་མེད་པ་རང་གི་མངའ་ཐང་རྒྱ་སྐྱེད་བྱེད་ཀྱིན་ཡོད་ལ། ཁོང་ཚོས་དུས་རྒྱུན་སུས་རྒྱལ་པོ་ལ་གུས་བས་འདུད་ན། དེ་ལ་རྒྱལ་པོ་ཡིས་སྙིང་རྗེ་ཡིས་སྐྱོང་ཚུལ་གྱི་དྲིལ་བསྒྲགས་མཛད་ཅིང་། མི་སེར་སྤེལ་བས་མི་རིགས་རིང་ལུགས་ལ་སྒོ་རྡུང་མི་བཏང་ཐབས་མེད་ཆགས་ཤིང་བཏང་དགོས་ཏེ། མ་བཏང་ཚེ། ཁོང་ཚོ་མི་རིགས་དེ་མིན་པས་རིགས་རུས་གཞན་ལ་དབང་སྒྱུར་བྱེད་པའི་རྒྱབ་ལྗོངས་དང་རྒྱུ་མཚན་བརླགས་པས་རེད།
༣༽ཆོས་ལུགས་རིང་ལུགས་པ།
ཁོང་ཚོས་ཆོས་ལུགས་ཁ་ལ་འཁྱེར་ནས་མི་རིགས་དང་རྒྱལ་ཁབ་ཀྱི་དབྱེ་བ་མེད་པ་ཆོས་ལུགས་ཀྱིས་སེམས་ཅན་ལ་ཕན་ཚུལ་གྱིས་དར་སྤེལ་བཏང་དགོས་ཤིང་། དགོས་བས་མི་རིགས་རིང་ལུགས་པ་དང་གདོང་ཐུག་བྱུང་བཞིན་ཡོད། རྒྱུ་མཚན་ནི། ཆོས་ལུགས་དེ་ཕྱི་ཆོས་ཡིན་ཚེ་མི་རིགས་རིང་ལུགས་པས་དེ་ཕྱི་ཆོས་སུ་རྩིས་ནས་གུས་བཀུར་བྱེད་པར་འགོག་རྐྱེན་ཐེབས་པ་མ་ཟད། ཆོས་བྱེད་པས་མི་རིགས་དབྱེ་མེད་པ་ཆོས་ལུགས་ཀྱིས་མི་མང་དབང་སྒྱུར་བྱེད་པའི་རྩ་བའི་འཆར་གཞི་ལ་འགོོག་རྐྱེན་འབྱུང་བས་ཁོང་ཚོས་མི་རིགས་རིང་ལུགས་ལ་ངོ་རྒོལ་བྱེད་བཞིན་ཡོད། གསར་དུ་ཐོོན་བཞིན་པའི་ནུབ་གླིང་གི་Hippyཚོ་ཀྱང་དེ་དང་འདྲ་བོ་བཞིན་ཆགས་ཡོད།
༤༽བླ་མ་དང་སྤྲུལ་སྐུའི་རིང་ལུགས་པ།
ཁོང་ཚོས་ཆོས་ལུགས་དང་རྒྱལ་པོས་རིང་ལུགས་གཉིས་ཟླ་བསྒྲིགས་བཏང་ཞིང་གང་ནས་ཁེ་ཕན་ཐོབ་ན་དེ་ལ་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་བ་མེད་པ། རང་ནུས་དར་སྤེལ་དང་། དབང་སྒྱུར་བྱེད་པའི་སྲིད་བྱུས་ཡོད་པས་མི་རིགས་རིང་ལུགས་དང་ཁ་གཏད་ཆགས་བཞིན་ཡོད། དེ་བརྟེན། ད་ལྟ་སྲིད་ལས་ཁེ་ཚོང་མ་ཐོབ་པའི་སྤུལ་སྐུ་དང་རྗེས་འཇུག་པ་མང་པོ་ཞིག་གིས་མི་རིགས་གཞན་ལ་ཁོང་ཚོས་ཆོས་ལས་སྲིད་ལ་ཐེ་གཏོགས་མི་བྱེད་ཟེར་དགོས་ཆགས་ཞིང་། མི་རིགས་དབྱེ་མེད་ཀྱི་ཆོས་ལུགས་ཀྱི་དར་ཆ་འཁྱེར་ནས་རང་ཁེ་ཐོབ་ཐབས་བྱེད་པས་མི་རིགས་རིང་ལུགས་དང་འགལ་བ་གྱུར་ཡོད། མ་ཟད་གནད་དོན་དེའི་འོོག་སྤྲུལ་སྐུ་རེ་ཟུང་ངམ་སྤྲུལ་སྐུ་རིང་ལུགས་པ་མི་ཉུང་བ་ཞིག་གིས་མི་རིགས་རིང་ལུགས་ལ་འཁོན་སེམས་འཛིན་བཞིན་ཡོད།
