ཚེ་རིང་དོན་འགྲུབ།(སན་ཇོ་སིས་སྤུ་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་སྡེ་ཁག)
“ཁྱོད་ཀྱིས་བཤད་པའི་སྐད་ཆ་དེར་ང་འཐད་པ་མིན་ན་ཡང་། ཁྱོད་ཀྱི་སྐད་ཆ་བཤད་པའི་ཐོང་ཐང་ལ་ངས་ཚེ་སྲོག་གིས་བསྲུང་སྐྱོབ་བྱེད་ངེས་ཡིན།”
ཨེས་བུ་ལེན་བྟེས་ཁྲི་ཧོལ།
ཁྲིམས་ལ་མི་རྟོན་གང་ཟག་ལ་རྟོན་ཅིང་དངོས་ཡོད་ལ་མི་རྟོན་དད་པ་ལ་རྟོན་བཞིན་པའི་དེ་རིང་གི་ས་མཐའ་རུ་འབོད་པའི་ཧི་མ་ལ་ཡའི་ཚུར་རོལ་གྱི་རི་ངོགས་ཆུང་ངུ་འདིར། ལག་ཏུ་སྨྱུ་གུ་ཐོགས་ཚད་རྩོམ་པ་བོ་དང་མགོ་བདེ་བོ་ཡོད་ཚད་ཆབ་སྲིད་པ་རུ་གྱུར་དང་འགྱུར་བཞིན་པའི་སྣང་ཚུལ་དང་གནས་ཚུལ་ཡ་མ་བརླ་འདིས་སྣེ་དྲངས་ནས་གཏམ་ཁ་ཤས་མི་བཤད་ཐུ་མེད་བྱུང་། ཆབ་སྲིད་ནི་མ་གཞི་ནས་སྤྱི་ཚོགས་རིག་གནས་ཀྱི་བྱེ་བྲག་གལ་ཆེན་ཞིག་སྟེ་གཞུང་ལུགས་ཀྱི་སྤྱི་ཁོག་དང་ལྟ་གྲུབ་སྣ་ཚོགས་ཀྱིས་ཞུན་བརྡར་བྱས་པའི་མི་དོན་སྒྲུབ་བྱེད་ཀྱི་རིག་ཚན་བྱེ་བྲག་པ་ཞིག་ཡིན་མོད། དེ་རིང་སྙན་ངག་པ་ཡིན་ཟེར་མཁན་དང་རྩོམ་སྒྲིག་པ་ཡིན་ཟེར་མཁན། ཐ་ན་རིག་གཞུང་ཞིབ་འཇུག་པ་དང་དགེ་བཤེས་བླ་མ་རུ་འབོད་པ་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་དུ་བཙན་བྱོལ་སྤྱི་ཚོགས་འདིའི་ཆབ་སྲིད་ཀྱི་གཡུལ་ས་ཆུང་ངུ་འདིར་ཁྱི་ཤ་ལ་རྔམ་པའི་ཚུལ་དུ་ཤོར་ཡོང་ཚུལ་ལ་བལྟས་ན། བཙན་བྱོལ་གཞུང་འདིས་ད་བར་དུ་འཕྲལ་ཕུགས་གཉིས་ཀྱི་གནད་དོན་འདུས་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་ལེགས་པོ་ཞིག་རྙེད་མ་ཐུབ་པ་ཡང་མདོར་དེད་ན་རྒྱུ་མཚན་འདི་དག་ལ་ཐུག་ལོས་ཡོད་སྙམ།
ད་དུང་གནའ་མི་བོད་ཀྱི་གཏམ་དཔེར། གཏམ་ཨ་ཕས་བཤད་རྒྱུ་ཨ་མས་བཤད། ཁྱི་བདག་པོས་བཀག་རྒྱུ་མགྲོན་པོས་བཀག། ཅེས་པའི་དཔེ་ལྟར་རང་གཞུང་གི་བཅའ་ཁྲིམས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་འོག་ལས་ཤོར་ཏེ། སྤྱི་འཐུས་ཚོགས་གཙོ་སོགས་ཆེན་པོ་ཁག་གིས་རང་རང་གི་དགོས་མཁོ་དང་མཐུན་ནས་ལེབ་ལེབ་དང་རིལ་རིལ་གང་རུང་དུ་འགྲེལ་བཤད་བསྐྱོན་ཆོག་ཆོག་གི་གནས་སྟངས་འདི་དག་ལ་བལྟས་ན། ༧རྒྱལ་བ་རིན་པོ་ཆེས་མར་གསོལ་རས་གནང་པའི་དམངས་གཙོ་འདི་ཡང་མདུན་སྐྱོད་བྱེད་རྒྱུའི་ཚབ་ཏུ་ལྡོག་ཕྱོགས་སུ་འགྲོ་བཞིན་པ་མེད་དམ་སྙམ་པ་ཞིག་རེད། ད་དུང་ག་གེ་མོ་སྤྱི་འཐུས་ཀྱི་འོས་མིར་ལངས་པའི་ཆ་རྐྱེན་ཨང་དང་བོ་༧རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་དང་འབྲེལ་བའི་བཀའ་ལ་བརྩི་མིན་དང་ཆོས་ལ་དད་མ་ཡོད་མེད། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