སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།
སྤྱི་འཐུས་ཀྱི་འགྲན་རྩོད་དང་བཀའ་ཁྲིའི་འགྲན་རྩོད་གཉིས་ལས་ཆེས་མངོན་གསལ་དོད་ཤོས་དེ་བཀའ་ཁྲིའི་འགྲན་རྩོད་རེད། ད་དུང་འགྲན་རྩོད་འདི་གང་ཟག་སྒེར་གྱི་རྒྱལ་ཕམ་ཙམ་མིན་པར་གཞུང་དམངས་ཀྱི་རྒྱལ་ཕམ་ལ་ཡང་རག་ལུས་དུས་ཡོད། དེ་བས་ད་ལྟའི་བཀའ་ཁྲིའི་འགྲན་རྩོད་འདི་ལ་དེ་འདྲའི་དོན་སྙིང་ཆེན་པོ་ཡོད་མིན་མི་ཤེས་ཀྱང། གལ་ཏེ་ཡོད་པའི་དབང་དུ་བཏང་ན་མི་དམངས་ཀྱི་ངོས་ནས་སམ་ཡང་ན་ལྟ་གྲུབ་མི་འདྲ་བའི་ཕྱོགས་གཏོགས་ཚོས་ཐབས་ཤེས་འདི་འདྲ་ཞིག་སྤྱོད་འོས་པར་མཐོང།
ད་ལྟ་ང་ཚོས་ཁ་གསལ་བོར་རྟོགས་སོང་བ་ནི། བཀའ་ཁྲིའི་འོས་གཞི་གསུམ་ལས་གཉིས་ཀྱི་ལྟ་བ་ནི་ཆབ་སྲིད་དང་ཤེས་ཡོན་གྱི་སྲིད་ཇུས་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུ་དང། ཅིག་ཤོས་ཀྱིས་འཕོ་འགྱུར་གཏོང་དགོས་པའི་ལྟ་བ་དེ་རེད།
ཕྱོགས་གཞན་པ་ཞིག་ནས་བལྟས་ན་གཅིག་ནས་གཉིས་ཅུང་རྒན་པ་དང་གཅིག་ཅུང་གཞོན་པའི་ལོའི་བར་ཁྱད་ཙམ་དང། དེ་འབྲེལ་གཞོན་པ་དེ་ལ་ཉམས་མྱོང་ཅུང་ཞན་པ་དང་རྒན་པ་གཉིས་ལ་ཉམས་མྱོང་མང་བ་དེ་རེད།
དེ་ལས་ཤེས་ཡོན་དང་ལྷག་བསམ། འཇོན་ཐང་སོགས་ནས་བར་ཁྱད་ཆེན་པོ་ཞིག་སུས་ཀྱང་འབྱེད་དཀའ་བ་རེད།
ད་ལྟ་བོད་མི་ཕལ་མོ་ཆེས་བློ་སེང་ལགས་ལ་རྒྱལ་ཁ་ཐོབ་པའི་རྟགས་མཚན་འདྲ་བོ་མཐོང་ཡོད། གལ་ཏེ་བཀྲ་ཤིས་དབང་འདུས་ལགས་ཐོག་མ་ནས་མཉམ་ཞུགས་འགྲན་སྡུར་ཅིག་གནང་ཡོད་ཚེ། བློ་སེང་དང་བཀྲས་མཐོང་ལགས་ཀྱི་བརྒྱ་ཆའི་ཚད་ག་ཚོད་ཅིག་མར་ཆགས་ཡོད་མེད་ཚོད་དཔག་ཐུབ་བམ།
བློ་སེང་ལགས་ལ་རྒྱབ་སྐྱོར་མཁན་མང་ཆེ་བས། ཁོང་གི་ཆབ་སྲིད་ཀྱི་ལྟ་བ་རང་བཙན་དང་ལོ་གཞོན་པ། ཁྲིམས་ལུགས་ཆེད་མཁས་པ་ཡིན་པའི་ཐོག་ལ་གསུང་བཤད་གནང་སྟངས་ཀྱིས་ཀྱང་ཤུགས་རྐྱེན་བཞག་ཡོད་པར་མཐོང།
བཀྲས་མཐོང་ལགས་ལ་རྒྱབ་སྐྱོར་མཁན་མང་ཆེ་བས་ཀྱང་། ཁོང་གི་མི་རིགས་རང་ཐག་རང་གཅོད་ཀྱི་སྲིད་དོན་ལྟ་བ་དང་བྱ་བའི་ཉམས་མྱོང་གཉིས་ཐད་ནས་འོས་ཤོག་བླུགས་ཡོད།
བཀྲ་ཤིས་དབང་འདུས་ལགས་འགྲན་རྩོད་དུ་མ་ཞུགས་པར་ཡང་འོས་གཞི་གསུམ་པར་སླེབས་པ་རེད། དེ་ཡང་ཁོང་གི་ད་བར་གྱི་བྱ་བའི་ཉམས་མྱོང་དང་དབུ་མའི་ལམ་གྱི་ལྟ་བར་ཤུགས་བརྒྱབ་པས་ལོས་ཡིན། ད་དུང་ཁོང་གསུམ་པོར་ཆོལ་ཁའི་ཕྱོགས་ཞེན་ཅན་གྱི་རྒྱབ་སྐྱོར་བ་ཡང་ཡོད་ངེས།
ངས་བལྟས་ན་གཅིག་ནས་ལོ་ཚོད་དང་འབྲེལ་བའི་ཉམས་མྱོང་ཆེ་ཆུང་དེ་དང། དེ་བས་ཀྱང་གལ་ཆེ་ཤོས་སྲིད་ཇུས་ཐད་ཀྱི་ལྟ་བ་མི་འདྲ་བ་འདི་གཉིས་ཐད་ནས་བཀའ་ཁྲིའི་འགྲན་རྩོད་པ་གསུམ་གྱི་དངོས་གཞིའི་འགྲན་རྩོད་ཁྲོད་དུ་གཅིག་གིས་དགོངས་པ་ཞུ་འོས་པ་དེ་རེད།
གལ་ཏེ་ལྟ་བ་གཅིག་པུའི་ཐོག་ནས་བཤད་ན་བློ་སེང་དང་བཀྲ་ཤིས་དབང་འདུས་གཉིས་གང་རུང་ཞིག་གིས་དགོངས་པ་ཞུ་འོས། གལ་ཏེ་འོས་ཤོག་གི་གདེང་ཚོད་ཐད་ནས་བལྟས་ན་བཀྲ་ཤིས་དབང་འདུས་ལགས་དང་བཀྲས་མཐོང་ལགས་གང་རུང་ཞིག་གིས་དགོངས་པ་ཞུ་འོས་ལ། ལྷག་པར་བཀྲས་མཐོང་ལགས་ཀྱིས་ཐུགས་བསམ་བཞེས་དགོས། རྒྱུ་མཚན་ནི་སྔོན་འགྲོའི་འོས་ཤོག་གི་གྲངས་ཚད་དེས་དངོས་གཞིའི་སྐབས་ཀྱང་ཇེ་མང་ལ་དེ་ཙམ་མི་འགྲོ་བ་ཚོད་དཔག་ཐུབ་པ་ཞིག་རེད། དེ་ཡང་བཙན་བྱོལ་བོད་མི་བརྒྱ་ཆའི་མང་ཆེ་བས་དབུ་མའི་ལྟ་བར་རྒྱབ་སྐྱོར་ཡོད། བློ་སེང་ལགས་ཀྱི་འོས་ཤོག་ཐད་ཅུང་ཚོད་དཔག་དཀའ་སྟེ། སྔོན་འགྲོའི་སྐབས་གཞོན་སྐྱེས་རང་བཙན་གྱི་ལྟ་བ་འཁུར་མཁན་མང་པོས་བླུགས་ཡོད་ཀྱང་ད་ཆ་ཁོང་གི་ལྟ་བ་དབུ་མའི་ལམ་དུ་སྐྱོད་རྒྱུ་དངོས་སུ་བསྒྲགས་པས་རྒྱབ་སྐྱོར་བ་ཁག་ཅིག་བཀྲས་མཐོང་གི་ཕྱོགས་སུ་འགྲོ་སྲིད། འོན་ཀྱང་དབུ་མའི་ལམ་ལ་དགའ་མཁན་གང་མང་གིས་བློ་སེང་ལ་འོས་ཤོག་འཕེན་ཡང་སྲིད། དེ་བས་ངའི་བསམ་ཚུལ་ལ་དངོས་གཞི་སྐབས་བཀྲ་ཤིས་དབང་འདུས་ལགས་བཀྲས་མཐོང་ལས་འོས་ཤོག་མང་བ་ཐོབ་ངེས་སྙམ། གང་ལྟར་རྣམ་པ་གསུམ་པོ་མཉམ་ཞུགས་གནང་བས་བཀའ་ཁྲི་སུ་ཞིག་ལ་ཐོབ་ཀྱང་དེའི་བརྒྱ་ཆའི་ཚད་གཞི་མཐོན་པོ་ཞིག་ཆགས་དཀའ། འོས་ཤོག་བརྒྱ་ཆའི་ཚད་གཞི་ཅི་ཙམ་གྱིས་མཐོ་ན་དེ་ཙམ་གྱིས་གཟི་བརྗིད་ཀྱང་ཆགས་ཡོད། ཡིན་ན་ཡང་དངོས་གཞིའི་འོས་མི་གཏན་འཁེལ་ཟིན་པས་དགོངས་པ་ཞུ་མི་ཆོག་པ་འདི་གནད་འགག་གི་སྐབས་སུ་འགོག་རྡོ་ཞིག་ཀྱང་རེད།
ད་ནི་ཐབས་ལམ་ཉག་གཅིག་ཡོད་པ་ནི། མི་མང་གི་འོས་ཤོག་འཕེན་སྟངས་ཀྱི་དམག་འཐབ་ཁོ་ནར་རག་ལུས་ཡོད། གལ་ཏེ་ང་རང་བཀྲས་མཐོང་ལགས་ཀྱི་རྒྱབ་སྐྱོར་བ་ཡིན་མོད། ཁོང་ལ་འོས་མི་ཐོབ་པ་ཚོད་དཔག་ཐུབ་སོང་ན། ད་ནི་ལྷག་མ་གཉིས་ཀྱི་གང་འོས་པ་དེ་ལ་འོས་འཕེན་པ་ལས་ད་དུང་ཨུ་ཚུགས་ཀྱིས་ཁོང་ལ་འོས་འཕངས་ཚེ་དེ་ནི་དོན་སྙིང་མེད་སོང་བ་རེད། དེ་བས་གསལ་བོར་ཞུ་འདོད་པ་ནི་དངོས་གཞིའི་འགྲན་ཟླར་འོས་པ་ནི་བློ་སེང་ལགས་དང་བཀྲ་ཤིས་དབང་འདུས་ལགས་རེད། གལ་ཏེ་བཀྲས་མཐོང་ལགས་ལ་འོས་འཕེན་རྣམས་ཀྱི་འོས་ཤོག་ཅིག་ཤོས་གཉིས་གང་རུང་ལ་བླུགས་ཚེ་དེ་ནི་འོས་བསྡུའི་ནུས་པ་ཚད་མཐོར་བཏང་བ་ཞིག་ཡིན་ལ་དམངས་གཙོའི་འོས་བསྡུའི་ཐབས་ཚུལ་ལེགས་ཤོས་ཤིག་ཀྱང་ལོས་ཡིན་སྙམ།
ངས་འདི་ལྟར་དམག་ཇུས་འདོན་པ་ནི་བཀྲས་མཐོང་ལགས་ལ་མཐོང་ཆུང་བྱས་པ་ཞིག་མིན་ལ། ཅིག་ཤོས་གཉིས་ཀྱི་གང་རུང་ལ་རྒྱབ་སྐྱོར་བྱས་པའང་མིན། རྒྱལ་ཕམ་ཐག་གཅོད་གསལ་བོ་ཡོང་ཕྱིར་ཡིན། དེ་བས་དམངས་གཙོའི་ཐོབ་ཐང་དོན་ལྡན་དུ་སྤྱོད་འདོད་རྣམས་ཀྱིས་ངེས་པར་ཨུ་ཚུགས་མཁྲེགས་འཛིན་རང་མི་བྱེད་པར་ཐབས་ཚུལ་འདི་སྤྱི་འཐུས་འོས་འཕེན་ལའང་རིགས་བསྒྲེ་བར་རེ་སྐུལ་ཞུ་གིན་ཡོད།
གནས་ལུགས་ཤིག་གམ་སྲིད་དོན་ཞིག ཕྱོགས་ཞེན་ཞིག་གམ་སྤྱི་དོན་ཞིག
གང་ལྟར་འགན་འཁྲིའི་བསམ་ཚུལ་འདིར། གླེང་སློང་ཆེ་ཙམ་གནང་རོགས་ཞུ།
ཨོ་ད་ཐེངས་རྒན་ལགས་ཅུང་འཐོམ་ཡོད་པ་འདྲ།
བློ་བཟང་སེང་གེ་ལས་བཀྲས་མཐོང་ལ་འགྱུར་བའི་དགོངས་པའི་ཚུལ་ཡོད་པ་རེད། བློ་སེང་གིས་གསར་གཏོད་བཤད་ཡོད་ཀྱང་། མིང་སྨྲོས་པ་ཙམ་རེད། བཀྲས་མཐོང་གིས་གསར་གཏོད་ཀྱི་མིང་མ་སྨྲས་ཀྱང་། མ་འོངས་འཆར་སྣང་ཐད་གསུང་བཤད་གནང་བའི་ནང་འགྱུར་མང་པོ་གསུངས་འདུག
འོས་ཤོག་མང་ཤོས་དེ་བློ་བཟང་སེང་གེ་དང་བཀྲས་མཐོང་གཉིས་ཀྱིས་སྒང་དུ་ཡོང་གི་རེད་བསམ་གྱི་འདུག གང་ཡིན་ཟེར་ན་བཀྲ་ཤིས་དབང་འདུས་ལགས་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་ཉུང་རེད་བསམ་གྱི་འདུག སྔོན་འགྲོའི་སྐབས་བཀྲས་མཐོང་དང་བཀྲ་ཤིས་དབང་འདུས་གཉིས་ཀྱིས་འདྲ་མཉམ་གྱི་ངང་དམིགས་གསལ་ཁྱབ་བསྒྲགས་དེ་འདྲ་བྱས་ཡོད་མ་རེད་ལ། ཉིས་ཆའི་ངོས་ནས་བཀའ་ཁྲིའི་འོས་མིར་ལངས་ཀྱི་ཡིན་ཟེར་ནས་གསལ་ཁ་བཏོན་ཡོད་པ་མ་རེད། འོན་ཀྱང་། བཀྲས་མཐོང་ལགས་ལ་འོས་གྲངས་12319དང་། བཀྲ་ཤིས་དབང་འདུས་ལགས་ལ་2101ལས་ཡོད་མ་རེད། ད་བཀྲས་མཐོང་གིས་དངོས་སུ་ལངས་ཀྱི་ཡིན་ཟེར་ནས་གང་སར་གཏམ་བཤད་གནང་གི་འགྲོ་གི་ཡོད་རེད། ལས་འཆར་མང་པོ་གསུང་གི་ཡོད་རེད། འདིའི་ཐད་ནས་ལྟས་ན་བཀྲིས་དབང་འདུས་བཀྲས་མཐོང་དང་མཉམ་དུ་བློ་སེང་གི་ངོ་ཡར་ཡོང་གི་མ་རེད།