༥༽ཞི་བདེ་རིང་ལུགས་པ།
ཁག་ཅིག་གིས་འཛམ་གླིང་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས། འཇིག་རྟེན་ཁྱིམ་གཅིག་གི་མཁའ་གཡང་སྒྲོག་བཞིན་ཁོག་ཏུ་རྒྱ་སྐྱེད་རིང་ལུགས་དང་། སྒེར་གྱི་མཚན་མཐོང་ཆེད་མི་རིགས་རིང་པ་ནི་ཕྱོགས་ཞེན་རིང་ལུགས་པ་གཟིགས་ནས་དགག་པ་རྒྱག་བཞིན་ཡོད། ཁག་ཅིག་གིས་རང་གི་མི་རིགས་དང་རྒྱལ་ཁབ་ལ་གཞན་གྱིས་གཉའ་གནོན་གྱི་དཀའ་ངལ་མེད་པས་སུ་ལ་འཁོན་སེམས་མེད་ཅིང་། དེ་དག་རྒྱུན་གནས་ཡོང་ཆེད་དང་། རང་གི་རྒྱལ་ཁབ་ཀྱིས་དེ་ལྟར་འཛམ་གླིང་ལ་ལེགས་སྐྱེས་འབུལ་བའི་འཇོན་ཐང་གང་མཚམས་ཡོད་པའི་གདེང་ཚོད་འོག ཁ་ཞེ་གཉིས་མེད་ཀྱིས་འཛམ་གླིང་འཆམ་མཐུན་ཡོང་བར་འབད་ནས་མི་རིགས་རིང་ལུགས་ལ་དགག་པ་དང་། རྒྱབ་སྐྱོར་གཉིས་ཀ་བྱེད་ཀྱི་མེད།
ཁག་ཅིག་གིས་རང་ཉིད་མི་རིགས་གཞ་གྱི་གཉའ་གནོན་འོག་ཏུ་ལྷུང་ཡང་། སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་ངོམ་གསོ་ཐོབ་ཆེད་དང་། ཕྱི་མིའི་དགའ་བསུ་ཐོབ་ཆེད་འཛམ་གླིང་ཞི་བདེ་ཡི་ཁ་གཡང་སྒྲོག་བཞིན་ཕུགས་སུ་ཞི་བདེའི་བྱ་དགའ་དང་། རང་གི་ཆེ་མཐོང་ཉལ་བཞིན་རང་རིགས་ཀྱི་ཁེ་ཕན་ཕལ་ཆེར་གཞན་ལག་ཏུ་སྤྲད་ཅིང་། འཐབ་རྩོད་པ་ལས་གཟི་དཔང་ལྟ་བུ་མྱི་བཟང་བྱེད་པས་ཁོང་དུ་མི་རིགས་རིང་ལུགས་ཡོད་ཀྱང་། ཕྱོགས་ཞེན་མེད་ཁུལ་གྱིས་མི་རིགས་རིང་ལུགས་ལ་མངོན་སུམ་དུ་སྐུལ་འདེད་བྱེད་པའི་བློ་སྤོབས་མེད། དེ་ནི་ཕྱོགས་གཅིག་ནས་ལྟས་ན་རང་ཉིད་འདམ་དུ་ལྷུང་ཡང་འདམ་དུ་མ་ལྷུང་བའི་སྟོབས་ཆེན་རྒྱལ་ཁབ་རྣམས་ལ་རོགས་སྐྱོར་བྱེད་པའི་ལས་ཀརའགྱུར་བས། རང་དོན་མ་འཇོན་པ་གཞན་དོན་སྒྲུབ་པའི་དཔེ་ལྟར་གྱུར་ཡོད། ཡིན་ཡང་། ཁོང་ཚོས་གཞན་དོན་སྒྲུབ་ཡ་ནི་རང་དོན་འགྲུབ་བྱེད་ཀྱི་ཐབས་ལམ་སྒྲུབ་བཞིན་ཡོད།
༦༽སྒེར་སེམས་རིང་ལུགས་པ་དང་སྣང་མེད་རིང་ལུགས་པ།