མིན་སོགས་ཀྱིས་གཞལ་བཞིན་པ་འདི་ནི། དཔེར་ན། ཨ་རབ་རྒྱལ་ཁབ་ཁག་གི་ཆབ་སྲིད་པ་ཚོས་དཀོན་མཆོག་ཨཱ་ལའི་གསུང་རབ་ཀོ་རན་གྱི་བཤད་ཚད་བདེན་པ་མཐར་ཐུག་དང་དེ་བཞིན་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཡོད་ཚད་དགྲ་རུ་བརྩིས་ནས་རང་ཉིད་ལ་མི་མང་གི་འོས་ཤོག་འཐོབ་པར་གཏམ་བརྗོད་འཁྲབ་བཞིན་པ་དང་ཇི་འདྲའི་འདྲ་ཨང་།
སྤྱི་ཚོགས་ལ་འགན་ཁུར་མཁན་གྱི་མདོ་སྨད་པ་ཞིག་ཡིན་ཚེ་ཀླུ་མཁར་བྱམས་དང་འབྲེལ་བའི་སྔ་ཕྱིའི་གནས་ཚུལ་ཁག་དང་། དེ་བཞིན་འོས་བསྡུ་ལས་ཁུངས་ཀྱི་སྔ་ཕྱི་མི་མཐུན་པའི་གསར་འགོད་པའི་དྲིས་ལན་ཁག་དང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱི་ནང་འགལ་དུ་གྱུར་བའི་ལན་འདེབས་མི་འདྲ་བ་ཁག ལྷག་པར་དུ་སྔོན་མ་གྲོས་ཚོགས་བརྒྱུད་ཁྲིམས་སུ་བཏབས་པའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སོགས་གནད་དོན་ཁག་གོང་འོག་བསྒྲིགས་ནས་ཞིབ་བལྟ་ཞིག་བྱས་ཚེ། དམངས་གཙོ་ཁ་ལ་འཁྱེར་བའི་སྒེར་སྤྱོད་དཔོན་རིགས་ཁག་དང་རྒྱུ་མཚན་ལས་དད་པ་གཙོ་བོར་འཛིན་པའི་མི་སྣ་ཁག་གི་ཡོལ་བའི་རྒྱབ་ཀྱི་ཟློས་གར་ཁག་གསལ་བོར་མཐོང་ངེས་ཡིན། དེར་བརྟེན། དམངས་གཙོ་དང་ཡོངས་ཁྱབ་འགྲོ་བ་མིའི་རིགས་ཀྱི་འདྲ་མཉམ་དང་དྲང་བདེན་སོགས་ལྷན་སྐྱེས་ཀྱི་ཐོང་ཐང་ཁག་ལ་བརྩི་མཐོང་བྱེད་མཁན་ཞིག་ཡིན་ཚེ། ང་ཚོས་ད་ལྟའི་གོ་སྐབས་འདི་གཏན་ནས་འཆོར་མི་ཉན་པ་ཤེས་པར་བྱོས།
བདག་ལ་མཚོན་ན་ཀླུ་མཁར་བྱམས་ཟེར་བའི་མི་འདི་ཐག་རིང་ནས་ཐོས་པ་མ་གཏོགས་ཐག་ཉེར་བཅར་ནས་རྒྱུས་ལོན་བྱེད་མྱོང་མེད་ལ། དེ་བཞིན་ཀླུ་མཁར་བྱམས་གྲོས་ཚོགས་སུ་སླེབས་ནས་བོད་རང་བཙན་ཐོབ་འགྲོ་བ་ལྟ་བུའི་རེ་དོགས་ཀྱང་བྱེད་མཁན་ཞིག་མིན་པ་མ་ཟད་། ད་དུང་ཀླུ་མཁར་བྱམས་ཟེར་བ་འདི་མདོ་སྨད་པ་ཡོངས་རྫོགས་ཀྱི་ཁོངས་ནས་འཇོན་ཐང་ཆེ་ཤོས་དང་ཆབ་སྲིད་ཀྱི་མཐོང་ཐོས་ཕྱུག་ཤོས་ལྟ་བུ་ཞིག་ཡིན་པར་ཡང་སེམས་བཞིན་མེད། འོན་ཀྱང་། གནད་དོན་འདི་རིགས་ནི་སྐབས་འདིར་ང་གཙོ་བྱས་པའི་སློབ་གྲྭ་ཆེན་པོ་བ་མང་བོ་ཞིག་གིས་རྒོལ་ལན་སྤྲོད་བཞི་པའི་རྒྱུ་མཚན་གཙོ་བོ་དག་མིན། མདོ་སྨད་ཀྱི་ཤེས་ཡོན་པ་རྣལ་མ་ཞིག་ལ་མཚོན་ན་གལ་ཆེ་ཤོས་ནི་ཀླུ་མཁར་བྱམས་འདི་དཀྲུས་ན་མི་དག་པའི་མདོ་སྨད་པ་ཞིག་ཡིན་པ་མ་ཟད། སྐབས་འདིའི་འོས་བསྡུའི་སྒྲིག་གཞི་གསར་བའི་གནས་སྟངས་འོག་ཏུ་སྤྱི་འཐུས་ཀྱི་སྒུག་ཐོའི་མཚམས་སུ་སླེབས་པའི་འོས་མི་ཞིག་ཀྱང་ཡིན། ད་དུང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང་དངོས་ཡོད་ཀྱི་དྲང་བདེན་གཉིས་ཀྱི་ཐོག་ནས་ཁོ་སྐབས་འདིར་ཐད་ཀར་སྤྱི་འཐུས་སུ་འགྲོ་ཆོག