དེ་ལས་བཀྲ་ཤིས་དབང་འདུས་དང་བློ་བཟང་སེང་གེ་རྣམ་གཉིས་ཀྱི་འོས་གྲངས་ལ་བསྡུར་རྒྱུ་ཏན་ཏན་ཡོང་གི་རེད། འོན་ཀྱང་། དེ་གནད་འགག་ཆགས་ཀྱི་མ་རེད།
གཞན་མི་མང་དུ་བཀའ་ཤག་སྐབས་བཅུ་གཉིས་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཐད་གླེང་སློང་མང་པོ་བྱུང་བ་རེད། ༧གོང་ས་མཆོག་གི་དགོངས་པ་ཡིན་མིན་ཐད་ཉན་ཞིབ་ཚོགས་འདུ་བསྡུས་ཀྱང་མི་མང་ནང་དུ་གསལ་བོ་མ་ཆགས་པར་བཀའ་ཤག་གི་དབུ་མའི་ལམ་དང་༧གོང་ས་མཆོག་གི་དབུ་མའི་ལམ་སོ་སོར་ཡོད་པའི་ཚོར་བ་ཡོང་གི་ཡོད་རེད། བཀྲས་མཐོང་གིས་ཚོར་སྣང་འདི་འདྲ་ཡོད་སར་དབུ་མའི་ལམ་ལ་བསྐྱར་ཞིབ་འགྲོ་དགོས་སྲིད་ཀྱི་རེད་ཟེར་དུས་མི་མང་གི་ངོས་ནས་མོས་པ་ཞིག་ཡོང་ཐག་གིས་ཆོད་པ་རེད།
གང་ཡིན་ཟེར་ན་བཀའ་ཤག་སྐབས་བཅུ་གཉིས་པས་མི་མང་གི་ནང་དུ་རྒྱ་མའི་སོ་བ་ཡོད་པ་དོགས་པ་ཡོད་ཟེར་ནས་གཙུག་ལག་ཁང་གི་མདུན་ནས་གསུངས་པ་རེད། གནད་ཡོད་བཀའ་བློན་ལྟ་བུར་དོགས་པ་ཡོད་ན་གསལ་བོ་མ་བཟོས་པར་ལས་དོན་བྱེད་མི་ཆོག་འདི་དམངས་གཙོའི་འགྲོ་ལུགས་རེད་གསུངས་ཀྱི་ཡོད་རེད། མི་མང་ལ་དོགས་པ་ཡོད་ན་གསལ་བོ་མ་བཟོས་བར་དེའི་འགོ་ཁྲིད་བྱེད་བསྡད་ཀྱི་ཡོད་རེད། བཙན་བྱོལ་སྤྱི་ཚོགས་ནང་དུ་མི་གསོད་ལག་དམར་རེད་ཟེར་ཀྱང་རྒྱ་མིའི་སོ་བ་རེད་ཟེར་བ་ལས་གནས་ཚུལ་ཆུང་ཆུང་རེད་པྰ།
ད་དུང་ཕྱི་རྒྱལ་ལ་འགྲོ་རྒྱུ་དེ་བཀའ་ཤག་སྐབས་བཅུ་གཉིས་ཀྱིས་འགོག་གི་ཡོད་རེད། དེའི་རྐྱེན་གྱིས་དབུ་མའི་ལམ་དང་། བོད་པ་ཕྱི་རྒྱལ་ལ་འགྲོ་བའི་ལམ་ཁ་གང་ཐད་ནས་བཀྲས་མཐོང་གི་གསུང་བཤད་ནང་དུ་བཀའ་ཤག་སྐབས་བཅུ་གཉིས་ལ་འགྱུར་བ་འགྲོ་རྒྱུར་གསལ་བོ་ཡིན་པ་བསྟན་ཡོད་རེད། བྱས་ཙང་། བཀྲས་མཐོང་ཕམ་བློ་བཟང་སེང་གེ་མཉམ་དུ་བསྡུར་ཆོག་ཆོག་ཡོད་པ་མ་ཟད། ཁོང་ལ་ཐོབ་རྒྱའི་རེ་བ་ཤུགས་ཆེན་པོ་ཡོད་རེད།
ལྷག་པར་དུ་དེང་སྤྱི་ཚོགས་ནང་དུ་བློ་སེང་གི་གནས་ཚུལ་མང་པོ་གྲགས་ཀྱི་འདུག ཕྱི་གསལ་ནང་གསལ་མེད་པའི་གནས་ཚུལ་འདུག་ག་ དེ་ལ་བརྟན་ནས་མི་མང་གི་བློ་སེང་གིས་བོད་ཀྱི་མི་མང་ལ་སྣང་ཆུང་དང་། མཐོང་ཆུང་བྱས་པ་རེད་ཟེར་ནས་བཤད་མཁན་སྔོན་མ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་བཤད་ཀྱིན་པ་དྲ་རྒྱ་ཁག་ལས་ཀྱང་མཐོང་གི་འདུག། ད་དེ་ཙམ་གནང་རོགས། ཡིག་ནོར་ཡོད་ན་དགོངས་དག
རྒན་ལགས་ད་ཐེངས་བོད་པ་ཚོའི་འོས་བསྡུ་འཁྲུག་ཆེན་གཉིས་བ་འདི་ཡིས་དམག་སྤྱིའམ་དམག་ཇུས་བཀོད་འདོམས་མཁན་དུ་ཕེབས་པར་དགའ་བསུ་ཡོད།
ལྷ་མོ་སྐྱབས་ཀྱི་དམག་ཇུས་འདི་ནི་དམག་སའི་གནས་སྟངས་ངོ་མ་ཆ་རྒྱུས་མེད་པའི་ཅོག་ཅེའི་སྒང་གི་ཇུས་དང་ཉལ་སའི་ནང་གི་སྙན་ངག་ཅིག་རེད།
༡༽ ད་ལྟའི་འོས་མི་གསུམ་ཀས་དབུ་མའི་ལམ་མུ་མཐུད་འཛིན་དགོས་པར་འདོད་ཀྱི་ཡོད། བཀྲས་མཐོང་གིས་རང་བཙན་རྩ་བ་ནས་གླེང་མེད། ཁོང་ཚོ་གསུམ་ཀས་དབུ་མའི་ལམ་ཁས་ལེན་ནའང་ཁོང་ཚོའི་དབར་མི་འདྲ་ཞིག་ཡོད་པ་ནི། བློ་སེང་དང་བཀྲ་ཤིས་དབང་འདུད་ཀྱིས་ད་ལྟའི་དབུ་མའི་ལམ་གྱི་ཐབས་ཇུས་དེ་རང་འགྱུར་མེད་སོར་འཛིན་བྱ་འདོད་པ་དང་། བཀྲས་མཐོང་གིས་སྐབས་དང་དུས་ལ་གཞིགས་ཏེ་ད་དུང་ཡང་ཐབས་ལམ་གསར་པ་འཚོལ་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། (དོན་དུ་བཀྲས་མཐོང་དང་བཀྲ་ཤིས་དབང་འདུད་ཀྱིས་དྲང་པོ་བཤད་པ་རེད། བློ་བཟང་སེང་གེར་རང་ཚུགས་ཀྱི་ལྟ་བ་མེད། ད་རེས་འོས་ཤོག་ཐོབ་ཆེད་དུ་ལངས་ཕྱོགས་དེ་འདྲ་ཞིག་ཡིན་ཟེར་བཤད་བ་ཙམ་རེད། ཚོགས་འདུ་གཞན་ཞིག་གི་ཐོག་ཏུ་ཁོང་གིས་ངའི་ལྟ་བ་རང་བཙན་ཡིན་ཞེས་གསལ་པོ་བཤད་ཡོད། )དེ་བཞིན་བཀྲས་མཐོང་གིས་༸གོང་ས་མཆོག་གི་དགོངས་གཞི་གལ་ཆེ་ཤོས། མཐའ་མའི་ཐག་གཅོད་བོད་མི་དམངས་ཀྱིས་བྱེད་ཀྱི་རེད་གསུངས་པ་དེ་དང་། ཁོང་སྒེར་གྱི་ལྟ་བ་རང་ཐག་རང་གཅོད་གཉིས་མཐུན་ཆ་ཡོད་པ་ནན་བཤད་བྱེད་ཅིང་། དེ་ཡང་མཐར་གཏུགས་ན་རང་ཐག་རང་གཅོད་དང་དབུ་མའི་ལམ་གཉིས་དབར་འགལ་བ་མེད་པ་སྟོན་པ་རེད།
༢༽ ཐེངས་འདིའི་འོས་བསྡུའི་ནང་བློ་བཟང་སེང་གེའི་འོས་གྲངས་མར་ཟག་རྒྱུ་ཡིན་པ་དང་། བཀྲས་མཐོང་དང་བཀྲ་ཤིས་དབང་འདུད་གཉིས་ཀའི་འོས་གྲངས་འཕར་རྒྱུ་ཡིན་པ་དེ་ངེས་པ་ཞིག་རེད། གནད་འགག་ནི་བློ་སེང་གི་ཐོག་ནས་གྲངས་འབོར་ཇི་ཙམ་ཟག་གི་ཡོད་པ་དང་། གཞན་གཉིས་ལ་ཇི་ཙམ་འཕར་མིན་དེ་རེད། བཀྲ་ཤིས་དབང་འདུད་ཀྱིས་འོས་འགྲན་བྱེད་སྟངས་དེས་མི་མང་པོར་ཁོང་ཁྲོ་བསླངས་དང་སློང་བཞིན་པ་ཡིན་ཐོག ཁོང་གི་ལས་དོན་ནང་འགྱུར་བ་ཡོང་བའི་གཞི་རྩ་མེད་པས་ཁོང་ལ་ཆུ་སྒང་རྙིང་པའི་ཕྱོགས་སོགས་ནས་འོས་གསར་དུ་རག་ན་ལས། སྤྱིར་བཏང་འོས་ཤོག་ཧ་ཅང་མང་པོ་རག་ཐུབ་པའི་ཆ་རྐྱེན་ཚང་མེད།
དེ་བཞིན་ཁོང་རང་ངོས་ནས་སྒྲོག་པ་ནང་བཞིན་གྱི་མི་གཙང་མ་དེ་འདྲ་ཡང་མ་རེད།
མི་མང་པོས་བློ་སེང་ལ་འོས་བླུགས་པ་དེ་འགྱུར་བ་ཞིག་ལ་རེ་ནས་ཡིན་ཡང་། ད་ཆ་འགྱུར་བ་ངོ་མ་གཏོང་ཐུབ་པའི་ནུས་པ་དེ་བཀྲས་མཐོང་ལ་ཆེ་བ་ཡོད་པ་ར་འཕྲོད་པ་ནི་ཁྱེད་ཀྱི་རྩོམ་འདིའི་ནང་ལའང་ཁས་ལེན་བྱས་འདུག དེའི་ཐོག་བཀྲས་མཐོང་གི་ཕྱོགས་ནས་དྲིལ་བསྒྲགས་བྱེད་ཚད་ཤུགས་ཆེ་རུ་བཏང་ཡོད་ལ་བློ་བཟང་སེང་གེའི་སྐྱོན་ཆ་མང་པོ་ཞིག་མང་ཚོགས་ནང་གསལ་པོ་ཆགས་ཡོད། དེར་བརྟེན། བཀྲས་མཐོང་གི་འོས་ཤོག་ཚད་ངེས་ཅན་གྱི་ཐོག་ནས་འཕར་ངེས་རེད།
༣༽ ལྟ་བའི་ཐད་ནས་ཁྱེད་ཀྱིས་བཀྲས་མཐོང་རང་བཙན་འདོད་མཁན་ཡིན་པ་དང་། བཀྲ་ཤིས་དབང་འདུད་དང་བློ་སེང་དབུ་མ་འདོད་མཁན་ཡིན་པར་འོལ་ཚོད་ཀྱིས་ཐག་བཅད་རྗེས། (ལྟ་བ་གཅིག་པུའི་ཐོག་ནས་བཤད་ན་བློ་སེང་དང་བཀྲ་ཤིས་དབང་འདུས་གཉིས་གང་རུང་ཞིག་གིས་དགོངས་པ་ཞུ་འོས།)ཟེར་བ་དེ་ཡ་མཚན་རེད། འོས་འགྲན་ནང་ལྟ་བ་མི་མཐུན་པ་གཉིས་འགྲན་བསྡུར་བྱེད་དགོས་པ་ལས། ལྟ་བ་མཐུན་པ་གཉིས་འོས་འགྲན་བྱས་ནས་ཅི་བྱེད། དེ་ནི་མཐར་གཏུགས་ན། ཁྱེད་རང་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་མི་སྣ་ཞིག་ཡིན་པ་དེས་རེད།
༤༽ དམངས་གཙོའི་སྤྱི་ཚོགས་ནང་། སྤྱི་ཚོགས་ཀྱི་གནས་སྟངས་ག་རེ་ཡིན་པ་དེ་འོས་ཤོག་གི་ལམ་ནས་མཚོན་དགོས་པ་གལ་ཆེན་པོ་རེད། འོས་ཤོག་མང་པོ་རག་པའི་གཞི་རྩ་མེད་བཞིན་དུ་བཟོས་ནའང་ཆོ་ཡོད་མ་རེད། བརྒྱ་ཆ་༤༠ དང་ ༤༢ ཀྱི་འོས་གྲངས་ལྟ་བུའི་ཐོག་ནས་བཀའ་ཁྲིར་མི་གཅིག་སླེབས་ནའང་འགྲིག་གི་རེད། དེ་ཉམས་མྱོང་ཞིག་རེད། ཡིན་གཅིག་བརྒྱ་ཆ་མཐོ་དགོས་པ་མ་རེད། ཐ་ན་ཁུངས་མ་འཁྱོལ་བར་བཀའ་ཤག་འབོ་ལུག་ནའང་འགྲིག་གི་རེད། དེ་དུས་ག་རེ་བྱེད་དགོས་མིན་བཅའ་ཁྲིམས་ནང་ལ་གསལ་འདུག་ག