ཁོང་ཚོ་ལས་ཁ་ཅིག་སྒེར་སེམས་ཆེ་དྲགས་པ་དང་། ཁ་ཅིག་ཤེས་ཚད་ཞན་དྲགས་པས་རང་ཉིད་ཀྱི་སྒང་དུ་དཀའ་ངལ་མེད་ན་གཞན་ལ་འདྲ་མཉམ་མིན་པའི་དཀའ་ངལ་ཅི་ཞིག་བྱུང་ཡང་དོ་འཁུར་མེད་ལ། མི་རིགས་ལྟ་ཅི་ཐ་ན་ཕྱོགས་ཁ་དང་འཚོ་བའི་བདེ་སྡུག་ལ་དོ་སྣང་མི་བྱེད་མཁན་ཚོས་མི་རིགས་རིང་ལུགས་པ་ནི་གུ་དོོག་ཏུ་སྨྲས་ནས་དོ་སྣང་མི་བྱེད། དེ་བརྟེན། སྣང་མེད་དམ་སྐྱ་སྟོང་རིང་ལུགས་པ་ཞེས་བརྗོད་ཀྱང་འོས།
Anarchism ཁྲིམས་རྒོོལ་རིང་ལུགས་པ།
ཁོང་ཚོས་རྟེན་དུ་སྐྱེས་བའི་རང་བཞིན་ལྷན་སྐྱེས་ཀྱི་ཁྲིམས་ལུགས་ལས་རྒྱལ་ཁྲིམས་སམ་མི་བཟོས་ཁྲིམས་ལུགས་གང་ཞིག་གི་འོག་ཏུ་འཚོ་འདོད་མེད་ཅིང་། མི་ལ་མིས་བཏང་འཛིན་བྱེད་པའི་ལམ་སྲོལ་ཀུན་ལ་སུན་པས་སྲིད་གཞུང་གི་ཁྲིམས་ལུགས་དང་ལམ་ལུགས་ལ་ངོ་རྒོོལ་བྱེད་པ་མ་ཟད། ས་མཚམས་དང་མི་རིགས་ཀྱི་ཞེན་ཁོག་སོགས་ལ་མི་མོས། ཁོང་ཚོས་རྒྱལ་ཁབ་དང་མངའ་སྡེའིི་ལམ་ལུགས་འོག་ནས་བཅིང་གྲོལ་ཐོབ་ཐབས་སུ་འབད་ཀྱང་། མི་རིགས་རིང་ལུགས་ཀྱིས་དེ་དག་ཐོབ་ཐབས་སུ་འབད་པས་འགལ་ཟླར་ཆགས་བཞིན་ཡོད། འོན་ཀྱང་། བཙན་གནོན་གྱི་འོག་ནས་རང་དབང་ཐོབ་རྒྱུ་འདྲ་བས་ཡོ་རོབ་ཀྱི་རྒྱལ་ཁབ་མངང་པོའི་གསར་རྗེས་སྐབས་སུ་ཁོ་གཉིས་མཉམ་འབྲེལ་གྱིས་སྐུ་དབང་ལུགས་ལ་རྒོལ་ཡོད།
ཁོོ་ཚོ་ཆོས་ལུགས་དར་སྤེལ་བཏང་མཁན་དང་ལྟ་བ་ཅུང་ཉེ་བས་ཡི་ཤུ་དང་ནང་པ། ཧིན་དྷི་སོགས་ཀྱི་ཆོས་ལུགས་སྤེལ་མཁན་ཁག་ཅིག་གིས་དེ་ངོས་ལེན་བྱས་ཤིང་བེད་སྤྱོད་བཏང་བསBuddhist Anarchismསོགས་དར་ཡོད། ཁོང་ཚོས་ཕྱོགས་རིས་མེད་པའམ། མེད་ཁུལ་གྱིས་མི་རིགས་དང་རྒྱལ་མཚམས་སོགས་ལ་རྒོལ་བས་མི་རིགས་རིང་ལུགས་དང་འགལ་ཟླར་གྱུར་ཡོད། འོན་ཀྱང་། ཁྲིམས་རྒོལ་རིང་ལུགས་པས་ཆོས་ལུགས་དེ་ཡང་མིས་བཟོས་ཁྲིམས་ལུགས་དང་ཚོགས་པ་ཡིན་པས་ངོས་ལེན་ཡོད་མེད་ཀྱི་རྩོད་པ་ཡོད།
ཨོ་སི་ཁྲི་རི་ཡའི་ཧན་རྒ་རི་རྒྱལ་པོའི་མངའ་ཁོངས།