གནད་དོན་འདི་ལ་ཐོག་མར་ངེས་ཤེས་ལེགས་པོ་ཞིག་ཐོབ་སྐབས། གཞི་ནས་ཁྱོད་ཀྱིས་སྐབས་འདིར་ཀླུ་མཁར་ལ་རྒྱབ་སྐྱོར་བྱེད་པ་ནི་མདོར་དེད་ན་བོད་ཀྱི་དམངས་གཙོའི་ཆེ་མཐོང་ལ་རྒྱབ་སྐྱོར་བྱས་པ་དང་ཡོངས་ཁྱབ་འགྲོ་བ་མིའི་རིགས་ཀྱི་རིན་ཐང་ཁག་ལ་རྒྱབ་སྐྱོར་བྱས་པ་ཡིན་པའི་གལ་ཆེའི་རང་བཞིན་འདི་ཡང་ཡོངས་སུ་རྟོགས་ངེས་ཡིན།
བཙན་བྱོལ་འདིར་མདོ་སྨད་པ་ཉུང་ཤས་ལས་མེད་ན་ཡང་དེང་རབས་ཤེས་ཡོན་སློབ་གསོ་ཐོབ་པ་དང་དེ་བཞིན་མི་ཆོས་རིག་གནས་ཀྱི་བློ་མིག་རྒྱས་དང་རྒྱས་བཞིན་པའི་གཞོན་སྐྱེས་མི་ཉུང་བ་ཞིག་ཡོད་པར་བརྟེན། ང་ཚོས་བར་མིའི་འོས་བསྡུ་འདི་བརྒྱུད་ནས་རྒྱ་གཞུང་དང་འཛམ་གླིང་གི་བོད་དོན་ཞིབ་འཇུག་པ་ཚོར་མདོ་སྨད་གཞོན་སྐྱེས་དེང་རབས་ཤེས་ཡོན་པ་ཚོས་སྤྱི་ཚོགས་སྲིད་དོན་རིག་གནས་ཀྱི་མཐོང་རྒྱ་ངོ་སྤྲོད་ཅིག་བྱས་ཆོག ད་དུང་ང་ཚོས་བོད་སྤྱི་ཚོགས་ནི་ལྟ་བ་འདྲ་མིན་མཉམ་གནས་དང་ཆོས་ལུགས་འདྲ་མིན་འདྲ་མཉམ་དུ་སྤྱོད་ཆོག་པའི་དཀྱེལ་ཡངས་ཀྱི་སྤྱི་ཚོགས་ཞིག་ཡིན་པའི་བདེན་དཔང་ཡང་བསྟན་ཆོག དེ་བཞིན་ང་ཚོས་རང་ཉིད་སྒེར་གཅོད་དང་འདྲ་མཉམ་མིན་པའི་སྲིད་ཇུས་ཀྱི་དབང་བསྒྱུར་འོག་ལས་བྲོས་བྱོལ་དུ་སླེབས་མཁན་ཞིག་གི་ངོས་ནས་སྲིད་ཇུས་དེའི་རིགས་ལ་ཐོག་མཐའ་བར་གསུམ་དུ་དགག་བཞག་དང་ཁ་གཏད་ནན་མོ་བྱེད་སྤོབས་པའི་གསལ་འདེབས་རིང་མོ་ཞིག་ཀྱང་བྱེད་ཆོག
མདོར་ན། འཕྲལ་ཕུགས་ཀྱི་དཔྱོད་ཤེས་མངའ་བའི་མདོར་སྨད་པ་ཚོས་ཀླུ་མཁར་བྱམས་ལ་འོས་ཤོག་བླུགས་རོགས། དམངས་གཙོ་དང་དཀྱེལ་ཡངས་མཉམ་གནས་་སོགས་ཀྱི་ཆེད་དུ། ད་དུང་ཡོངས་ཁྱབ་འགྲོ་བ་མིའི་རིན་ཐང་ཁག་གི་ཆེ་མཐོང་གི་ཆེད་དུ་ཁོང་ལ་འོས་བླུགས་རོགས།
འབྲེལ་ཡུལ། tseringdhundup59@gmail.com
ཞིབ་ཏུ་བཀླགས་པ་ཡིན། ཡིག་ནོར་རམ་གཏགས་ནོར་རེ་ཟུང་ཡོད་མོད། དེ་ནི་ཞོར་དུ་གླེང་ཙམ་བྱས་པ་ལས་གནད་ཀྱི་དོན་པོ་ནི་བཀའ་དྲིན་ཆེ་ཞུ་འདོད་པ་དེ་ཡིན། ངས་ཀྱང་ཉེ་སྔོན་རང་ལ་དྲ་བ་འདིར་«ཀླུ་མཁར་བྱམས་དང་འབྲེལ་བའི་སྐད་ཆ་འགའ»ཞེས་པའི་རྩོམ་ཡིག་ཅིག་སྤེལ་བ་ཡིན།
བདག་ལ་མཚོན་ན་ཀླུ་མཁར་བྱམས་ཟེར་བའི་མི་འདི་ཐག་རིང་ནས་ཐོས་པ་མ་གཏོགས་ཐག་ཉེར་བཅར་ནས་རྒྱུས་ལོན་བྱེད་མྱོང་མེད་ལ། ་་་་གསུངས་སྟངས་ལ་བལྟས་ན། ཀླུ་བྱམས་ལས། ཚངས་དབྱངས་ལགས། འོས་མི་ལེགས་པ་ཡོད་ཚོད་འདུག
ད་འགྱིག་གི་་་་་ཨ མའི་བུ།
ཀླུ་མཁར་བྱམས་རྒྱལ་ལོ།།
འགྲོ་བ་མིའི་ཐོབ་ཐང་རྒྱལ་ལོ།།