འབོད་སྐུལ་དང་དཔྱད་གླེང་ཡག་པོ་ཞིག་གནང་འདུག ཐུགས་རྗེ་ཆེ་ཞུ།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་བྱུས་འདི་དང་། ད་ཆ་ཁོང་ལ་རྒྱབ་སྐྱོར་བའི་གྲངས་འབོར་ཉིན་རེ་བཞིན་འཕར་གྱི་ཡོད་པའི་གནས་སྐབས་ཤིག་རེད། དེ་ནི་བཀྲིས་དབང་འདུད་ལགསགཞི་རིམ་མི་མང་ནང་འཁྱུག་ཙམ་ཕེབས་པའི་བཀའ་དྲིན་དང་། བློ་བཟང་སེང་གེ་ལགས་ཡང་བསྐྱར་གཞི་རིམ་མང་ཚོགས་ནང་ཕེབས་པའི་བཀའ་དྲིན་རེད། དེ་གང་འདྲ་རེད་ལབ་ན། བཀྲ་ཤིས་དབང་འདུད་ཀྱིས་མི་རྒན་པའི་ཉམས་མྱོང་གཙོ་བོ་བཞག་ནས་གཏམ་བཤད་གནང་ཐེངས་རེ་ལ། འཁྲིས་ཀྱི་བློ་བཟང་སེང་གེ་ལགས་ཀྱི་གཏམ་བཤད་དེ་ཚོ་གཉའ་ཆག་པ་ལྟ་བུར་འགྱུར་གྱི་འདུག མ་གཞི་ནས། གོ་སྒྲིག་པ་ཚོས་འོས་མི་གསུམ་ཆར་དུས་མཉམ་དུ་གསུང་བཤད་གོ་སྒྲིག་གནས་སྟངས་འདི་ཡག་པོ་མི་འདུག དེ་འདྲ་བྱས་ན། ཉམས་མྱོང་ཅན་ཚོས་ཉམས་མྱོང་མེད་མཁན་དེ་ཟོས་འགྲོ་གི་འདུག
བློ་བཟང་སེང་གེ་ལགས་ཐེངས་གཉིས་པར་གཞི་རིམ་མང་ཚོགས་ཁྲོད་སྐོར་སྐྱོད་འདི་ནི། རང་ཉིད་ཀྱི་འོས་ཤོག་གྲངས་ཀ་མར་གཅོག་གི་ཡོད་པའི་བཟོ་འདྲ་པོ་འདུག སྔོན་མར་གཏམ་བཤད་བྱས་པ་དེ་ཚོ་ལ་ཡང་བསྐྱར་དྲི་བ་གཏོང་བའི་གོ་སྐབས་སྤྲད་པ་འདྲ་པོ་འདུག གཏམ་བཤད་སྔོན་མ་དག་གི་མཇུག་དེ་ད་རེས་སྐྱོང་ཐུབ་ལ་མི་ཐུབ་ལ་མང་པོ་བྱུང་བ་དང་། ཁུངས་སྐྱེལ་དགོས་པ་དེ་ཚོར་ཁུངས་སྐྱེལ་རོགས་ལབ་ན། དེ་ཡང་ཁུངས་འཁྱོལ་ལ་མི་འཁྱོལ་ཡར་ལྡིར་མར་མར་ཟགས་མང་པོ་ཡོང་གི་འདུག རང་ཉིད་ཀྱི་འོས་ཤོག་རང་ཉིད་ཀྱིས་གྲངས་ལ་གཅོག་གི་ཡོད་པ་དང་འདྲ་པོ་རེད། དཔེར་ན། ང་རྒྱ་ནག་ལ་ཕྱིན་པ་ཡིན། འཇམ་དབྱངས་ནོར་བུ་ནང་བཞིན་ཕྱིན་པ་ཡིན་ལབ་སོང་། དེ་ནི་རང་ཉིད་འཇམ་དབྱངས་ནོར་བུའི་ཁ་ནང་དང་ལག་ནང་ལ་བཞག་པ་ཞིག་ཆགས་སོང་། འཇམ་དབྱངས་ནོར་བུས་རྩོམ་བྲིས་ནས་ལབ་བཏབས་སོང་།་སྐད་ཆ་བཤད་ནས་ལན་བཏབས་སོང་། བློ་སེང་གིས་མ་གོ་མདོག་མདོག་བྱས་ནས་བསྡད་ཡོད། མང་ཚོགས་ཀྱིས་འགྲེལ་བཤད་ཡས་རེད་མས་རེད་མང་པོ་རྒྱག་གི་འདུག ད་རེས་བློ་བཟང་མི་མང་ནང་ཕེབས་ནས་ཡག་པོ་བྱུང་མ་སོང་།
བཀྲ་ཤིས་དབང་འདུས་དང་བློ་སེང་གཉིས་ཀས་ཁོང་གཉིས་ཀྱི་རྒྱབ་ན་སྐུ་ངོ་འཇུ་ཆེན་མེད་ཅེས་ཚར་མང་པོ་གསུངས་སོང་། དེ་མང་ཚོགས་ཁྲོད་ལ། ཁོང་གཉིས་ཀྱི་རྒྱབ་ན་སྐུ་ངོ་འཇུ་ཆེན་ཡོད་ཟེར་བ་འདྲ་པོ་ཞིག་ཆགས་སོང་། གང་ལྟར། ད་རེས་གོ་སྒྲིག་གནང་མཁན་ཚོས་འོས་མི་གསུམ་མཉམ་དུ་འཁྲིད་སྟངས་དེས་བློ་སེང་ལ་ཕན་མ་སོང་། བཀྲས་མཐོང་ལ་ཕན་པ་འདྲ་པོ་ཞིག་བྱུང་སོང་། ཀུན་གླེང་གི་བགྲོ་གླེང་དེ་ཡང་ཡིན་ངོ་མ་ནི། བཀྲས་མཐོང་ལ་ཕན་ཡག་ཅིག་ལས། བློ་སེང་ལ་ཕན་ཡག་ཅིག་ཆགས་མ་སོང་། མི་རྒན་པ་གཉིས་དང་གཞོན་པ་གཅིག་གི་ཡང་ལྕི་གཞལ་ན། གཞོན་པ་དེ་ཕམ་འགྲོ་བ་ཤེས་ཤེས་རེད། ཀུན་གླེང་གི་བཅར་འདྲི་སྔོན་མ་ཚོ་ལ་བལྟས་པ་ཡིན་ན། བཀྲས་མཐོང་ལ་བྱས་རྗེས་བགྲངས་བཅུག བཀྲིས་དབང་ལ་རྒན་པའི་ཉམས་མྱོང་གླེང་བཅུག བློ་སེང་ལ་ཁྲིམས་ཁང་གི་འདྲ་ཞིབ་འདྲ་ཞིག་བྱས་པ་དེས་བློ་སེང་ལ་ཕན་མ་སོང་།
བཀྲས་མཐོང་ལ་རྒྱབ་སྐྱོང་བ་ཇེ་མང་དུ་འགྲོ་བཞིན་པ་དང་། བཀྲས་མཐོང་གི་རྒྱབ་སྐྱོར་བ་ཚོས་ལས་འགུལ་སྤེལ་སྟངས་འདི་ཞིབ་ཚགས་པོ་དང་་ཁ གསལ་པོ་འདྲ་ཞིག་རེད། སྤྱི་ཚོགས་ནང་ཤུགས་རྐྱེན་ཧ་ལས་པ་འཇོག་གི་འདུག གནས་སྟངས་འདི་ནི་བློ་སེང་གི་རྒྱབ་སྐྱོར་བ་ཚོ་སེམས་མི་བདེ་བའི་རྩ་བ་གཅིག་རེད། དཔེར་ན། བཀྲས་མཐོང་གི་རྒྱབ་སྐྱོར་བ་ན་གཞོན་ཚོགས་པའི་ལས་བྱེད་ཅིག་བཀྲས་མཐོང་ལགས་དང་ལྷན་ལྷོ་ཕྱོགས་ཁུལ་ལ་ཁྱབ་བསྒྲགས་སུ་བསྐྱོད་སྐབས། གྲྭ་པ་ཞིག་གིས་བཀྲས་མཐོང་གི་རྒྱབ་སྐྱོར་བ་ན་གཞོན་དེར་ག་རེ་བྱས་ནས་ཁྱེད་རང་གིས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་འཇིགས་སྐུལ་བྱས་པ་དང་། ད་དུང་རྒྱུག་པ་འཁྱེར་ཡོང་ནས་གཅར་རྡུང་ཡང་བྱས་པ་ལྟ་བུ་རེད། དངོས་གཞི་ལ་ཉིན་གྲངས་མང་པོ་མེད་པའི་སྐབས་ལ་གཏུགས་པའི་ཐེངས་གཉིས་པའི་ཁྱབ་བསྒྲགས་འདིས་བློ་སེང་ལ་ཕན་མ་སོང་། ད་བློ་སེང་གིས་ཐབས་ཤེས་གཞན་ཞིག་བེད་སྤྱོད་བྱས་ན་མ་གཏོགས། དངོས་གཞིའི་སྐབས་ཀྱི་འོས་གྲངས་དེ་སྔོན་འགྲོའི་འོས་གཞི་ལས་ཟགས་ས་རེད།
མི་གྲངས་བཞི་ཁྲི་ཡས་མས་ཀྱིས་སྔོན་འགྲོའི་འོས་ཤོག་འཕངས་མེད་པ་དེ་ཚོ། ད་རེས་དངོས་གཞིའི་སྐབས་ལ་སླེབས་འོང་གི་རེད། དེ་ཚོས་ད་རེས་ཀྱི་ཁྱབ་བསྒྲགས་འདི་ལ་བལྟས་ནས་འོས་འཕེན་གི་རེད། དེ་གསལ་པོ་རེད། ད་ནི་མཐའ་མའི་རྒྱལ་ཁ་དེ་བློ་སེང་ལ་ཐོབ་མི་ཐོབ་ཐེ་ཚོམ་ཆེན་པོ་རེད། བློ་སེང་གི་རྒྱབ་སྐྱོར་བ་ཡིན་མདོག་གིས་་བཀྲས་མཐོང་གི་རྒྱབ་སྐྱོར་བ་ཚོར་འཇིགས་སྐུལ་བྱེད་པ་འདི། བཀྲས་མཐོང་ལ་རྒྱབ་སྐྱོར་ཆགས་འགྲོ་གི་རེད། བཀྲས་མཐོང་གི་རྒྱབ་སྐྱོར་བ་ཚོས་གནས་ཚུལ་འདི་ཁོང་ཚོའི་ཚགས་པར་སྟེང་འགྲེམས་སྲིད་པ་རེད། ད་དུང་བརྒྱུད་ལམ་གཞན་ལའང་འགྲེམས་སྲིད་པ་རེད། ཕལ་ཆེར་འགྲེམས་ཀི་རེད། དེ་བཀྲམས་པ་ཡིན་ན། དེ་ནི་བཀྲས་མཐོང་གི་རྒྱབ་སྐྱོར་བ་ཚོར་རྒྱབ་སྐྱོར་དང་ཁྱབ་བསྒྲགས་ཀྱི་ལག་ཆ་ཆག་རྒྱུ་མེད་པ་ཞིག་རག་པ་དང་ཆ་རེད།
བློ་བཟང་སེང་གེ་ལགས་ཀྱིས་དེ་སྔོན་རང་བཙན་དང་ཡང་བསྐྱར་འོས་ཐོབ་ཆེད་དབུ་མའི་ལམ་ལ་འགྲོ་གི་ཡིན་ཚུལ་ལབ་པ་ཡིན་སྲིད་ཀྱང། ཁས་བླངས་པ་དེ་བཀའ་ཁྲི་དངོས་སུ་ཆགས་ན་ཡང་མུ་མཐུད་འགྲོ་དགོས་པའི་གནས་སྟངས་ཆགས་ཡོད་པས། ཁོང་དང་བཀྲ་ཤིས་དབང་འདུས་ལགས་གཉིས་དབུ་མའི་ལྟ་བར་ལངས་ཕྱོགས་གཅིག་ཚུལ་བཤད་པ་འདི་འགྲིགས་འདུག དེའི་ཁ གཏད་ཀྱི་ལྟ་བ་མི་མཐུན་པ་ནི་མི་རིགས་རང་ཐག་རང་གཅོད་ཀྱི་ལྟ་བ་སྔར་ནས་མཁྲེགས་འཛིན་གནང་མཁན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་རེད། དེ་བས་ལྟ་བའི་ཆ་ནས་ཁོང་ལ་གཞན་པ་གཉིས་ཀྱི་གཅིག་གིས་འགྲན་ཡ་བྱེད་དགོས་ཚུལ་གྱི་བསམ་ཚུལ་འདི་འོས་པ་ཞིག་རེད།
བཙན་བྱོལ་བོད་མི་བརྒྱ་ཆའི་མང་ཤོས་དབུ་མའི་ལམ་ལ་ལ་མོས་མཐུན་ཡོད་པ་བདེན་ན་བཀྲས་མཐོང་ལ་རྒྱབ་སྐྱོར་བ་ཉུང་བ་ནི་སྨོས་མ་དགོས་པ་ཞིག་རེད། དེ་བས་བློ་བཟང་སེང་གེ་ལགས་དང་བཀྲ་ཤིས་དབང་འདུས་གཉིས་འགྲན་ཡ་ཆགས་རྒྱུའི་ཚོད་དཔག་འདི་འགྲིགས་པར་མཐོང།
ལྷག་པར་བཀྲ་ཤིས་དབང་འདུས་ལགས་ལ་གཞན་དག་གཉིས་བཞིན་ཉེས་སྐྱོན་བགྲང་རྒྱུ་མེད་པའི་ཐོག་ལོ་ངོ་བཞི་བཅུ་ལྷག་ལ་གཞུང་ཞབས་སྲི་ཞུ་ཆེ་འབྲིང་ཆུང་གསུམ་གནང་བར་མ་ཟད་༸གོང་ས་མཆོག་གི་ཐུགས་བརྩེ་ཆེ་ཤོས་གྲས་ཤིག་ཡིན་པ་འདི་རྒྱ་ཆེའི་མི་དམངས་ཀྱིས་གསལ་རྟོགས་ཐུབ་པར་མ་ཟད། དབུས་གཙང་མི་དམངས་ཀྱིས་ཀྱང་བརྩི་བཀུར་ཞུ་ས་ཞིག་ཡིན་པས་སོ།
གང་ལྟར་འདི་དག་གི་སྐོར་ལ་རྒྱུས་ཡོད་མཁན་ཚོས་གསལ་བཤད་གང་མང་གནང་རྒྱུ་དེ་ཧ་ཅང་དགོས་གལ་ཆེའོ།།
སྐུ་ངོ་བཀྲས་དབང་གིས་བོད་དོན་སྒྲུབས་རབ་བཤད་ནའང་འདྲ་། ཡང་ན་བོད་གཞུང་ལ་རྟེན་ནས་རང་གི་མི་ཚེ་སྐྱེལ་ནས་་སོང་ཟེར་ནའང་འདྲ་། གང་ལྟར་སྐུ་ངོ་གཞོན་པ་ནས་རྒས་པའི་བར་དུ་འུ་ཅག་བོད་མའི་མདུན་དུ་གྲུབ་འབྲས་འདི་ཡིན་སྟོན་རྒྱུ་མེད་ཀྱང་ཉམས་མྱོང་གང་ཙམ་ཡོད་ཚུལ་པས་དགའ་ལྡན་པའི་སྐུབས་རྟོགས་སུ་མ་ཛེགས་པར་འུ་ཚང་གི་ན་གཞོན་འཇོན་པོ་ཚོར་གོ་སྐབས་སྤྲད་ནས་ལས་རོགས་བྱེད་ན་མི་བཟང་ངམ་།
ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་དམངས་གཙོ་འོས་འཕེན་གྱི་དམག་ཇུས་ཞེས་པ་དེར་དོན་དངོས་སུ་ཕན་ཐོག་འབྱུང་་མེད་ཇི་ལྟར་ཡང་ཐབས་ཇུས་གསར་པའི་བཀའ་མོལ་ཤིག་དང་ཕྱོགས་ལྷུང་མེད་པའི་དཔྱདགླེང་ཞིག་ཏུ་མཐོང་། ཕྱོགས་ཞེན་མེད་པའི་ཐབས་ལམ་སྣ་ཚོགས་ཀྱིས་དེང་སྐབས་འགྲོ་བཞིན་པའི་བཀའ་སྥྱི་འོས་གདམ་གྱི་ལས་རིམ་འདིའི་ཐོག་ཇི་ཙམ་སྤེལ་བ་དེ་ཙམ་གྱིས་མི་དམངས་ལ་གོ་རྟོགས་དང་གདམ་ཁ་མང་བ་སྟེར་ངེས། འོན་ཀྱང་གོང་དུ་ཟུར་མཆན་མཛད་མཁན་རྣམས་ཀྱིས་དེར་གོ་དོན་མེད་ཚུལ་དང་ཟུར་གནས་མིན་སྐོར་སོགས་རང་འདོད་ཀྱི་ཚིག་ཚོགས་མང་དུ་སྤེལ་འདུག་པས། ངས་ཀྱང་ཚིག་ཁ་ཤས་ཞུ་ན་འདོད། ཁང་གསར་ལགས་ཀྱིས།༼༡ ཁོང་ཚོ་གསུམ་ཀས་དབུ་མའི་ལམ་ཁས་ལེན་ནའང། མི་འདྲ་ཞིག་ཡོད་པ་ནི་བློ་སེང་དང་བཀྲ་དབང་གཉིས་ཀྱིས་ད་ལྟའི་དབུ་མའི་ལམ་གྱི་ཐབས་ཇུས་དེ་རང་འགྱུར་མེད་སོར་འཛིན་བྱ་འདོད་པ་དང་། བཀྲས་མཐོང་གིས་སྐབས་དང་དུས་ལ་གཞིགས་ཏེ་ད་དུང་ཡང་ཐབས་ལམ་གསར་པ་འཚོལ་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད།༽ ཞེས་པ་ དེར་ནང་འགལ་འདུག། བཀྲས་མཐོང་ལ་རང་ཚུགས་ཀྱི་ལྟ་བ་ཡོད་ཚུལ་དང་བློ་སེང་དེ་མེད་ཚུལ་བཤད་པ་དེ་རེད། བློ་སེང་གིས་དབུ་མའི་ལམ་རང་སོར་དང་རྒྱུན་སྐྱོངས་འདོད་པ་འཛིན་པ་དེ་རང་ཚུགས་ཀྱི་ལྟ་བ་རེད། བཀྲས་མཐོང་གིས་དབུ་མའི་ལམ་འདོད་ཡང་སྐབས་དང་དུས་ལ་གཞིགས་ཏེ་ཐབས་ལམ་གསར་པ་འཚོལ་བར་འཛིན་པ་དེ། རང་ཚུགས་མ་ཟིན་པའི་ལྟ་བ་རེད། ཐབས་ལམ་གསར་པ་འདི་དང་དེ་ཞིག་གསལ་ཁ་གང་ཡང་མེད་པར་མུན་ནག་མདའ་འཕེན་རང་རེད། ༼༢ བློ་སེང་གི་འོས་གྲངས་མར་ཟག་རྒྱུ་ཡིན་པ་དང་བཀྲས་མཐོང་དང་བཀྲ་དབང་གཉིས་ཀྱི་འོས་གྲངས་ཡར་འཕར་རྒྱུ་ཡིན་པར་ངེས་པ་ཞིག་རེད།༽ དེ་ཡང་ངེད་པ་མེད། ཁོང་གསུམ་སུའི་འོས་གྲངས་ཡར་འཕར་དང་མར་ཟག་སུས་ཀྱང་ཚད་འཛིན་མི་ཐུབ། དེ་དག་ནི་འབྱུང་འགྱུར་ཡིན་པས་ཚད་མ་སུར་ཡང་མེད། སྔོན་འགྲོ་ཡི་འོས་ཐོབ་ལ་གཞིགས་ནས་སྤྱི་སྡོམ་ཚུལ་གྱི་བཤད་ན་བཀྲས་མཐོད་དང་བཀྲ་དབང་གཉིས་ཀར་ཇི་ཙམ་འོས་གྲངས་ཡར་འཕར་ཡང་ཁོང་གཉིས་སུས་ཀྱང་བློ་སེང་དང་འགྲན་མི་ཐུབ། དངོས་གཞི་སྐབས་སུ་ཁོང་གསུམ་གྱི་འོས་ཐོབ་ཀྱི་གྲངས་ཚད་ཡར་མར་འགྲོ་སྲིད་ཀྱང་སྤྱི་སྡོམ་གྱི་གོམ་རིམ་ནི་ད་ལྟར་ནང་བཞིན་གོམ་རིམ་དེ་ཉིད་རང་དུ་ངེས་པར་བཤད་ཆོག། ཁྱེད་རྣམས་ཀྱིས་བརྒྱ་བཤད་སྟོང་སྐོར་གྱི་ལྕེ་བརྒྱ་སྤྲུལ་ནས་སྨས་ཀྱང་སྔོན་འགྲོ་ཡི་སྐབས་སུ་རང་ཐག་བཅོད་ནས་འོས་ཤོག་ཕོངས་ཟིན་པའི་མི་རྣམས་ཀྱི་ཕྲད་དུ་བརྒྱ་ཆ་དགུ་བཅུ་གོ་ལྔར་བློ་ཁ་སྒྱུར་མི་ཐུབ། ཁོང་རྣམས་ཀྱི་རང་བློར་ཞིག་ཏེ་ཟབ་ནན་ཀྱིས་བདམས་པ་ཞིག་ལོས་ཡིན། ༼༣ ལྟ་བའི་ཐད་ནས་ཁྱེད་ཀྱིས་བཀྲས་མཐོང་རང་བཙན་འདོད་མཁན་ཡིན་པ་དང་། བཀྲ་དབང་དང་བློ་སེང་དབུ་མ་འདོད་མཁན་ཡིན་པར་འོལ་ཚོད་ཀྱིས་ཐག་བཅད་རྗེས། 《ལྟ་བ་གཅིག་པུའི་ཐོག་ནས་བཤད་ན། བློ་སེང་དང་བཀྲ་དབང་གཉིས་གང་རུང་ཞིག་དགོངས་པ་ཞུ་འོས》ཟེར་བ་དེ་ཡ་མཚན་རེད། འོས་འགྲན་ནང་ལྟ་བ་མི་མཐུན་པ་གཉིས་འགྲན་བསྡུར་བྱེད་དགོས་པ་ལས། ལྟ་བ་མཐུན་པ་གཉིས་འོས་འགྲན་བྱས་ནས་ཅི་བྱེད། དེ་ནི་མཐར་གཏུགས་ན། ཁྱེད་རང་དབུ་མའི་ལམ་གྱི་ལས་འགུལ་ཁང་གི་མི་སྣ་ཞིག་ཡིན་པ་དེས་རེད།༽
ལྷ་མོ་སྐྱབས་ཀྱིས་དེའི་སྐོར་ག་རེ་གསུང་གི་ཡོད་མེད་ཁྱེད་ཀྱིས་ངེས་མི་འདུག། བློ་རྣལ་དུ་ཕབ་ནས་གཟིགས་གལ།
དེ་བཞིན་དུ། དེ་སྔོན་སྤོན་རྡོ་ལགས་ཀྱིས་བཀྲས་མཐོང་ལ་ཕུལ་བའི་གླེང་བརྗོད་ཀྱི་འོག་ཏུ། བཀྲས་མཐོང་སྐོར་གླེང་བར།
༼༢ དོན་དངོས་སུ་སྐབས་དེར་ཁོང་ལོ་ན་ཆུང་ཤོས་ཀྱི་བཀའ་བློན་དང་ལོ་ན་ཆུང་ཤོས་ཀྱི་བཀའ་ཁྲི་ཡིན་ཐོག། ༸གོང་ས་མཆོག་གིས་གྲོས་ཚོགས་ཀྱི་གྲུབ་ཆར་འགྱུར་བ་ཤུགས་ཆེ་བཏང་མ་ཐག་རེད། སྤྱི་འཐུས་དང་ལས་ཁུངས་ཁག་གི་དྲུང་ཆེ་མང་ཆེ་བ་ཉམས་མྱོང་དང་ལོ་ན་གཉིས་ཀར་ཆེ་བ་རྐྱང་རེད། བཀྲས་མཐོང་ལ་ཉམས་མྱོང་ཡོད་ཀྱང་། དྲུང་ཆེ་མང་ཆེ་བས་ཁོང་ལོ་ན་ཆུང་བས་མིག་ལམ་དུ་མི་འཇོག་པའི་དཀའ་ངལ་ཡོད། སྐབས་དེའི་དྲུང་ཆེ་ཚོ་ནི་ད་ལྟ་དྲུང་ཆེ་ནང་བཞིན་མ་རེད།
མི་རྙིང་པ། ཇུས་ངན་པ་ཤ་སྟག་རེད། དེ་འདྲའི་ཐོག་ནས་དཀའ་ངལ་མང་པོ་འཕྲད་ཡོད།༽དེ་ཡང་ བཀྲས་མཐོང་ལས་ཉམས་མྱོང་ཆེ་བ་ཞིག་བཙན་བྱོལ་ནང་མེད་ཟེར་མཁན་ཚོར་ལན་ཚ་པོ་ཞིག་སྤྲོད་འདུག་ལ། བཀའ་ཁྲི་སྐབས་སུ་འགྱུར་བ་ཤུགས་ཆེ་བཏང་མ་ཐག་མ་རེད་བཀའ་སྤྱི་འགྱུར་བ་བཏང་ནས་ལོ་བཞི་ཙམ་ཕྱིན་ཟིན།
སྐབས་དེར་དྲུང་ཆེ་རྣམས་ཁོང་ལས་ལོ་ན་ཆེ་བ་ཉུང་ཤས་ལས་མེད། ཇུས་ངན་ཤ་སྟག་ཡིན་པ་སུ་དང་སུ་རེད། ཁྱེད་ལ་བདེན་དཔོང་ཡོད་ན་ད་བཤད་དང་ཆོག། ༼༣་ལྷག་པར་དུ་བཀའ་ཤག་ནང་གི་བཀའ་བློན་བགྲོས་པ་ཞིག་དང་ཁོང་གི་དབར་ལས་དོན་བྱེད་ཕྱོགས་ལ་བསམ་ཚུལ་མི་མཐུན་པ་ཤུགས་ཆེན་པོ་ཡོད། སྐབས་དེ་དུས་བཀའ་བློན་ཁྲི་པ་ནི་ད་ལྟའི་ཁྲི་པ་ནང་བཞིན་མང་ཚོགས་ཀྱིས་ཐད་འདེམས་བྱས་པ་མ་རེད། སོགས་དང་་་་་་་་སྐབས་དེར་བཀའ་བློན་བགྲོས་པོ་དེས་བཀའ་དྲུང་དང་དཔལ་འབྱོར་དྲུང་ཆེ་ཁ་ལོ་བསྒྱུར་ཏེ། གཞུང་གི་བཀར་འཇུག་མ་དངུལ་ལ་ལག་པ་འཆང་མ་བཅུག་པ་སོགས་བཀྲས་མཐོང་ལ་དཀའ་ངལ་ཆེན་པོ་བཟོས་ཡོད། དེ་ཚོ་རེ་རེ་ནས་བཤད་དགོས་ན་དེབ་ཆེན་ཞིག་ལོངས་ངེས་རེད།
བཀྲས་མཐོང་གིས་ལས་རྒྱུན་ནང་ཕྱི་རྒྱལ་དོན་གཅོད་བཞི་ལྔ་ཞིག་བཙུགས་པ་རེད། དོན་གཅོད་ཁང་མང་པོ་བཙུགས་དུས་འགྲོ་སོང་ཨ་སྒོར་ཐོག་ནས་གཏོང་དགོས་པས་གློ་བུར་དུ་གཞུང་གི་འགྲོ་སོང་འཕར་བ་རེད། དངུལ་རྩིས་ཁ་མ་འདུམ་པའི་རྒྱུ་མཚན་གཙོ་བོ་དེ་རེད།༽ཞེས་པར་བཀའ་ཁྲི་ལས་དབང་ཤུགས་ཆེ་བའི་བཀའ་བློན་བགྲོས་པོ་དེ་སུ་ཡིན་ནམ། བཀྲས་མཐོང་གིས་མཐུན་སྒོར་མ་ཚང་མ་ཡོད་ཚོད་བཀའ་བློན་བགྲོས་པོ་དང་དྲུང་ཆེ་རྙིང་པ་སོགས་ཀྱི་དབུར་གཡོགས་པ་དེས་ཉམས་མྱོང་དང་ཉམས་མྱོང་ཞེས་གསུང་སྙན་དེའི་རིན་མཐང་དེ་མེད་པ་བཟོས་་པ་དང་ཁོང་གི་ཉམས་མྱོང་དང་ཤེས་འཇོན་སོགས་ཀྱིས་སྤྱི་ཚོགས་དང་མཉམ་བཤིབས་མི་ཐུབ་པའི་རང་གཤིས་ཞིག་ཡོད་པར་ཤུག་ཏུ་སྟོན་འདུག། དེ་བཞིན་ཁོང་གི་ལས་དོན་ནང་ཕྱི་དོན་ཁང་ཁག་བཞི་ལྔ་བཙུགས་པ་དང་དངུལ་རྩིས་ཁ་མ་འདུམ་པ་རེད།་ ཞེས་བཤད་པ་དེར་བདེན་ཁ་མ་མཐོང་། ཁོང་བཀའ་ཁྲི་ནི་༡༩༩༤་༡༩༩༥་བར་རེད། དངུལ་རྩིས་ཁ་མ་འདུམ་པའི་སྐབས་ནི་ཁོང་དཔལ་འབྱོར་བཀའ་བློན་ལས་ཕྱི་དྲིལ་བཀའ་བློན་མ་རེད། མ་ཟད་དོན་གཅོད་ཁག་བཙུགས་པའི་སྐབས་སུ་ཁོང་བཀའ་ཁྲི་ཡང་མ་རེད། དེ་བཞིན་སྐབས་དེར་བཀར་འཇུགས་ཀྱི་དངུལ་ལྷག་ཡོད་ཚུལ་དེར་ཡིད་ཆེས་མི་ཐུབ། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མ་ཕེབས་བར་དུ་བཙན་བྱོལ་གཞུང་ལ་བུ་ལོན་དངུལ་སྒོར་ས་ཡ་བརྒྱ་ཕྲག་ནས་བརྒྱ་ཕྲག་བར་དུ་འཕར་ནས་ལོ་ཤས་སྔོན་གྱི་བར་དུ་བུ་ལོན་འཇལ་མ་ཐུབ་པས་རྩིས་ཁྲ་གྲོས་ཚོགས་སུ་གླེང་བརྗོད་མང་དག་བྱུང་ཡོད། ༼༤ དུས་དེར་ཆུ་བཞི་སྒོང་དྲུག་གི་རྙོག་དྲ་དེ་ཡང་ལངས་པ་རེད། བཀྲས་མཐོང་གིས་གནད་དོན་དེར་འཛེམས་ཟོན་མེད་པར་ཁ་གཏད་གཅོག་པ་རེད། རྒྱུ་མཚན་དེའི་དབང་གིས་ལི་ཐང་ཨ་ཐར་ཁོང་ཚོས་ཁོང་ལ་སྡང་སེམས་ཀྱི་འདྲ་མ་འདྲ་འབྲི་འགོ་བཙུགས་པ་རེད།༽