ཨོ་ཧན་གྱི་མངའ་ཁོངས་ནིAustria, Bosnia-Herzegovina, Croatia, Czech, Hungary, Slovakia, Slovenia, བཅས་ཀྱི་དེང་སང་གི་རྒྱལ་ཁབ་བདུན་དང་། Ukraine Italy, Montenegro, Poland, Romania, Serbia, བཅས་ཀྱི་རྒྱལ་ཁབ་ཀྱི་ཆ་ཤས་བཅས་ཡིན།
ཨོ་སི་ཁྲི་རི་ཡའི་རྒྱལ་པོHapsburgནི་སྐུ་དབང་ཆེ་བའི་ཡོ་རོབ་ཀྱི་རྒྱལ་པོ་གནད་འགག་ཅན་ཞིག་ཡིན་ལ་ཁོང་གི་ཁྱིམ་རྒྱུད་ཀྱིས་དུས་རབས་བཅུ་གསུམ་པ་ནས་དུས་རབས་ཉི་ཤུ་བའི་དམག་ཆེན་དང་པོའི་འཇུག་བར་ཡོ་དཀྱུལ་ཁུལ་དུ་བཏང་འཛིན་བྱས།
ཧན་རྒ་རིའི་རང་བཙན་དོན་གཉེར་བ་རྣམས་ཀྱི་དམག་འཁྲུག་གི་ངོ་རྒོལ་ཡང་ཡང་བྱས་བས་དེ་འཇགས་ཐབས་སུ་བསམ་ཤེས་ཀྱི་ལམ་ནས༡༨༦༧ ལོར་ཨོ་ཧན་གཞུང་བཙུགས་ཤིང་༡༩༡༨བར་དུ་གནས་ཐུབ་པ་བྱུང་།
1867-1918 ཨོ་ཧན་སྲིད་གཞུང་། ↓
ཨོ་སི་ཁྲི་རི་ཡའི་འོོག་གི་ཧན་རྒ་རིའི་རྒྱ་ཕྲན་རྒྱལ་ཁབ1526–1867
རྩོམ་ཡིག་ཧ་ལས་པ་ཡག་པོ་དང་བློ་འབྱེད་རྒྱུ་མང་བོ་ཡོད་པའི་རྩོམ་པ་པོར་ཐུགས་རྗེ་ཆེ་ཞུས་ཞུ་འདོད་བྱུང་།
ཧ་ལས་པ་ཡག་པོ་ཡིན་ན། ཧ་མ་ལས་པ་ག་འདྲ་ཡོད་པ་རེད།
བློ་འབྱེད་རྒྱུ་མང་བོ་ཡོད་པའི་རྩོམ་པ་པོ་ཞིག་ཡིན་ན་ག་འདྲ་ཞིག་དགོས་པ་རེད།
བསྟན་པ་ལགས། གོ་མྱོང་ནིའི་སྐད་ཆ་འདི་ཚོ་སྙིང་རྗེ་བ་ལ། ཧ་ཧ་ཧ།
བོད་ཡིག་ནི་གཏོ་འདོན་བྱེད་ཙམ་དུ་མི་འགྱུར་བ་འདི་འདྲའི་ཐོག་ནས་ཡོང་དགོས་པ་ལས་སྐད་ངན་ཤོར་བས་གར་ཡང་མི་སླེབས།
ཨ་ནུ་ཐང་བསོད་ནམས་ལ་ཐུགས་རྗེ་ཆེ་ཞུ། ཡིན་ནའང་འདིར་ཡིག་ནོར་མང་ཙམ་འདུག་པས་ཡང་བསྐྱར་ཞུ་དག་ཅིག་བཏང་ན་བཟང་བར་སྙམ།
ཀློག་མཁན་རྣམས་ལ་དགོངས་དག་ཞུ་ཡ་ཞིག་ལ་ཀ་རྫི་ཡིས་གསུངས་བ་ཇི་བཞིན་ཡིག་ནོར་ཙམ་མ་ཟད། ཆད་ལྷག་མི་ཉུང་བ་ཞིག་ཤོར་འདུག་པས་དགོངས་དག་ཡོད།
ལས་ཞོར་དུ་ཉིན་གཉིས་གསུམ་ཙམ་གྱི་རིང་བྲིས་ཤིང་། ལས་བྲེལ་གྱི་དབང་གིས་གང་མགྱོགས་ཀྱིས་དྲ་ཐོག་ཏུ་བཏང་བས་ཆད་ལྷག་བྱུང་བ་རྣམས་སླར་ཡང་དགོངས་དག་ཞུ་བ་དང་ཆབས་ཅིག མ་འོངས་བར་སྐྱར་བཀོད་འདྲ་བྱས་ཚེ། དག་བཅོས་བྱེད་ངེས་ཡིན་ཞེས་ཞུ་འདོད་བྱུང་།