དྲང་བདེན་རིན་པོ་ཆེ་རྒྱལ་ལོ།།
ཀླུ་མཁར་བྱམས་སྤྱི་འཐུས་ཆགས་མིན་དེ་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་དམངས་གཙོ་ཡིན་ནམ་ཡང་ན་་སྲིད་དབང་སྒེར་གཅོད་རིང་ལུགས་ཡིན་པ་ལྗིད་ཁོག་འཇོག་བྱེད་ཀྱི་རྒྱ་མ་དེ་རེད།
དོན་མཐུན་གྱི་སྐད་ཆ་ཞིག་བཤད་འདུག རྒྱབ་སྐྱོར་ཡོད།
རྡ་སའི་སྒྲིགས་འཛུག་དེ་སྒེར་གཅོད་རིང་ལུགས་ཡིན་མིན་འཇལ་བྱེད་ཀྱི་བརྒྱ་མ་འདྲ་བོ་དེ་ཀླུ་མཁར་བྱམས་རེད་འདུག
ཀླུ་མཁར་བྱམས་ཁོང་སྤྱི་དོན་གང་འདྲ་ཡིན་མིན་མི་ཤེས་རུང་། སྒེར་དོན་ཐོག་གཡོ་ཁྲམ་ཅན་ཞིག་རེད་འདུག ལོ་ཤས་སྔོན་ངོས་གཉིས་རྒྱ་གར་ལྷོ་ཕྱོགས་མེ་སོར་ནས་སྦེང་ལོར་དབར་མེ་འཁོར་ནང་སྟབས་ཁེལ་གྱི་གླེང་མོལ་མང་ཙམ་བྱུང་། སྐད་ཆ་མགོ་ནས་འཇུག་བར་ཆ་ཚང་བཤད་ན་ཁོའི་འགྱིངས་ཉམས་དང་། རང་སྟོད་ཀྱི་ཧ་ཅང་ཆེ་བ་མ་ཟད། གཞན་མཐོ་དམན་བར་གསུམ་ལ་ཟུར་ཟ་མང་། འོན་བཤད་མི་ཁོམས།
བཤད་དོན་ནི། སྐབས་དེ་དུས་ང་གཉིས་ཕྲད་པ་དང་པོ་ཡིན་ལ་ངོ་ཤེས་པའང་ཐོག་མ་ཡིན། ཁོང་ལ་སྦེང་ལོར་དེ་ཙམ་རྒྱུས་མངའ་མིན་འདུག་པས། ཁོ་རང་གནམ་གྲུའི་ནང་མ་འཐོན་བར་དུ་གར་འགྲོ་གར་སྡོད། ཅི་ཟ་ཅི་འཐུང་མཉམ་སྤྱོད་ཀྱིས་རོགས་པ་བྱས་ཡོད་པ་དང་། མ་ཟད་ཁོས་ཐག་ཉེ་བོའི་རྣམ་འགྱུར་ཡང་ཡང་སྟོང་བྱུང་ལ་དགའ་པོ་ཡང་བྱུང་།
དེ་ནས་ཉིན་གསུམ་རྗེས་ང་ཡང་རྡ་སར་འབྱོར་ནས་ཉིན་བཞི་པར་དཔེ་མཛོད་ཁང་མདུན་མདོང་ཐུག་བྱུང་སྐབས་ཁོ་ཉིན་བཞིའི་གོང་གི་ཀླུ་མཁར་དེ་རེད་མི་འདུག ཡ་མཚན་པོ་བྱུང་ལ་ངའི་སེམས་ནང་ཁོང་མཁས་དབང་ཡིན་པའི་གོ་གནས་ཀྱང་གང་མཚམས་ཞིག་སོང་ཡ། དགོངས་དག ཚོར་བ་རྣོན་པོ་ཡོད་ཐལ།
ཡང་ཡང་སྟོན་བྱུང་།
རང་ཉིད་ཡང་མདོ་སྨད་པ་ཞིག་ཡིན་པའི་ངོས་ནས། ད་ཐེངས་ཀྱི་གནད་དོན་འདི་ཕལ་ཆེར་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པ་འདྲ། ད་ཐེངས་འོས་ཤོག་གཅིག་གི་དོན་དག་མ་ཡིན་པར་གནད་དོན་མང་བོ་ཞིག་དང་འབྲེལ་འདུག གལ་སྲིད་ད་ཐེངས་ཡང་ཀླུ་མཁར་བྱམས་མ་འདེམས་པར་གཞན་ཞིག་ཡོང་ཚེ། མ་འོངས་པ་ཡང་རང་རེའི་ཆབ་སྲིད་པ་ཚོས་ཟློས་གར་འདི་འདྲ་ཡང་བསྐྱར་འཁྲབ་ནོ་ཁོ་ཐག་ཡིན།
རྩོམ་པ་པོས་བཤད་པ་བཞིན་ཀླུ་མཁར་ཅིག་ཅིག་ཡིན་རབས་དང་མུག་མུག་བྱས་རབས་ཀྱི་སྐད་ཆ་འདིར་གནད་དོན་གཉིས་པ་ཡིན་པ་ལས། ཨང་དང་བོ་ནི་འདྲ་མཉམ་དང་རང་དབང་དམངས་གཙོ་སོགས་ཀྱི་ཐོག་ནས་གླེང་དགོས་ཀྱིན་འདུག དེ་འདྲ་བྱས་ན་གཞི་ནས་ཤེས་ཡོན་པ་ཞིག་དང་འཐབ་རྩོད་པ་ཞིག་གི་ཉམས་ཡོད་ཀི།
ཐུགས་རྗེ་ཆེ་ཚེ་རིང་དོན་འགྲུབ་མཐོ་སློབ་འགྲིམས་པའི་གོ་ཆོད་འདུག ང་ཚོར་ཁྱེད་ཚོ་འདྲ་བ་གང་མང་མང་དགོས་མཁོ་འདུག་