ཞེས་པ་སོགས་ཀྱིས་བཀྲས་མཐོང་གིས་བྱས་རྗེས་དང་ཁོང་ལ་རྒྱབ་སྐྱོར་ཚུལ་གྱི་བཤད་འདུག་ཀྱང་དེ་དག་ཚང་མ་བཀྲས་མཐོང་གིས་ལོ་མང་རིང་གི་ཉམས་མྱོང་དེ་ཡོད་ཀྱང་རྣམ་དཔྱད་ཀྱིས་མ་འདང་པས་ཁོང་གི་ཞན་ཆ་ཡིན་པ་གསལ་པོ་རེད།
ཆུ་བཞི་སྒང་དྲུག་གི་སྐོར་བཀྲས་མཐོང་གིས་བྱས་རྫོབ་ཆེ་ཤོས་དེ་རེད། འོན་ཀྱང་ངས་འདིར་གླེང་འདོད་མེད།
གལ་སྲིད་དགོས་པ་ཡོད་ན་ཞུ་ཆོག་གོ།
བཀྲས་མཐོང་གི་རྒྱབ་སྐྱོར་བ་བཀའ་ཟུར་དྲུང་ཟུར་གྱི་སྡེ་དང་། ཤེས་ཡོན་ཅན་དང་རྩོམ་པ་པོའི་སྡེ་སོགས་སུ་ཇེ་རྒྱས་ཇེ་འཕེལ་ལ་འགྲོ་བཞིན་པ་ནི་གསལ་བོ་རེད་ལ། ཁོང་གི་རང་ཐག་རང་གཅོད་ཀྱི་སྙིང་བོ་བོད་མི་མང་ལ་ཡོད་པའི་མཐའ་མའི་ཐག་གཅོད་དེ། ལབ་དབུ་མ་དང་སྦྲེལ་ཚུལ་འདིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གསུང་བའི་ལམ་དབུ་མའི་འགྱུར་རིམ་དེ་རྩིས་མེད་ཀྱི་ངོས་དང་། ཡང་ན་ལམ་དབུ་མའི་ཐད་ཀྱི་མངོན་འདོད་སོར་བཞག་བྱས་ཡོད་པ་འདི་སྤྱི་ལ་ཁྱབ་པའི་སྲིད་བྱུས་ཤིག་འཛིན་འདོད་པ་དེ་རེད་ལ། ཁོང་གིས་ལམ་དབུ་མར་མོས་མཐུན་གནང་སྟངས་ཀྱང་མཁས་མཛངས་ལྡན་པ་ཞིག་བྱེད་བསམ་པ་དེ་དངོས་ཡོད་རེད། ད་དུང་ལས་རིམ་ལ་འགྱུར་བ་ཡོང་སྲིད་པར་སྒྲོག་པ་དེ་ནི་རང་སྐྱོང་གི་བསམ་འཆར་སྤྲད་ཟིན་པ་དག་ཕྱིར་བསྡུ་བྱེད་ངེས་པའི་སྲིད་བྱུས་ཤིག་ཀྱང་ཡིན་པར་བསྟན་མེད་འགྲོ་བསམ། དཔེར་ན་བཀྲ་ཤིས་དབང་འདུས་ཀྱིས་ད་ལྟའི་བཀའ་ཁྲིའི་སྲིད་བྱུས་ཚང་མའི་རྒྱུན་སྔ་མོ་ནས་ཡོད་པར་ངོས་འཛིན་བྱས་པ་དང་། བཀའ་ཁྲི་འདིས་ཤེས་ཡོན་སྲིད་བྱུས་སོགས་རིགས་པ་གསར་སྐྱེས་ཡིན་པར་གསུང་ཚུལ་དག་གིས། དབུ་ཁྲིད་ཐུན་མོང་ལ་མངའ་བ་ནི་རང་ཉིད་ཀྱི་བྱས་རྗེས་གསལ་བཏོན་བྱེད་འདོད་པ་དེ་རེད། དེའི་རྐྱེན་བཀྲས་མཐོང་གི་ལམ་དབུ་མའང་ལམ་ཁ་དེར་འགྲོ་སྲིད་ཚུལ་སྒྲོག་པ་ནི་གཅིག་བྱས་ན་འོས་ཤོག་གི་ཆེད་དུ་ཡིན་སྲིད་མོད། ཁོང་གིས་སྔ་མོའི་གཞུང་གི་ལས་དོན་དང་མཚན་གནས་རྗེས་འབྲེལ་གྱིས་བྱས་པ་དག་རྣ་བ་རྒྱགས་རག་བར་སྒྲོག་སྟངས་ལ་ལྟོས་ན། བཀྲས་མཐོང་གི་ལས་རིམ་གསར་བ་དག་ཕལ་ཆེར་ཚོད་དཔག་བྱེད་ཐུབ་ལྟ་བུ་ཞིག་རེད།
བཀྲ་དབང་གི་ཐེ་ཚོམ་དེས་སྔོན་འགྲོའི་འོས་ཤོག་གི་གནས་སྟངས་དེ་རིང་གི་ཉིན་མོ་འདིར་བསྐྱལ་བ་ནི་མངོན་གསལ་རེད་ལ། ད་ལྟའི་འོས་ཤོག་གི་ཁ་དབུགས་འདིས་མ་འོངས་བཀའ་ཁྲིའི་ལས་དོན་འབོ་ལུག་རྒྱུ་ནི་སྲིད་པ་འདྲ་ཞིག་འདུག་སྟབས། དབུས་འོས་བསྡུ་ལས་ཁང་གི་རྣམ་དཔྱོད་ནི་འོས་ཤོག་གྲངས་བཤེར་བྱེད་པ་ཙམ་ལས་བརྒལ་མ་ཐུབ་པའང་ཤེས་དགོས་བ་ཞིག་རེད། དེས་ན་རྒན་ལགས་ཀྱིས་ཤོད་བཞིན་པའི་འོས་བསྡུ་འདི་རླབས་ཆེན་ཆགས་མིན་ལ་ཐེ་ཚོམ་བྱས་པ་ནི་མཁས་པའི་མངོན་རྟགས་རང་རེད།
དེས་ན་མང་གཙོའི་ཇུས་ག་འདྲ་ཞིག་བཏོན་ཀྱང་། ད་ལྟ་བོད་རིགས་ཚོས་མ་འོངས་བཀའ་ཁྲིའི་ལས་དོན་ལ་དོ་ཕོགས་མི་འགྲོ་བ་ཞིག་དང་། ཡིད་ཆེས་རྙེད་རྒྱུ། བརྩི་བཀུར་ཐོབ་ཐབས་བྱེད་དགོས་པ་ནི་བོད་ཀྱི་རྩ་དོན་རང་རེད།
སྤྱི་འཐུས་ལགས།
བོད་པའི་བཀའ་ཁྲིའི་སྐོར་ཕྱེད་ཀའི་ཕྱེད་ཀ་མ་གཏོགས་ཤེས་ཀྱི་མེད་པ་འདྲ།
ཆབ་བྲག་ལྷ་མོ་སྐྱབས་ཀྱིས་དཔྱད་གཏམ་འདི་གནད་ལ་རྩ་བ་ནས་འཁེལ་མི་འདུག ཁག་ཆེར་མེད། ཁོ་པས་སྙན་ངག་བྲི་ཤེས་པ་ལས་ཆབ་སྲིད་ཀྱི་ཐད་དེ་ཙམ་གྱི་ཚོར་བ་སྐྱེན་པོ་མེད་པ་དང་གཅིག བོད་རིགས་མཐོང་དཀོན་པའི་ཧྥ་རན་སི་ནས་བོད་རིགས་མང་བའི་རྒྱལ་བལ་གཉིས་ཀྱི་ས་གནས་ས་ཐོག་གི་གནས་ཚུལ་ངོ་མ་རྟོགས་དཀའ་བ་དང་གཉིས། ཁོ་པས་བརྒྱུད་ལམ་ཁག་གི་གནས་ཚུལ་ལ་མྱང་ནོན་རྟོག་ཞིབ་བྱེད་མ་ཐུབ་པ་དང་གསུམ་སོགས་རེད། ཐད་ཀའི་གནས་ཚུལ་འདི་གསུམ་གྱི་སྟེང་ནས་ཆབ་བྲག་ལགས་ཀྱི་དམག་ཇུས་འདི་ཧ་ཅང་རྗེས་ལུས་ཤིག་དང་། ད་དུང་ཡང་དོན་དངོས་དང་ཧ་ཅང་རྒྱང་ཐག་རིང་བར་གནས་ཡོད་པ་དེ་ཤེས་ཐུབ། དོན་དངོས་ནི་དེང་སྐབས་བཀའ་ཁྲིའི་འོས་མི་གསུམ་པོ་ལྷོ་ཕྱོགས་སུ་སླེབས་སྐབས་བཀྲ་དབང་ལགས་ནས་རང་ཉིད་བཀའ་ཁྲིར་བཞེངས་ཡས་ཀྱི་དམིགས་ཡུལ་དང་མ་འོངས་ལས་འཆར་སོགས་དྲིལ་བསྒྲགས་གནང་རྒྱུའི་ཚབ་ཏུ་དུས་ཚོད་མང་ཆེ་བ་རང་ཉིད་ལ་དག་སེལ་དང་འཇུ་ཆེན་རང་ཉིད་ཀྱི་རྒྱབ་ཏུ་མེད་པ་ཅེས་པ་སོགས། འཇུ་ཆེན་ལ་འབྲེལ་བ་ཡོད་ན་ཧ་ལམ་དོལ་ཚོགས་སམ་རྒྱ་དམར་གཞུང་དང་འབྲེལ་བ་ཡོད་པ་ལྟ་བུའི་བསམ་ཚུལ་བསྐྱར་ཏེ་སྐུ་ངོ་འཇུ་ཆེན་ནག་པོ་ཆགས་མིན་ལ་བསམ་བློ་རྩ་བ་ནས་གཏོང་གི་མི་འདུག་ཟེར། བློ་སེང་དེ་དང་འདྲ་བར་འཇུ་ཆེན་ལ་འབྲེལ་བ་མེད་ཚུལ་སྒྲོག་པ་དང་། མ་ཟད་དེ་སྔོན་རང་གི་ཁ་ནས་གང་བྱུང་བཤད་པའི་སྐད་ཆ་རྣམས་ལ་དག་སེལ་བྱེད་པར་དུས་ཚོད་བསྐྱལ་ཡོད་ཟེར། མ་ཟད་ཁོ་པ་དེ་སྔོན་ལས་སྐད་ཆ་ཉུང་དུ་ཞེ་དྲག་ཕྱིན་ཡོད་པ་དང་། སྐད་ཆ་མ་བཤད་གོང་བསམ་བློ་གཏོང་བའི་སློབ་སྦྱོང་ཞིག་བྱེད་བཞིན་མཆིས་ཟེར། འོན་ཀྱྲང་དངོས་གཞིའི་འོས་ཀྱི་སྐབས་རྒྱལ་ཁ་སུ་ལ་འཐོབ་མིན་ནི་ད་དུང་ཡང་ཁ་ཚོན་ཤིན་ཏུ་གཅོདདཀའ་བ་ཡིན་པ་ནི། མི་དམངས་རྨོངས་གཉིད་ལས་སད་བཞིན་པ་འདིས་བཀྲས་མཐོང་གི་འོས་ཀྱི་ཁ་གྲངས་ཉིན་རེ་ལས་མ་བསྡད་པར་ཡར་འཕར་བ་དང་། བློ་སེང་གི་རྒྱབ་སྐྱོར་བ་ཉིན་རེ་ལས་མ་བསྡད་པར་མར་ཟགས་བཞིན་འདུག་ཟེར། འོན་ཀྱང་སེར་མོའི་སྤྱི་ཚོགས་ཀྱི་ཁྲོད་ནས་བློ་སེང་ལ་རྒྱབ་སྐྱོར་གྱི་རྣམ་པ་འདི་ད་དུང་ཡང་ཅུང་བརྟན་པོར་གནས་འདུག་ཟེར། བློ་སེང་ལགས་ཀྱི་རྒྱབ་སྐྱོར་བ་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་མང་པོ་ཡོད་ཀྱང། གཙོ་ཆེ་ཤོས་ནི་བཀྲས་མཐོང་ལ་རྒྱབ་གནང་མཁན་ཕལ་མོ་ཆེ་ཤེས་ཡོན་ཅན་གྱི་དཔུང་ཁག་དང་། ཆབ་སྲིད་ནང་ལོ་མང་ལས་ཀ་གནང་མྱོང་མཁན། རྨོངས་གཉིད་ལས་སད་པའི་སེར་མོ་བ་སོགས་ཡིན་ཅིང་། ཁོ་ཚོའི་རྒྱབ་སྐྱོར་བྱེད་སྟངས་དེ་ཅུང་ཞིབ་ཚགས་ཡིན་པ་དང་། བོད་མིའི་ཡ་རབས་མ་དོར་བའི་སྒོ་ནས་གནང་གི་ཡོད་པས་རེད་ཟེར། འོན་ཀྱང་བློ་སེང་ལགས་སུ་རྒྱབ་སྐྱོར་གནང་མཁན་ཚོས་གཞན་ལ་དམའ་འབེབས་དང་། ཚིག་རྩུབ་སྨྲ་བ། ཐ་ན་སྡིག་ར་བསྐུལ་བ་སོགས་བྱེད་ཀྱི་ཡོད་ཙང་མི་རྣམས་སྐྱུག་མེར་ལངས་འགོ་ཚུགས་པ་ཞིག་རེད། དཔེ་མཚོན་ནི། ཉེ་ཆར་བཀྲས་མཐོང་ལགས་མཉམ་དུ་ལྷོ་ཕྱོགས་འགྲོ་མཁན་གཞོན་ནུ་དེར་ཧོན་སུར་ནས་བོང་རྒན་མགོ་རིལ་ཞིག་གིས་ཉེས་བརྡུངས་བཏང་བ་ལྟ་བུ་རེད། འདི་ཚོ་ནི་ཀླ་ཀློའི་བྱེད་སྟངས་ཤིག་ལས་མ་འདས་ལ། འདིས་བློ་སེང་ལ་ཕན་ཐོགས་རྒྱུ་ལས་ལྡོག་སྟེ་གནོད་བསྐྱལ་བ་ཞིག་མ་ཡིན་ནམ། ཆབ་བྲགས་ལགས་སེམས་ཤུགས་ཆསགས་དགོས་ཡས་ཡོད་པ་མ་རེད། སྙན་ངག་གི་སེམས་ཁམས་དེ་ཆབ་སྲིད་ནང་ཁ་ལོ་བསྒྱུར་ཐུབ་ན་ད་གཟོད་ཆབ་སྲིད་ལ་ཚོར་སྣང་ཡོད་པའི་དཔྱད་གཏམ་ལེགས་པོ་ཞིག་འབྲི་ཐུབ་ཀྱི་རེད་དོ། །