སློབ་མ་ཞིག་གིས་འགན་འཁུར་ནས་སྐད་ཆ་བཤད་པ་འདིར་བསྟོད་པ་ཆེན་པོ་འབུལ་རྒྱུ་དང་། བློ་རྒྱ་འཕེལ་བྱུང་། ད་དུང་མུ་མཐུད་སེམས་ཤུགས་སྤོར་རོགས།
འོན་ཀྱང་། གུས་པའི་ཉམས་མྱོང་དང་གཞན་གྱིས་གུས་པར་སློབ་སྟོན་བྱས་པའི་རྒྱབ་སྐྱོར་རྩོམ་ཡིག་འབྲི་སྟངས་ལ་ལྟར་ན། མི་སྣ་ཞིག་ལ་གཞན་གྱི་རྒྱབ་སྐྱོར་འཚོལ་བའི་རྩོམ་སྤེལ་སྐབས་གཤམ་གྱི་ཆ་རྐྱེན་རྣམས་ཚང་དགོས་ཟེར། ཡིན་མིན་ཁྱེད་ནས་གཟིགས་རོགས།
༡ མི་འདིའི་བསམ་བློ་དང་ལྟ་བ། དེ་སྤྱི་ཚོགས་ལ་ཇི་ལྟར་ཕན་མིན།
༢ མི་འདིའི་ད་བར་གྱི་བྱས་རྗེས། དངོས་སུ་ད་བར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཇི་སྒྲུབ།
༣ མི་འདིའི་དམིགས་ཡུལ་དང་ལངས་ཕྱོགས། ཐབས་ཤེས།
༤ ཅིའི་ཕྱིར་ཁོང་གི་རྒྱབ་ལྗོངས་འདི་དག་ད་ལྟའི་འཆར་དམིགས་བསལ་འབྲེལ་བ་ཡོད་མིན།
༥ མི་འདིས་གོ་སྐབས་གསར་པ་འདིའི་ནང་ལ་བསྒྲུབ་རྒྱུའི་བྱ་བ་ཁག་དང་འཆར་གཞི།
༦ ཁོང་དང་འོས་མི་གཞན་པ་རྣམས་ཀྱི་དབར་ལ་ཁྱད་པར་ཇི་ཡོད།
༧ འོས་མི་གཞན་གྱི་སྐྱོན་སོགས་གཙོ་བོ་རྣམས་རེད། གཞན་པ་ཡང་ཡོད་སྲིད།
གོང་གི་བསམ་འཆར་འདི་རང་གཞན་ཀུན་ལ་བགྲོ་གླེང་བྱེད་པའི་བསམ་འཆར་ལས་གཞན་དམིགས་ཡུལ་མེད།
སྔོན་གྱི་གཏམ་དཔེར། དམངས་ལ་ཕན་ན་སྡེ་པ་གཞུང་གི་རྒྱལ་པོར་བཙུན་མ་བསླེབས་ཀྱང་འགྲིགས་ཟེར། ཧ་ཧ་
བསམ་བློ་གཞན་ཞིག་གཏོང་དུས། ད་རེས་མདོ་སྨད་སྤྱི་འཐུས་འོས་མིའི་ནང་ལ། ཀླུ་དང་ཚངས་པ་དང་ཁུག་རྟ་དང་དེའི་རྒྱབ་ལ་ལྷ་མོ་དང་དུར་དང་ལྷ་ཚེ་རིང་སོགས་མདོར་ན་ལྷ་དང་མི་དང་འདྲེ་དང་ལྷ་མ་ཡིན་དང་བཅས་པ་ཚང་མ་བསླེབས་འདུག
རྒྱ་བོད་སྐར་རྩིས་ཀྱི་བཤད་སྲོལ་དང་། ནང་པ་དང་ཧིན་རྡུའི་རྟོག་བཅོས། དེ་བཞིན་བོན་པོ་དང་གནའ་བོའི་ལྷ་སྒྲུང་སོགས་ཀྱི་ཁམས་དང་འབྱུང་བ་སོགས་བཤེར་ཡོང་དུས། བྱ་༼ཁུག་རྟ།༽དང་ཀླུ་གཉིས་བདུད་ཟུར་འཁེལ་བས། ཕལ་ཆེ་བ་ཀླུ་རྒྱལ་བར་བྱེད། ཀླུས་༼སྦྲུལ་གྱིས་༽བྱ་ཕལ་ཆེ་བ་བཅོམ་ཐུབ། ཚངས་པ་དང་ཀླུ་གཉིས་ལས་ཕལ་ཆེ་བས་ཚངས་པར་བསྟོད་པར་བྱེད། ཚངས་པ་དང་བྱ་ནི་༼ཁུག་རྟ།༽སྦྱིན་བདག་དང་གཡོག་གི་འབྲེལ་བ་ཡིན་པས་ཚངས་པ་རྒྱལ།
ཁམས་དང་འབྱུང་བ་སོགས་ལ་བཤེར་དུས། ཕལ་ཆེར་ཚངས་པ་སྟེ། ཚངས་དབྱངས་དེ་ལ་རྒྱལ་ཁ་ལོན་ཨེ་ཡོང་སྙམས། ཁྱེད་ཚོས་དཔྱད་པ་གནོངས་ཨ།
ཀླུ་མཁར་བྱམས་སྤྱི་འཐུས་ནས་སྲིད་སྐྱོང་བར་མི་འོས་རྒྱུ་མཚན་བསེ་རུ་རྭ་གཅིག
ཀླུ་མཁར་བྱམས་སྤྱི་འཐུས་དང་དེ་འཕྲོར་སྲིད་སྐྱོང་ལ་བསྐོས་ན་དེས་རྒྱ་གར་དང་རྒྱ་ནག་བར་དབྱེན་དང་དཀྲུགས་ཤིང་སྦྱར་ཏེ་འཛམ་གླིང་དམག་འཁྲུག་ཆེན་པོ་གསུམ་པ་བསླང་ཉེན་ཆེས་བས། དེའི་དུས་སུ་བོད་པ་མ་དགོས་འགྲོ་བ་མི་ཐམས་ཅད་འཇིག་ཚར་བས་རང་བཙན་དང་ཐོབ་ཐང་གིས་ཅི་བྱེད།
མི་འོས་པའི་ཞེས་ཁ་སྐོངས་རོགས།
བསམ་ཤེས་ལགས་ཀྱིས་གོང་གི་རྩོམ་ཡིག་དེ་ཡག་པོ་ཀློག་ཡོད་ས་མ་རེད། གཞན་ཁོང་གིས་ཀླུ་མཁར་ལ་རྒྱབ་སྐྱོར་བྱེད་དོན་དམངས་གཙོ་དང་རང་དབང་སོགས་ཀྱི་ཆེད་དུ་ཡིན་ཞེས་བཤད་མི་འདུག་གམ། གོ་བ་ཅིག་ར་རྒྱག་མི་ཤེས་ནོ།།
དེ་ལས་ཁྱོད་ཀྱི་རྩིས་ཀྱི་འགྲོ་སྟངས་དེ་ཡག་པོ་འདུག་་་་་ཧཧཧཧཧཧཧཧཧཧཧཧཧཧ
ཀླུ་བྱམས་ཀྱིས་རྒྱ་དཀར་ནག་དཀྲུགས་ནས་འཛམ་གླིང་ལ་འགྱུར་བ་གསར་བ་ཞིག་ཁུར་ཡོང་བར་དོགས་ཀྱིན་པར་ལྟ་སྐབས། མི་འདི་རང་ག་བ་ཞིག་མ་རེད། ཨ་མདོར་ད་ལྟ་བར་དུ་མི་འདི་འདྲ་ཞིག་བྱུང་མྱོང་མེད་པ་འདྲ། སྤྱི་འཐུས་ད་ཡིན་ཤག་རེད། ད་དུང་མ་འོངས་སྲིད་སྐྱོང་ལའང་འཚམས་པོ་འདུག་སྙམ།
དྲ་གྲོགས་ཚང་མའི་བློ་སེམས་རྣལ་དུ་ཕབ་ནས་རྒྱ་ཆེ་མི་མང་གི་འདོད་པ་དང་རེ་བ་ཞིག་བཤད་དགོས་བ་རེད།
ཀླུ་མཁར་བྱམས་དང་བློ་བཟང་ཆོས་འབྱོར་གཉིས་ཀྱིས་བོད་ཕྱི་ནང་གི་བོད་མི་ལ་རྡབ་བསིགས་བཏང་བ་ནི་ཆུང་ཆུང་རྩེ་མཚར་གྱི་ཚུར་དུ་འཇོག་རུང་བ་ཞིག་མ་རེད།
མི་ངན་འདི་གཉིས་ཀྱི་ཁ་འབུར་བ་དང་བོད་ཕྱི་ནང་གཉིས་ཀྱི་གླེང་རྙོག་གི་གྱོད་དོན་ཐོག་མ་དེ་ཤར་བ་རེད། ཉིན་དེ་ནས་བཟུང་།
མྱི་ངན་འདི་གཉིས་ཀྱི་གླེང་སློང་གིས་བོད་ཕྱི་ནང་གཉིས་ཀྱི་མཛའ་མཐུན་ལག་རྡང་ལ་གཏོར་སྐྱོན་རྒྱ་ཆེན་གཏང་ཡོད་པ་རེད།
ཀླུ་མཁར་བྱམས་ཀྱིས་༧གོང་ས་རྒྱལ་བ་མཆོག་ལ་མཚན་སྨད་ཞུས་བས་བོད་ཕྱི་ནང་གི་དད་ལྡན་འགྲོ་བ་བོད་མའི་སྙིང་ལ་གྲི་བཙུག་བ་ལྟ་བུའི་ལས་བསགས་ཡོད་པ་དང་། ལས་དེ་འདྲ་བསགས་པའི་མྱི་ཞིག་ལ་བོད་ཕྱི་ནང་གི་དད་ལྡན་པ་ཚོས་ནམ་ཡང་མི་བཀུར་བས། ཁོང་ད་རེ་མདོ་སྨད་སྤྱི་འཐུས་ལ་མི་འོས་བ་ཚང་མས་ཤེས་དགོས།
(ཀླུ་མཁར་གྱིས་བཤད་རྒྱུར། ངས་མཚན་སྨད་ཞུས་བ་ནི་རང་གི་ཨ་མ་མ་གཏོགས་མྱི་སུ་ལ་ཕོག་ན་ཡང་སྡུག་སྦྱོང་ཡིན་)ཞེས། བོད་མི་སྤྱིའི་སེམས་ཁམས་ལ་དོ་ཁུར་མི་བྱེད། འདི་ཤེས་དགོས་བ་ཡིན།
བློ་བཟང་ཆོས་འབྱོར་གྱིས་རང་སྲོག་བློས་གཏོང་ཐུབ་པའི་འཆི་གསོན་གྱི་དཔའ་བོ་དཔའ་མོ་དག་གི་མྱིག་མདུན་ནས་དགྲ་དར་མགོ་ལ་ཕྱར་ནས། ཤ་མི་ཚ་བ། རུས་ལ་མི་གཏོགས་བའི་འཛམ་གླིང་དང་དགྲ་བོའི་མྱི་སྔུན་ནས་ཆེ་མདོག་དང་མཁས་མདོག་གྱིས། རང་རིགས་ཀྱི་བདེ་སྡུག་དང་བྱེད་ལས་ལ་སེམས་ཁ་མི་དཀར་བའི་མཐོང་ཆུང་དང་ཁྱད་གསོད་བྱས་ཡོད་པས། མཛུ་གུ་ལྔ་བཅང་ཁུ་ཚུར་མིན་པའི་བོད་མི་ལ་བོད་མིས་ནམ་ཡང་མྱི་གྲལ་དུ་འཇོག་པ་དང་། མྱི་གྲལ་ལ་མེད་ནི་ཞིག་གིས། བོད་ཕྱི་ནང་གི་རྒྱ་ཆེ་མི་མང་གི་ཚབ་མཚོན་མུ་ཐུབ་པས། ཁོང་ད་རེ་མདོ་སྨད་སྤྱི་འཐུས་ལ་མི་འོས་བ་ཚང་མས་ཤེས་དགོས།