BBC ལགས། ཆབ་བྲག་ཚང་གིས་རྩོམ་ཡིག་གཡག་ཚར་རྗེས་བསམ་ཚུལ་བརྗེ་རེས་བྱེད་དུ་མི་ཕེབས་པ་ནི་ཁོང་གི་གཤིས་ཀ་རེད། གོང་ན་མཆན་བཀོད་པ་མང་ཆེ་བས་གནད་དོན་ཞིག་གླེང་གི་འདུག་པས། ཆབ་བྲག་ཚང་ཕེབས་ནས་ད་དུང་རང་གི་དམག་ཇུས་དེ་ལམ་ལྷོང་ཡོང་རྒྱུར་ཁྲིད་སྟོན་བྱས་ན་ལོས་ཆོག་ཀྱང་། སྙན་ངག་པ་ཚོ་མ་འདྲ་བ་ཞིག་བྱེད་རྒྱུར་དགའ་ཚོད་དུ་གདའ།
དེ་ནས་BBCཁྱེད་རང་གིས་ཀྱང་དོན་ལ་འཁེལ་མེད་ཚུལ་གསུངས་སྟངས་དེ་ཅུང་གཞན་ཞིག་ལ་འཁྱོག་འདུག ཆབ་བྲག་གིས་བྱུང་ན་བཀྲས་མཐོང་གིས་དགོངས་ཞུ་གནང་ན་འོས་པར་མཐོང་ཡོད་ཁར། ཁོང་གི་ཞེ་འདོད་སྟེང་གི་བཀའ་ཁྲི་མེད་ལ་ནས་ཡོད་པར་གྱུར་བ་ལྟ་བུའི་བཀྲ་དབང་གི་ཐོག་བབས་འདུག དམག་ཇུས་འདི་ནི་བཀྲས་མཐོང་དང་བཀྲ་དབང་གི་འོས་འཕེན་ཚོར་བློ་རིག་སྒྲིམ་དགོས་པ་ཞིག་དང་། ཡང་ན་གཅིག་ལ་རེ་བ་མེད་ན་གཅིག་བསྐྱུར་ནས་གཅིག་ལ་ཕྱོགས་རྒྱུ་ལས། བློ་སེང་ནི་ནམ་ཡང་འོས་འགྲན་གྱི་དོ་ཡ་ཡིན་པར་བཤད་ཡོད། དེ་ནི་ཁོང་གི་དམག་ཇུས་རེད། དེ་ནི་དྲང་གཏམ་རེད་མོད། ཁ་བསམ་གཞན་གྱིས་དུག་འདེབས་སྲིད་པས། གཟབ་གཟབ་བྱེད་དགོས་པ་ཞིག་ཀྱང་རེད། ལྷག་ཏུ་ངས་གོང་དུ་བཀོད་པ་ལྟར་འབྱུང་འགྱུར་བཀའ་ཁྲིའི་ལས་དོན་ལ་དོ་ཕོགས་མ་འགྲོ་བ་ཞིག་དགོས་རྒྱུ་དེ་རེད། དེ་བས་ངས་ལྟོས་ན། ཆབ་བྲག་གི་དམག་ཇུས་འདི་འོས་ཤོག་གཅིག་པུའི་འགྲན་རྩོད་ལ་དམིགས་གཟས་བྱས་བ་ཞིག་མིན་ནམ་བསམ།
རྒན་ཆབ་བྲག་ལྷ་མོ་སྐྱབས་ལགས་བཀྲིས་བདེ་ལེགས།སྐུ་ཉིད་སྐུ་ཁམས་བཟང་ངམ།
རྒན་ལགས་ཀྱིས་ད་བར་དཔེ་དེབ་བརྒྱ་ཕྲག་བརྒལ་བ་བཀླགས་པ་དང།དེབ་བཅུ་ལ་ཉེ་བ་བརྩམས་གནང་ནས་བཙན་བྱོལ་གྱི་ཤེས་ཡོན་སྤྱི་དང་རྩོམ་རིག་དར་སྤེལ་ལ་མཛད་རྗེས་ཆེན་པོ་བཞག་གནང་མཛད་ཡོད།
འོན་ཏེ་ད་ཐེངས་བཀའ་ཁྲིའི་འོས་བསྡུའི་སྐོར་ལ་མ་འོངས་སྔོན་དཔག་གི་ཚུལ་དུ་ཆེད་རྩོམ་སྤེལ་བ་འདིར་ཚིག་སྦྱོར་དང་དག་སྡེབ་ལ་ཞུ་འོས་མི་མཆིས་ཀྱང་།ནང་དོན་གྱི་ཐད་ལ་ཧ་ཅང་གི་འཁྲུལ་འཚབ་ཆེན་པོ་ཞིག་འདུག
གཅིག་བྱས་ན་རྒན་ལགས་ཀྱི་དགོངས་ཚུལ་དེ་དག་ཁྱེད་བཞུགས་སའི་ཕ་རན་སེའི་རྒྱལ་ས་ཕའེ་རིའི་སེར་བློ་སེང་དང་བཀྲིས་དབང་འདུས་གཉིས་ཀྱི་འོས་འགྲན་འཁྲུག་ཆ་དོད་པོ་ཡོད་པར་གཞིར་བཞག་ནས་བྲིས་པའང་ཡིན་སྲིད།
གང་ལྟར་ཆབ་སྲིད་ཀྱི་དཔྱད་བརྗོད་དེ་ནི་ཕྱི་ཕྱོགས་ཀྱི་གནས་ཚུལ་ལ་རྒྱུས་ངོ་མེད་པའི་མཚམས་བསྙེན་སྒྲུབ་བྱེད་མཁན་ཞིག་གིས་བྲིས་པའི་ཚོར་སྣང་སྟེར་ཡོང་གི་འདུག
གཤམ་ལ་ངས་མཐོང་ཚུལ་ཁག་རིམ་སྤེལ་ཞུ་རྒྱུ་ཡིན།
༡༽དེ་ཡང་དང་པོ་རྒན་ཁྱེད་ཀྱིས་(བཀའ་ཁྲིའི་འོས་མི་གསུམ་ཤེས་ཡོན་དང་།ལྷག་བསམ།་འཇོན་ཐང་སོགས་ནས་བར་ཀྱད་ཆེན་པོ་ཞིག་སུས་ཀྱང་འབྱེད་དཀའ་བ་རེད་)ཚིག་ཐག་ཆོད་པོས་གསུངས་འདུག་དེ་ནས་འོས་མི་གསུམ་པོ་དབྱིན་སྐད་བྱང་ཆུབ་པ་འདྲ་ཡང་བློ་སེང་གི་བོད་ཡིག་ཆུ་ཚད་དེ་རྒན་ཁྱེད་ཀྱིས་མི་མཁྱེན་པ་ཨེ་ཡིན་ནམ།
གཞན་ཡང་བློ་སེང་གི་ལྷག་བསམ་དང་འཇོན་ཐང་གཞན་གཉིས་དང་བར་ཁྱད་ཆེན་པོ་མེད་པ་ཇི་ལྟར་མཁྱེན་བྱུང་ངམ།བློ་སེང་གིས་བྱས་རྗེས་དང་གསར་གཏོད་ཀྱི་གྲུབ་འབྲས་གང་ཡང་མེད་པར་གང་འདྲ་བྱས་ནས་འཇོན་ཐང་དང་ལྷག་བསམ་མཁྱེན་སོང་ངམ།
བཀའ་ཟུར་བཀྲིས་དབང་འདུས་ཀྱིས་བོད་གཞུང་ལ་སྲི་ཞུ་ལོ་བཞི་བཅུ་ཙམ་ཞུས་མོད་བྱས་རྗེས་དང་།གསར་གཏོད་ཀྱི་གྲུབ་འབྲས་བཀྲས་མཐོང་དང་བསྡུར་ཐབས་མེད་པ་མཁྱེན་བཞིན་དུ་མི་ཤེས་ཁུལ་གནང་དོན་གང་ཡིན་ནམ།
༢༽ཡང་རྒན་ཁྱེད་ཀྱིས་བློ་སེང་ལ་རྒྱབ་སྐྱོར་མཁན་མང་ཆེ་བས།་ཁོང་གི་ཆབ་སྲིད་ཀྱི་ལྟ་བ་རང་བཙན་ཡིན་པའི་རྒྱུ་མཚན་དྲངས་ནས་ཤུགས་རྐྱེན་ཐེབས་སྐོར་གསུངས་མོད།དོན་དངོས་ཐོག་བློ་སེང་བཀའ་ཁྲིའི་འོས་མིར་ལངས་པ་ནས་བཟུང་ཆབ་སྲིད་ཀྱི་ལྟ་བ་འདྲ་མིན་ཞིག་འཁྱེར་ཡོད་ཀྱང་།བཀའ་ཁྲིར་མ་ལངས་སྔོན་ལ་བློ་སེང་གི་རྒྱ་མི་རིགས་ལ་འབྲེལ་མཐུད་བྱེད་སྟངས་དང་གཏམ་བཤད་བྱེད་སྟངས་ལ་གཞིགས་ན་རང་སྐྱོངས་སམ་བོད་འདི་རྒྱ་མིའི་མངའ་ཁོངས་ཀྱི་རང་སྐྱོངས་ལྗོངས་ཤིག་འདོད་ཀྱི་ཡོད་པ་ཚིག་ཐག་བཅད་ཆོག་པ་རེད།དེར་མཁྱེན་པའི་བདག་པོ་ཁྱེད་གང་འདྲ་དབུ་འཐོམ་པ་ཡིན་ནམ།
༣༽ཡང་རྒན་ཁྱེད་ཀྱིས་(བཀྲས་མཐོང་ལགས་ལ་རྒྱབ་སྐྱོར་མཁན་མང་ཆེ་བས་ཀྱང་། ཁོང་གི་མི་རིགས་རང་ཐག་རང་གཅོད་ཀྱི་སྲིད་དོན་ལྟ་བ་དང་བྱ་བའི་ཉམས་མྱོང་གཉིས་ཐད་ནས་འོས་ཤོག་བླུགས་ཡོད་)ཅེས་གསུངས་འདུག་པ་ནི་ཉིད་ཀྱིས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་མཐོང་ཆུང་རྣམ་པ་ཤུགས་ཆེན་མངོན་གྱི་འདུག་་ང་ཚོ་བཀྲས་མཐོང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་བཀྲས་མཐོང་བསྟན་རྣམ་མཆོག་གི་དབྱིན་བོད་ཤེས་ཡོན་དང་།་ལྷག་བསམ།འཇོན་ཐང་།ཉམས་མྱོང་།གསར་གཏོད།བྱས་རྗེས།གྲུབ་འབྲས།བབ་ཆགས་པའི་མི་གཤིས་བཅས་ལ་གཞིགས་ནས་འོས་བླུགས་པ་ཡོངས་གྲགས་རེད།བཀྲས་མཐོང་གི་ཁྱད་ཆོས་དེ་དག་ལ་སུ་ཞིག་སྙོན་ཐུབ་བམ།ཀྱང་རྒན་ཁྱེད་ལ་དུང་ལ་དཀར་རྩིའི་རིས་མོ་བྲིས་རྒྱུ་ཡོད་ན་ཁྱད་ཆོས་དེ་དག་མ་ཚང་བའི་རྒྱུ་མཚན་གསུངས་དང་།
༤༽ཡང་རྒན་གྱིས་(བཀྲ་ཤིས་དབང་འདུས་ལགས་འགྲན་རྩོད་དུ་མ་ཞུགས་པར་ཡང་འོས་གཞི་གསུམ་པར་སླེབས་པ་རེད།)ཅེས་གསུངས་ཀྱང་།གསུམ་པ་ཞེས་པ་ནི་འོས་མི་གསུམ་པོའི་མཐའ་མའམ་གསུམ་པ་ཡིན་ཡང་།གཞུང་ཞབས་འདེམས་ལྷན་ནས་སྔོན་འགྲོའི་གྲུབ་འབྲས་ཕྱིར་བསྒྲགས་གནང་བའི་འོས་མི་དྲུག་པོའི་མཐའ་མ་དེ་ཡིན་པས་དགོངས་ཞུ་དགོས་དགོས་ན་བཀྲས་དབང་གིས་ཞུ་དགོས་པ་འོས་བབ་ཡིན་པ་མཁྱེན་བཞིན་དུ་དགོས་དབང་གང་ལ་གཟིགས་ནས་གསུངས་སམ།
༥༽ཡང་རྒན་གྱིས་(གལ་ཏེ་འོས་ཤོག་གི་གདེང་ཚོད་ཐད་ནས་བལྟས་ན་བཀྲ་ཤིས་དབང་འདུས་ལགས་དང་བཀྲས་ མཐོང་ལགས་གང་རུང་ཞིག་གིས་དགོངས་པ་ཞུ་འོས་ལ། ལྷག་པར་བཀྲས་མཐོང་ལགས་ཀྱིས་ཐུགས་བསམ་བཞེས་དགོས།རྒྱུ་མཚན་ནི་སྔོན་འགྲོའི་འོས་ཤོག་གི་གྲངས་ཚད་དེས་དངོས་གཞིའི་སྐབས་ཀྱང་ཇེ་མང་ལ་དེ་ཙམ་མི་འགྲོ་བ་ཚོད་དཔག་ཐུབ་པ་ཞིག་རེད།)ཅེས་སྐྱེ་བོ་གནག་རྫི་བའི་ངག་ལས་ཀྱང་ཐོན་དཀའ་བ་ཞིག་གསུངས་འདུག་་ཁོ་གཉིས་བར་ལ་སྔོན་འགྲོའི་འོས་མང་ཉུང་ཧེ་བག་ཆེན་པོ་ཡོད་མ་ཟད།སྔོན་གཞིར་དེ་བས་ཧེ་བག་ཆེ་བ་ཤོར་གྱི་ཡོད་པ་དེ་ངས་ད་ལྟ་ཞུ་རྒྱུ་མིན།ཕྱི་ཟླ་་༣་ཚེས་༢༠ཉིན་བོད་མི་མང་གིས་ལན་བརྒྱབ་ངེས་རེད།ལྷག་པར་བཀྲས་མཐོང་དགོངས་ཞུ་དགོས་སྐོར་གྱི་རྒྱུ་མཚན་དྲངས་པ་དེ་ནི་དེ་བས་ཁུངས་མེད་ཐབས་སྡུག་ཅིག་བྲིས་འདུག་་སྐབས་མཚམས་དེར་ངར་གོང་གསལ་གྱི་རྩོམ་ཡིག་དེ་རྒན་ཆབ་བྲག་ལྷ་སྐྱབས་ཀྱིས་བྲིས་པ་ཨེ་ཡིན་སྙམ་པའི་ཚོར་སྣང་ཡང་དབང་མེད་དུ་སྐྱེས་བྱུང་།
༦༽ཡང་རྒན་གྱིས་(མི་རིགས་རང་ཐག་རང་གཅོད་ཀྱི་སྲིད་དོན་ལྟ་བའི་ཆ་ནས་འོས་ཤོག་བླུགས་ཡོད་ཚུལ་)གསུངས་ཚུལ་ལ་གཞིགས་ན།དགེ་རྒན་ཆེན་མོས་རང་ཐག་རང་གཅོད་ཀྱི་ལྟ་བ་ངོ་མ་དེ་མཁྱེན་གྱི་ཨེ་ཡོད་སྙམ།དོན་དམ་དུ་བཀྲས་མཐོང་གིས་བཞེད་པའི་རང་ཐག་རང་གཅོད་ཀྱི་ལྟ་བ་ནི་འཛམ་གླིང་ཀུན་ལ་གྲགས་པ་ཞིག་རེད།ང་ཚོ་བོད་མིར་མཚོན་ན་ད་ལྟའི་དབུ་མའི་ལམ་དེ་ད་ལྟའི་ང་ཚོའི་རང་ཐག་རང་གཅོད་ཀྱི་ལྟ་བའམ་ལམ་དེ་རེད།དེ་བོད་མི་བརྒྱ་ཆ་དྲུག་ཅུ་བརྒལ་བས་འོས་འཕེན་གྱི་ལམ་ནས་བདམས་པ་དེའི་ཚུལ་ལ་རང་ཐག་རང་གཅོད་ཅེས་འབོད་པ་ལས་བཀྲས་མཐོང་ལ་རང་ཐག་རང་གཅོད་ཀྱི་ལྟ་བ་ལོགས་སུ་གསུང་གི་མེད་པ་ནི་ཁོང་གིས་དེའི་སྐོར་ལན་མང་གསུངས་ཚར་སོང་།