(ཁུག་རྟས་བཤད་རྒྱུར། ངས་དགྲ་དར་ཕྱར་བ་ནི། དགྲ་བོ་དང་འཛམ་གླིང་གི་མྱི་ཆེན་ཚོས་དགག་པ་མ་བྱས་ན་ང་མཁས་སོ་ཞེས)། གཞན་ཕྱི་ནང་གི་བོད་མི་ནི་ལྐུག་པ་ཡིན་པས་ག་རེ་བཤད་ན་ཡང་ཡ་མི་བྱེད་པའི་བློ་ཅན་ཡིན་པས། འདི་ཤེས་དགོས།
བསམ་བློའི་འཁྱེར་ཕྱོགས་མི་བཟང་ན། ཁ་ནས་བཤད་ཤེས་བ་ཞིག་དང་ལག་པས་འབྲི་ཤེས་བ་ཙམ་གྱིས་ཅི་གང་མི་ཕན། མྱི་འདི་གཉིས་ལ་འདི་ལས་ལྷག་པའི་ཡོན་ཏན་ཞིག་མེད་པ་གསལ་བོ་རེད། ཕ་བཟང་པོ་ཞིག་གིས་བཏུལ་མེད་ནོ་དང་། མ་བཟང་མོ་ཞིག་གིས་སྐྱངས་མེད་ནོ་གསལ་པོ་རེད། བོད་སེམས་བོད་མིན་པའི་བོད་པ་ཞིག་ཡོད་ལས་མེད་ན་བཟང་།
སྔར་བྱས་ལ་འགྱོག་བཤགས་དང་ཕྱི་བྱུང་ལ་དམ་ཚིག་མ་བཟུང་བར་དུ། མྱི་འདི་གཉིས་འུད་ཚང་གི་མགོ་མགོ་གཙོ་གཙོ་ཞིག་ལ་དུད་དུ་མི་འཇུག་པ། སོ་སོའི་འོས་ཤོག་ལ་ཐུག་ཡོད་པས་ཚང་མས་ཐུགས་གཟབ་གཟབ་ངང་བོད་རྒྱལ་བའི་མྱི་སྣ་གསོ་རོགས་ཞུ་ཞུ་ཞུ།
གནམ་ཟེར་བས་ཉོན། ཀླུ་དང་བློ་གཉིས་ལ་གནམ་སའི་ཁྱད་པར་ཡོད། ཀླུ་ཡིས་བླ་རྒན་ཞེས་པ་ནི་རྒྱལ་བ་རིན་པོ་ཆེ་ཡིས་ཟམ་གདོང་རིན་པོ་ཆེ་ལའང་བླ་རྒན་ཞེས་བོས་ཡོད་པས་མཚན་སྨད་ལ་མི་འགྲོ བློ་ཡིས་དར་དམར་ཕྱར་བ་ནི་མེར་བསྲེག་དཔའ་བོ་དཔའ་མོ་རྣམས་ལ་ཆེད་དམིགས་ཀྱི་སེམས་ཤུགས་གཅོག་འདུན་ཡིན་པས། བོད་མི་སུས་ཀྱང་དང་ལེན་བྱེད་ཐབས་མེད།
ད་རེས་ཀྱི་འོས་གཅིག་དེ་ངེས་པར་དུ་ཀླུ་གར་བྱམས་ལ་སླུག་དགོས་དེ་ནི་ཀླུ་བྱམས་ལ་སྐྱོན་སྣ་གཅིག་མེད་པའི་རྒྱུ་མཚན་གྱི་མ་རེད་མདོ་སྨད་པ་ལ་མི་དེ་ལས་ལྷག་གཅིག་སྟོན་རྒྱུ་མེད་པས་རེད་
༼མདོ་སྨད་པ་ལ་མི་དེ་ལས་ལྷག་གཅིག་སྟོན་རྒྱུ་མེད་པས་རེད༽ཅེས་པ་འདི་འདྲ་བོ་ཞིག་མིན་འགྲོ ཧ་ཧ་ཧ་ཧ་ཧ།
གང་ལྟར་ད་ཐེངས་ཀླུ་མཁར་ལ་འོས་ཐོབ་རྗེས་གངས་སྐྱིད་ཀྱི་མི་མང་བོ་ཞིག་གཉིད་མི་ཁུགས་ནོ་ཁོ་ཐག་ཡིན། ཨ ཤུ་རེ་ཁོ་་་་་ཆབ་སྲིད་ཡིན་ན་འདི་་་་་་་་ཚོགས་གཙོས་སེམས་མ་སྐྱིད་ནས་ཆང་འཐུང་རྒྱུ་མང་རུ་འགྲོ་རྒྱུ་རེད། དེར་བརྟེན། གློ་བོ་འཕྲོ་བརླག་འགྲོ་ན་ཐང་། ད་ལྟད་མོ་འདུག ཤར་ཁུག་གི་བྱེའུ་སྐད་ཡང་སྐབས་དེར་ཆུང་རུར་འགྲོ་རྒྱུ་ཡིན་པ་འདྲ།
ཀེ མུག་ཕྲུག་སུ་ཞིག་གིས་ངས་བཏབ་པའི་མཆན་སུབ་སོང་། ཚོགས་གཙོས་ཨ་རག་མཚོད་ནས་སྐད་གྲགས་འཇོག་མ་ཆོག་ག་རེ་འདུག