ལྷ་མོ་སྐྱབས་ལགས་རྒྱུན་དུ་སྤྱང་པོ་ཡོད་དེ་ད་ལན་དབུ་འཐོམས་པ་འདྲ། ལོ་མང་པོར་རྡ་སར་བཞུགས་པ་དང་། སྤྱི་འཐུས་གནང་ཡང་ད་ལྟ་ཡང་དབུ་འཐོམས་འདུག སྙན་ངག་བྲིས་ནས་བཞུགས་ན་ལེགས་པར་མཐོང་།
༧༽ཡང་རྒན་ཁྱེད་ཀྱིས་(དེ་བས་གསལ་བོར་ཞུ་འདོད་པ་ནི་དངོས་གཞིའི་འགྲན་ཟླར་འོས་པ་ནི་བློ་སེང་ལགས་དང་བཀྲ་ཤིས་དབང་འདུས་ལགས་རེད།)ཅེས་ཚིག་ཐག་ཆོད་པོས་གསུངས་པ་ནི་ཅི་འདྲའི་བྱིས་པའི་གཏམ་ལས་ལོད་པ་ཞིག་མ་རེད་དམ།དེ་ནི་དགེ་རྒན་ཆེན་མོས་ཐུགས་མཉམ་པར་མ་བཞག་པའི་མངོན་རྟགས་གསལ་པོ་ཡིན་པ་དེ་མཐའ་མའི་གྲུབ་འབྲས་ནས་རྒན་ཁྱེད་ལ་ཐུགས་ཡིད་འཚིམ་པའི་ལན་ཞིག་བརྒྱབ་ངེས་རེད།དོན་དངོས་སུ་སྤྱི་ཚོགས་ནང་དང་།དྲ་རྒྱ།ཚགས་པར་སོགས་ཚང་མར་བློ་སེང་དང་བཀྲས་མཐོང་གླེང་བ་ལས་བཀྲིས་དབང་འདུས་གླེང་མཁན་ཙམ་ཡང་མེད།ཁོང་ནི་རླུང་བུས་འདེད་པའི་ཤོག་བུ་ནང་བཞིན་ཡིན་པ་ཚང་མས་ཤེས་རྟོགས་ཡོད།
༨༽རྒན་ཁྱེད་ཀྱིས་ལྟ་བ་མཐུན་ན་མཁས་པ་མིན།སྤྱོད་པ་མཐུན་ན་གྲུབ་ཐོབ་མིན་ཞེས་པ་ལྟར་རང་ཉིད་ཀྱིས་གཞན་དང་མི་འདྲ་ཙམ་གསུང་རྒྱུ་ཁོ་ན་གཙོ་དོན་གནང་ན་ལས་དེ་མིན་ད་ལྟའི་ཆར་བློ་དང་ལྡན་པ་མང་ཆེ་བས་མཐའ་མའི་རྣོ་ངར་ཆེ་བའི་འགྲན་རྩོད་ནི་བློ་སེང་དང་བཀྲས་མཐོང་བར་བྱུང་གི་ཡོད་ཚུལ་འདོད་ཀྱི་ཡོད།
༩༽མདོར་ན་ད་ཐེངས་ཀྱི་དགེ་རྒན་ཆེན་མོ་ཁྱེད་ཀྱིས་བཀའ་ཁྲིའི་འོས་མི་གསུམ་པོ་སོ་སོའི་ལྟ་བ་དང་།ནུས་པ།ཤེས་འཇོན་གང་ཐད་ནས་གདེང་མཆོག་གནང་སྟངས་དེ་ཤིན་ཏུ་ནས་མི་འོས་མི་མཚམས་པ་ཤུགས་ཆེན་ཡོད་པ་མ་ཟད།ཁྱེད་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་བཀྲས་མཐོང་བསྟན་རྣམ་ལ་གནངས་ཆུང་དང་ཁྱད་སོད་དང་།བཀྲིས་དབང་འདུས་ཀྱིས་དབུ་མའི་ལམ་ལ་འགྱུར་མེད་སོར་འཇོག་བྱེད་ཀྱི་ཡོད་སྟབས་མི་དམངས་ཀྱི་ཁྲོད་འབོར་དུ་བཏོན་ཐབས་དང་དོ་སྣང་སྤྲོད་རྒྱུར་དམག་བྱུས་གང་ཐུབ་ཅི་ཐུབ་ཀྱི་འདིང་བཞིན་པ་སྐུ་ཉིད་ཀྱི་རྩོམ་ནང་ནས་མངོན་ཡོང་གི་འདུག་ཀྱང་།མི་དམངས་རྣམས་ནི་སྐུ་ཉིད་ལས་ཚོར་བ་སྐྱེན་པ་དང་།དོ་སྣང་ཆེ་བ།ཞིབ་འཇུག་གཏིང་ཟབ་པ།བསམ་ཚུལ་རྒྱ་ཆེ་བ་ཡོད་པས་སྐུ་ཉིད་ཀྱི་དམག་བྱུས་ལམ་ལྷོངས་ཡོང་རྒྱུ་དཀའ།
༡༠༽དེ་མིན་རྒན་ལགས་ཁྱིམ་པའི་བདག་པོ་ཞིག་གིས་ཕ་རན་སིར་ལི་ཐང་པ་མང་པོ་ཡོད་པས་ཁོ་ཚོས་གནས་དེར་བློ་སེང་གི་འོས་ཤོག་དེར་འོར་སྒྲ་བསྒྲགས་པ་མ་ཟད།བཀྲིས་དབང་འདུས་ཀྱང་ཤོག་བུ་རླུང་འཚང་གིས་རྒྱུད་བསྐུལ་བྱས་ནས་གནས་དེར་ཁོ་གཉིས་བར་ལ་འཁྲུགས་ཆ་དོད་པོ་ཡོད་པའི་གནས་སྟངས་ལ་གཞིགས་ནས་འདི་འདྲ་བྲིས་པ་ནི་ཡ་མཚན་རེད།
ཐོག་མར་བཀྲིས་དབང་འདུས་ལངས་སྟངས་ནི་ཕ་རན་སི་ལི་ཐང་པ་ཁ་གཅིག་དང་།ནེའུ་ཡོག་ནས་ཆུ་བཞི་སྒང་དྲུག་རྙིང་པའི་ཚོགས་ཟུར་ཚེ་བརྟན་ལྷ་རྒྱལ་དང་སེང་གེ་རབ་བརྟན་དང་།དེ་མིན་གཉེན་ཉེ་འཁོར་བཅས་ཀྱིས་འོས་མིར་བསླངས་དུས།ཁོང་གིས་ཐོག་མར་ལངས་རྩིས་མེད་སྐོར་གསལ་བསྒྲགས་བྱས་ཟིན་ཡང་བསམ་བཏང་དྲན་སྐྱེན་གྱི་ཚུལ་དུ་གློ་བུར་དུ་སྔོན་འགྲོ་འོས་བསྔུའི་གོང་ཙམ་དུ་ལངས་པ་རེད།ཁོང་ནི་ལངས་པ་མ་རེད་བསླངས་པ་རེད།དེའི་གནས་སྟངས་དེ་ཞིབ་ཕྲ་ཁྱེད་ཀྱིས་མ་མཁྱེན་པ་ཅི་ལ་སྲིད།ཡང་ན་ཁྱེད་བཞུགས་སའི་ཕ་རན་སེའི་བོད་མིའི་སྤྱི་ཚོགས་འདི་འཛམ་གླིང་གཟིགས་ནས་ཐུགས་སྣལ་དུ་མི་གནས་པའི་ངང་ནས་ཆེད་རྩོམ་དེ་འཚབ་ཚུབ་ངང་བྲིས་པ་ཞིག་ལས་ཞིབ་འཇུག་དང་དབྱེ་ཞིབ་གཏིང་ཟབ་གནང་ནས་བྲིས་མེད་པ་ནི་ཁྱེད་ཀྱི་མཁྱེན་ཡོན་ཇི་འདྲ་ཡོད་པ་ཚང་མས་ཤེས་པ་དེ་ལས་དཔོག་ཐུབ།གང་ལྟར་དམག་བརྒྱབ་མྱོང་མེད་པའི་དམག་མི་ཞིག་གིས་དམག་བྱུས་ཡིན་པས་དེར་དམག་མིས་སུས་ཀྱང་དང་ལེན་བྱེད་མི་སྲིད།
༧༽ཡང་རྒན་ཁྱེད་ཀྱིས་(དེ་བས་གསལ་བོར་ཞུ་འདོད་པ་ནི་དངོས་གཞིའི་འགྲན་ཟླར་འོས་པ་ནི་བློ་སེང་ལགས་དང་བཀྲ་ཤིས་དབང་འདུས་ལགས་རེད།)ཅེས་ཚིག་ཐག་ཆོད་པོས་གསུངས་པ་ནི་ཅི་འདྲའི་བྱིས་པའི་གཏམ་ལས་ལོད་པ་ཞིག་མ་རེད་དམ།དེ་ནི་དགེ་རྒན་ཆེན་མོས་ཐུགས་མཉམ་པར་མ་བཞག་པའི་མངོན་རྟགས་གསལ་པོ་ཡིན་པ་དེ་མཐའ་མའི་གྲུབ་འབྲས་ནས་རྒན་ཁྱེད་ལ་ཐུགས་ཡིད་འཚིམ་པའི་ལན་ཞིག་བརྒྱབ་ངེས་རེད།དོན་དངོས་སུ་སྤྱི་ཚོགས་ནང་དང་།དྲ་རྒྱ།ཚགས་པར་སོགས་ཚང་མར་བློ་སེང་དང་བཀྲས་མཐོང་གླེང་བ་ལས་བཀྲིས་དབང་འདུས་གླེང་མཁན་ཙམ་ཡང་མེད།ཁོང་ནི་རླུང་བུས་འདེད་པའི་ཤོག་བུ་ནང་བཞིན་ཡིན་པ་ཚང་མས་ཤེས་རྟོགས་ཡོད།
༨༽རྒན་ཁྱེད་ཀྱིས་ལྟ་བ་མཐུན་ན་མཁས་པ་མིན།སྤྱོད་པ་མཐུན་ན་གྲུབ་ཐོབ་མིན་ཞེས་པ་ལྟར་རང་ཉིད་ཀྱིས་གཞན་དང་མི་འདྲ་ཙམ་གསུང་རྒྱུ་ཁོ་ན་གཙོ་དོན་གནང་ན་ལས་དེ་མིན་ད་ལྟའི་ཆར་བློ་དང་ལྡན་པ་མང་ཆེ་བས་མཐའ་མའི་རྣོ་ངར་ཆེ་བའི་འགྲན་རྩོད་ནི་བློ་སེང་དང་བཀྲས་མཐོང་བར་བྱུང་གི་ཡོད་ཚུལ་འདོད་ཀྱི་ཡོད།
༩༽མདོར་ན་ད་ཐེངས་ཀྱི་དགེ་རྒན་ཆེན་མོ་ཁྱེད་ཀྱིས་བཀའ་ཁྲིའི་འོས་མི་གསུམ་པོ་སོ་སོའི་ལྟ་བ་དང་།ནུས་པ།ཤེས་འཇོན་གང་ཐད་ནས་གདེང་མཆོག་གནང་སྟངས་དེ་ཤིན་ཏུ་ནས་མི་འོས་མི་མཚམས་པ་ཤུགས་ཆེན་ཡོད་པ་མ་ཟད།ཁྱེད་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་བཀྲས་མཐོང་བསྟན་རྣམ་ལ་གནངས་ཆུང་དང་ཁྱད་སོད་དང་།བཀྲིས་དབང་འདུས་ཀྱིས་དབུ་མའི་ལམ་ལ་འགྱུར་མེད་སོར་འཇོག་བྱེད་ཀྱི་ཡོད་སྟབས་མི་དམངས་ཀྱི་ཁྲོད་འབོར་དུ་བཏོན་ཐབས་དང་དོ་སྣང་སྤྲོད་རྒྱུར་དམག་བྱུས་གང་ཐུབ་ཅི་ཐུབ་ཀྱི་འདིང་བཞིན་པ་སྐུ་ཉིད་ཀྱི་རྩོམ་ནང་ནས་མངོན་ཡོང་གི་འདུག་ཀྱང་།མི་དམངས་རྣམས་ནི་སྐུ་ཉིད་ལས་ཚོར་བ་སྐྱེན་པ་དང་།དོ་སྣང་ཆེ་བ།ཞིབ་འཇུག་གཏིང་ཟབ་པ།བསམ་ཚུལ་རྒྱ་ཆེ་བ་ཡོད་པས་སྐུ་ཉིད་ཀྱི་དམག་བྱུས་ལམ་ལྷོངས་ཡོང་རྒྱུ་དཀའ།
༡༠༽དེ་མིན་རྒན་ལགས་ཁྱིམ་པའི་བདག་པོ་ཞིག་གིས་ཕ་རན་སིར་ལི་ཐང་པ་མང་པོ་ཡོད་པས་ཁོ་ཚོས་གནས་དེར་བློ་སེང་གི་འོས་ཤོག་དེར་འོར་སྒྲ་བསྒྲགས་པ་མ་ཟད།བཀྲིས་དབང་འདུས་ཀྱང་ཤོག་བུ་རླུང་འཚང་གིས་རྒྱུད་བསྐུལ་བྱས་ནས་གནས་དེར་ཁོ་གཉིས་བར་ལ་འཁྲུགས་ཆ་དོད་པོ་ཡོད་པའི་གནས་སྟངས་ལ་གཞིགས་ནས་འདི་འདྲ་བྲིས་པ་ནི་ཡ་མཚན་རེད།