ཉིད་ཀྱིས་མང་གཙོའི་ཐོབ་ཐང་ལོངས་སུ་སྤྱད་དེ་བསམ་ཚུལ་ལྷུག་པོར་བརྗོད་པར་རྗེས་སུ་ཡི་རངས་ཡོད།
མགོ་ཐོགས་སྙུག་ཐོགས་ཚང་མ། སྲིད་དོན་སྒྲུབ་ལ་བརྩོན་པ། རྒྱ་ནག་དམར་པོའི་གཞུང་གིས། སྲིད་དབང་འཕྲོགས་པས་ལོས་ཡིན།
སྲིད་ཀྱི་ཐོབ་ཐང་མེད་ན། འཚོ་བའི་རང་དབང་དཀོན་པས། སྲིད་ཀྱི་རང་དབང་རྩོད་རྒྱུ། བོད་མི་ཚང་མའི་འགན་ཡིན།
མྱི་ཁ་གཏོང་རྒྱུ་སླ་ཡང། མི་དོན་སྐྱོང་རྒྱུ་དཀའ་བས། མི་ཞིག་འཁྱོངས་མིན་རྩ་དོན། མི་ཚེ་གང་གི་རྐང་རྗེས།
ཉིན་རེར་གོམ་རེ་སྤོས་ནས། མི་ཚེར་ལམ་ཞིག་བཏོད་ན། ཁྱེད་ཀྱི་རྐང་ལམ་ཕྲ་མོ། གཞན་གྱི་གཞུང་ལམ་ཡིན་སྲིད།
ཀླུ་མཁར་ཁུག་རྟ་ཚངས་དབྱངས་སོགས། རྟ་བདག་མང་བའི་རྒྱུགས་རྟ་རེད། སུ་ཐོབ་ཁྱད་པར་ཆེན་པོ་མེད། རྒྱུགས་ཐག་ད་ད་རུང་དེའི་རིང་དང། རྒྱུགས་རོགས་ད་དུང་དེའི་མང་ཡོད།
ཚངས་དབྱངས་ཀྱི་དམིགས་ཡུལ་དྲུག
༡༽ རྒྱ་གཞུང་གིས་དོན་དངོས་སྦས་སྐུང་གི་འཁྱོག་བརྗོད་དང་། སྐུར་འདེབས་ཁག་གཡོགས་སོགས་ལ་དུས་ལྟར་དྲང་བདེན་གྱིས་ལན་འདེབས་བྱེད་རྒྱུ།
༢༽ རྒྱ་མི་རིགས་ལ་བོད་མིའི་གནས་སྟངས་དང་། དབུ་མའི་ལམ་དང་བོད་མིའི་སྒྲིག་འཛུགས་ཀྱི་དོན་དངོས་དགོས་མཁོ་ཁག་དུས་ནས་དུས་སུ་གསལ་བཤད་བྱེད་འདོད།
༣༽ ས་གནས་མང་ཚོགས་ཀྱི་གནས་སྟངས་དང་དཀའ་ངལ་རིགས་བཀའ་ཤག་དང་གྲོས་ཚོགས་ལ་འབུལ་རྒྱུ་སོགས་ཤུགས་སྣོན་རྒྱག་རྒྱུར་འབད་བརྩོན་ཞུ་འཆར་ཡིན།
༤༽ ད་ལྟའི་བཀའ་ཤག་གིས་གཞིས་ལུས་བོད་མིའི་གནས་སྟངས་ལ་དཔག་པའི་སྲིད་བྱུས་འཛིན་སྟངས་དང་། ལས་འགུལ་སྤེལ་སྟངས་སོགས་དོན་སྨིན་འབྱུང་བར་ཤུགས་སྣོན་དང་འབད་བརྩོན་བྱ་རྒྱུའི་ཆོད་སེམས་ཡོད།
༥༽ ད་ལྟའི་བཀའ་ཤག་གིས་འཛིན་སྐྱོང་གནང་སྟངས་སྐོར་ལ་གནད་དུ་བཟུང་ནས་ཞིབ་འཇུག་དང་། དོགས་སློང་བྱ་དགོས་ས་ཤིན་ཏུ་མང་བར་འདོད་ཡོད། དཔེར་ན། ཤེས་ཡོན་སྲིད་བྱུས་སྐོར་རེད། འདི་རིགས་ལ་བསྐྱར་ཞིབ་དང་དོགས་སློང་གི་སྒོ་ནས་འཕེལ་རྒྱས་མཐའ་དག་གི་རྩ་བ་ཤེས་ཡོན་སྲིད་བྱུས་ལ་དངོས་འབེབས་བྱེད་ཆེད་རང་ནུས་རྩལ་སྤྲུགས་བྱ་རྒྱུའི་འདུན་པ་བཅངས་ཡོད།
༦༽ མི་རིགས་འདིའི་སྲོག་རྩ་བོད་ཀྱི་སྐད་ཡིག་གི་ཉམ་ཉེས་ལ་མེར་བསྲེགས་མེར་གཏུགས་ཀྱི་འབད་རྩོལ་བསྟེན་རྒྱུའི་འཆར་སྣང་བཅངས་ཡོད།
ང་སྤྱི་འཐུས་འོས་གཞིར་ལངས་དོན་འདི་ཡིན། ཞེས་པ་ནས་བཏུས།
རྒྱ་དམར་རྩ་ཁྲིམས་འོག་གི་མེར་བསྲེག་ལས་འགུལ་དང་རྒྱ་དམར་རྩ་ཁྲིམས་ཁུར་ཏུ་བསྣམས་འདུན་འཆིང་བའི་དབུ་མའི་ལམ་གཉིས་མེ་ཆུའི་འབྲེལ་བ་ཡིན་པས། གང་དོར་ནས་གང་གི་རྗེས་སུ་འགྲངས་རྒྱུ་ཡིན་ནམ། སྤྱི་འཐུས་འོས་གཞིར་ལངས་པའི་རྐྱལ་སྟོང་ཚོ།