ཐོག་མར་བཀྲིས་དབང་འདུས་ལངས་སྟངས་ནི་ཕ་རན་སི་ལི་ཐང་པ་ཁ་གཅིག་དང་།ནེའུ་ཡོག་ནས་ཆུ་བཞི་སྒང་དྲུག་རྙིང་པའི་ཚོགས་ཟུར་ཚེ་བརྟན་ལྷ་རྒྱལ་དང་སེང་གེ་རབ་བརྟན་དང་།དེ་མིན་གཉེན་ཉེ་འཁོར་བཅས་ཀྱིས་འོས་མིར་བསླངས་དུས།ཁོང་གིས་ཐོག་མར་ལངས་རྩིས་མེད་སྐོར་གསལ་བསྒྲགས་བྱས་ཟིན་ཡང་བསམ་བཏང་དྲན་སྐྱེན་གྱི་ཚུལ་དུ་གློ་བུར་དུ་སྔོན་འགྲོ་འོས་བསྔུའི་གོང་ཙམ་དུ་ལངས་པ་རེད།ཁོང་ནི་ལངས་པ་མ་རེད་བསླངས་པ་རེད།དེའི་གནས་སྟངས་དེ་ཞིབ་ཕྲ་ཁྱེད་ཀྱིས་མ་མཁྱེན་པ་ཅི་ལ་སྲིད།ཡང་ན་ཁྱེད་བཞུགས་སའི་ཕ་རན་སེའི་བོད་མིའི་སྤྱི་ཚོགས་འདི་འཛམ་གླིང་གཟིགས་ནས་ཐུགས་སྣལ་དུ་མི་གནས་པའི་ངང་ནས་ཆེད་རྩོམ་དེ་འཚབ་ཚུབ་ངང་བྲིས་པ་ཞིག་ལས་ཞིབ་འཇུག་དང་དབྱེ་ཞིབ་གཏིང་ཟབ་གནང་ནས་བྲིས་མེད་པ་ནི་ཁྱེད་ཀྱི་མཁྱེན་ཡོན་ཇི་འདྲ་ཡོད་པ་ཚང་མས་ཤེས་པ་དེ་ལས་དཔོག་ཐུབ།གང་ལྟར་དམག་བརྒྱབ་མྱོང་མེད་པའི་དམག་མི་ཞིག་གི་དམག་བྱུས་ཡིན་པས་དེར་དམག་མིས་སུས་ཀྱང་དང་ལེན་བྱེད་མི་སྲིད།
ཆབ་བྲག་ལྷ་མོ་སྐྱབས་ལགས་སུ།
སྐུ་ཉིད་ཀྱིས་བྲིས་པའི་བསམ་ཚུལ་ཡག་པོ་བྲིས་འདུག་ཀྱང་དཔྱད་བརྗོད་དེ་ལ་འགྱུར་བ་ཞིག་བཏང་ཏེ་༼ ཉེ་རིང་འོག་གི་འོས་འཕེན་ཐབས་ཇུས་༽ ཟེར་ན་བཟང་བར་སྙམ།
སྐུ་ཉིད་འདྲ་བས་དེ་འདྲའི་བཀའ་མོལ་ཞུས་ན་མང་ཚོགས་ལ་ཁག་མིན་འདུག་བསམ་གི།
སྔོན་འགྲོའི་འོས་བསྡུའི་སྐབས་བློ་སེང་ལ་འོས་གྲངས་མང་ཤོས་རག་ཡོད་ཅིང་། དེའི་ནང་ང་རང་གི་འོས་ཤོག་རྐང་གཅིག་པུ་དེ་ཡང་ཚུད་ཡོད། འོན་ཀྱང་དེ་རིང་ཁ་སང་བློ་སེང་གིས་རྒྱ་གར་ནང་ཡོད་པའི་བོད་མི་ཚོར་མགོ་སྐོར་གཏོང་རྐྱང་བྱེད་རྒྱུ་མང་དྲགས་ནས་ང་ཉོབ་དགོས་བྱུང་སོང་། ངས་བློ་སེང་ལ་མི་དགའ་བ་བྱེད་དགོས་དོན་མི་འདུག དེ་བས་བོད་མི་མང་གི་བཀའ་ཁྲིའི་འོས་མི་ཞིག་ཡིན་པས་ངས་ཁོང་ལ་གོས་བཀུར་ཞུ་རྒྱུ་ཡིན། འོན་ཀྱང་བློ་སེང་བཀའ་ཁྲིའི་འོས་མི་ཞིག་ཡིན་པས་ངེས་པར་དུ་ཁོའི་སྐད་ཆར་ཁོ་རང་གིས་འགན་འཁུར་རེད། དོན་དམ་དུ་བློ་སེང་གིས་འུར་སྒྲོག་གི་ལམ་ནས་འོས་ཐོབ་ཐབས་བྱེད་ཀྱི་འདུག་པས། ང་ཚོས་ངེས་པར་བློ་སེང་འདི་ངོ་ཡག་པོ་ཤེས་དགོས་ཀྱི་འདུག
བློ་སེང་ནི་ཁྲིམས་ལུགས་སློབ་ཚན་ཐོན་པའི་སློབ་གྲྭ་ཆེན་མོ་བ་དང་ཉམས་ཞིབ་པ་ཆུང་གྲས་ཤིག་ལས་གཞན་གང་ཡང་མ་རེད། བོད་པ་ཚོར་དཔྱད་ཞིབ་ཀྱི་ཚོར་བ་ཧ་ཅང་ཞན་པོ་འདུག ཚང་མས་”མཁས་དབང་”ཞེས་འུར་བསྟོད་བྱེད་པ་དང། ལྷག་པར་ཧར་ཝར་ཊེ་གཙུག་ལག་སློབ་གྲྭའི་སློབ་དཔོན་རེད་སྙམ་ནས་གདེང་འཇོག་གང་མང་བྱེད་ཀྱི་ཡོད། དོན་དུ་བློ་སེང་ཧར་ཝར་ཊེ་གཙུག་ལག་སློབ་གྲྭའི་སློབ་དཔོན་དེ་འདྲ་གང་ཡང་རེད་མི་འདུག བློ་སེང་གིས་སློབ་དཔོན་ཆེན་མོའི་མིང་འཁུར་ནས་རྒྱ་གར་ནང་རང་ཉིད་ངོ་སྤྲོད་རྒྱ་ཆེར་བྱས་པ་མ་ཟད། ཁོའི་དྲིལ་བསྒྲགས་ཀྱི་འགྲོ་གྲོན་གང་འཚམ་ཞིག་ཧར་ཝེར་ཊི་གཙུག་ལག་སློབ་གྲྭས་གཏོང་གི་ཡོད་ཚུལ་བརྗོད་འདུག དོན་དངོས་སུ་ཧར་ཝར་ཊེ་གཙུག་ལག་སློབ་གྲྭར་དེ་འདྲའི་འགྲོ་སྟངས་ཤིག་མེད་པ་མ་ཟད། བློ་སེང་འདྲ་བའི་ཉམས་ཞིབ་པ་ཆུང་གྲས་(Research fellow)ཚོས་ཧར་ཝར་ཊར་སྡོད་རིང་དངུལ་ཕར་སྤྲོད་དགོས་འདུག ལྷག་པར་དུ་ང་ཚོས་དུས་རྒྱུན་སློབ་དཔོན་དུ་འབོད་ཀྱིན་པའི་བློ་སེང་ལ་ཧར་ཝར་ཊེ་སློབ་གྲྭར་སློབ་འཁྲིད་བྱེད་ཆོག་པའི་ཐོབ་ཐང་ཏིལ་ཙམ་ཡང་མི་འདུག
ཁོའི་ཉམས་ཞིབ་ཀྱི་དུས་ཡུན་ནི་ལོ་ལྔ་ལས་མེད་ཅིང་། དེ་ཡང་ལོ་རེར་སྙན་སེང་ཞུས་ནས་བསྐྱར་ཞུ་བྱེད་དགོས་ཀྱི་འདུག དེ་ལས་ཁྱད་མཚར་བ་ཞིག་ལ་བློ་སེང་གིས་གལ་ཏེ་བཀའ་ཁྲིའི་འོས་ཐོབ་ན་ལོ་ལྔ་ཧར་ཝར་ཊེ་ནས་དགོངས་ཞུ་བྱེད་ཀྱི་ཡིན་ཞེས་བཤད་ཡོད། འོན་ཀྱང་ལོ་ལྔའི་དགོངས་ཞུའི་ཐོབ་ཐང་དེ་འདྲ་མི་འདུག གལ་ཏེ་ཁོ་བཀའ་ཁྲིར་བསྐོས་ན་ཁོའི་ཉམས་ཞིབ་ཀྱི་གོ་སྐབས་དེ་ནས་རྩ་དགོངས་ཞུ་དགོས་ཀྱི་འདུག ད་ལྟ་ཁོས་རྩ་དགོངས་ཞུས་མེད། དེའི་རྒྱུ་མཚན་ནི་བཀའ་ཁྲི་མ་ཆགས་ཚེ་ལས་མེད་དུ་མ་འགྱུར་བའི་སྔོན་འགོགས་རེད།
གཞན་ཡང་བློ་སེང་གིས་ཁོ་རང་རྒྱ་ནག་འགྲོ་རྒྱུར་བེད་སྤྱོད་བྱས་པའི་ལག་འཁྱེར་དེ་ཁུངས་སྐྱེལ་བྱ་ཕྱིར་འཇམ་དབྱངས་ནོར་བུ་ཡང་ཕྱིན་པ་རེད་ཅེས་བཤད་ཡོད། འོན་ཀྱང་འཇམ་དབྱངས་ནོར་བུས་ཁོ་རང་རྒྱ་ནག་ཏུ་ཕྱིན་མེད་པའི་ར་སྤྲོད་གསལ་པོ་བྱས་འདུག ལྷག་པར་དུ་དོན་དག་འདི་རིགས་ལ་དྲི་བ་དྲིས་དུས་”ཁྱེད་རང་བཀྲས་མཐོང་གི་རྒྱབ་སྐྱོར་བྱེད་མཁན་རེད་འདུག”ཅེས་མི་མང་དཀྱིལ་ལ་ལབ་ཅོལ་བྱེད་ཀྱི་འདུག
ཉིན་མ་དེང་སང་ང་ཚོས་བཀའ་ཁྲི་འོས་མི་ཚོར་བགྲོ་གླེང་གང་མང་བྱེད་ཀྱི་ཡོད་ཅིང་། དེའི་དོན་ནི་ཁོང་ཚོར་རྒྱུས་མངའ་གཏིང་ཟབ་ལོན་པའི་ཆེད་དུ་ཡིན། གལ་ཏེ་དྲི་བར་ལན་འདེབས་མེད་པར་”དེའི་ཕྱོགས་རེད། ཕ་གིའི་ཕྱོགས་རེད་”ཅེས་བཤད་བསྡད་ན་བགྲོ་གླེང་འདི་འདྲ་གྲ་སྒྲིག་བྱེད་དགོས་དོན་མི་འདུག་ལ། ཁྱེད་ཚོས་དྲིལ་བསྒྲགས་ཀྱང་བྱེད་དགོས་དོན་མི་འདུག
གང་ལྟར་ཡང་ང་ཚོས་ཧོལ་རྒྱུགས་བྱེད་རྒྱུ་མི་འདུག རྒྱུས་མངའ་ལོན་དགོས་ཀྱི་འདུག ལྷག་པར་དུ་མི་མང་ཚོར་ཆབ་སྲིད་ཀྱི་གོ་རྟོགས་གང་ཡང་མེད་པས་མགོ་སྐོར་གཏོང་ཐུབ་ཀྱི་རེད་སྙམ་མཁན་དེ་ཚོར་ཡིད་གཟབ་བྱ་དགོས་ཀྱི་འདུག ང་ཚོ་ཆབ་སྲིད་ཀྱི་གོ་རྟོགས་ག་ཚོད་ཞན་ཡང་། བོད་གཞུང་མང་གི་འགོ་འཁྲིད་གཅིག་འདེམས་མི་ཐུབ་པའི་ཐབས་སྐྱོ་པོ་དེ་འདྲ་མིན།
བཀྲས་མཐོང་དགོངས་པ་ཞུ་དགོས་ལ། བློ་སེང་དགོངས་པ་ཞུ་མི་དགོས་པ་འདི་ཡང་། དཔྱད་པ་ཕྱོགས་གཅིག་ཏུ་ལྷུང་ལྟར་མངོན། གང་ཡིན་ཟེར་ན། བློ་སེང་ལགས་ལ་དངོས་གཞི་སྐབས་ལ་འོས་གྲངས་མར་འབྲི་ངེས་པར་གསུངས་འདུག་ལ། བཀྲས་མཐོང་ལགས་དེ་འདྲའི་སྐྱོན་ཆ་མེད། དེས་ན་འོས་ཉུང་དུ་འགྲོ་མཁན་དེ་དགོངས་པ་ཞུ་མི་དགོས་སམ། གཞན་དེ་དགོས་སམ་སོམས་དགོས་པ་འདུག
དེས་ན་བཀྲས་མཐོང་དང་། བཀྲས་དབང་གཉིས་ཀར་འགྲན་དགོས་ལ། ཁོང་གཉིས་འགྲན་ཞོར་དུ། གལ་སྲིད་བློ་སེང་ལགས་ལ་ཐོབ་ན། ཨིན་སྐད་དུ་”new face”གདོང་པ་གསར་པ་ཞེས་པའི་ཆབ་སྲིད་ཀྱི་གྲུབ་འབྲས་དེ་ཆགས་པ་རེད།
ཆབ་བྲག་ལགས། དགོངས་ཚུལ་ཚང་མ་ད་ལྟ་ཉིད་ནས་ཁ་ཕྱོགས་འཛོལ་ཚར་སོང་། གང་ཡིན་ཞེ་ན། ད་ཆ་མི་དམངས་གཉིད་ལས་བསད་འགོ་ཚུགས་འདུག་ལ། གཅིག་ལས་གཉིས་སུ་མཆེད་དེ་མྱུར་ཚད་ཀྱང་ཧ་ཅང་མཐོ། རིང་མིན་འོས་ཤོག་དམར་སེར་ཐམས་ཅད་སྟོང་རྒྱུགས་སུ་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེ་ཞིང་། ཨེ་ཤ་ཡའི་མཁའ་རླུང་དང་འགྲོགས་པའི་བརྫུན་གཏམ་གྱི་སྐད་སྒྲ་ནི་ཉིན་རེ་བཞིན་ཇེ་ཆུང་རེད། སྐབས་དེ་དུས་ངས་རི་བོའི་རྩེ་ནས་རི་སྒུལ་མཚོ་ཁྱོམ་གྱི་བདེན་སྒྲ་ཞིག་སྒྲོག་དགོས་པ་མ་ཡིནབ་ནམ། ཧ་ཧ།
གང་ལྟར་དེ་རིང་ནས་བཟུང་སྔོན་འགྲོའི་འོས་ཤོག་བར་ཉིན་གྲངས་བཅུ་དྲུག་ཙམ་ལས་མེད་པས། ཚང་མས་གཟབ་གཟབ་བྱས་ནས་འོས་བླུག་གནང་རོགས། ང་ལ་དེའི་སྐོར་ལ་བཤད་རྒྱུ་ཅང་མེད། ཁྱེད་ཚོ་མང་པོ་ཞིག་ལ་མ་འོངས་གསལ་བའི་མཁྱེན་པ་ཡོད་མདོག་གིས་མང་པོ་མང་པོ་ཞིག་གསུངས་འདུག མདོ་དོན་ང་ཚོར་མཁོ་བ་ནི་བཀའ་ཁྲི་ཡག་པོ་ཞིག་དགོས་པ་དེ་རེད།
དགོངས་དག དངོས་གཞིའི་འོས་ཤོག ་་་་་་ཅེས་བཅོས་དགོས།
http://www.theindychannel.com/video/26960289/index.html
ཆབ་བྲག་ལྷ་མོ་སྐྱབས་སྤྱང་པོ་དང་རྣམ་དཔྱོད་ལྡན་པའི་མི་དེ་འདྲ་ཅང་ཡིན་ནི་མ་རེད། སྙན་ངག་དམ་དུམ་འབྲི་ཤེས་ཙམ་དང་རང་སྲུང་བྱེད་མཁས་པོ་ཞིག་ཡོད་པ་རེད།
རྩོམ་ཡིག་འདིས་ཁོའི་གོ་རྟོགས་ལྷང་ལ་བསྟན་འདུག